¡@
རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་དང་མཐུན་པའི་གོམ་པ་གཅིག་ཡིན་ཡང་སྤོ་དགོས་པ་ལས། ཕྱིར་བཤོལ་བྱ་མི་ཉེན།
དཔལ་༧རྒྱལ་དབང་ཀརྨ་པས།
¡@
དེ་རིང་འདིར་ཁྱེད་རང་ཚོ།
བལ་ཡུལ་དང་རྒྱ་གར་ཁུལ་གྱི་བཀའ་བརྒྱུད་དགོན་ཁག་བཅུ་དགུ་ཙམ་ནས་དགོན་པའི་དབུ་ཆོས་དང་། དེ་མིན་སྐུ་ཚབ་བཅས་ཕེབས་
ཡོད་པ་རེད། དེ་རིང་འདིར་ངས་ཁྱེད་རང་ཚོ་སྐད་བཏང་དོན་གཙོ་བོ་བཀའ་བརྒྱུད་སྨོན་ལམ་སྐོར་ལ་སོ་སོའི་བསམ་ཚུལ་ཏོག་ཙམ་
ཡོད་པ་དེ་བཤད་དགོས་བསམ་པ་རེད།
དེ་ལ་དང་པོ་རང་གི་ལོ་རྒྱུས་ལ་མཚོན་ན།
རང་ལོ་ཆུང་ཆུང་སྐབས་ཕ་ཡུལ་དུ་ཕྲུ་གུ་ཕལ་པ་ནང་བཞིན་འཚོ་བ་སྐྱེལ་པ་རེད། དེ་རྗེས། བཀའ་བརྒྱུད་པ་རྣམས་ཀྱིས་ཀརྨ་པའི་
མཚན་ཆེན་པོ་ཆགས་བྱས། བཀའ་བརྒྱུད་ཀྱི་དོན་ལ་བསམ་བློ་བཏང་དགོས་ཡག་རང་བཞིན་གྱིས་ཡོང་གི་ཡོད། སྤྱིར་བཏང་ང་རང་
ངོས་ནས་དྲང་པོར་བརྗོད་ན། རྗེ་བཙུན་ཀརྨ་པ་སྐུ་གོང་མ་རྣམ་པ་ཚོའི་ཐུགས་རྗེ་འཕྲིན་ལས་ལ་འགྲན་ཐུབ་ཡག་འདྲ་པོ་གང་ཡང་
མེད་ན་ཡང་། དུས་དབང་གིས་འདི་འདྲ་བྱུང་བ་རེད། ད་བཀའ་བརྒྱུད་སྨོན་ལམ་སྐོར་ལ་དངོས་སུ་སྐད་ཆ་བཤད་ན། བཀའ་བརྒྱུད་
སྨོན་ལམ་ཟེར་ཡག་འདི་ང་ཚོ་རྒྱ་གར་ལ་བསླེབས་རྗེས་བྱུང་བ་ལྟ་བུ་མ་ཡིན་པར། མི་ལོ་སུམ་བརྒྱའི་སྔོན་ནས་ཀརྨ་པ་ཆོས་གྲགས་རྒྱ་
མཚོ། དེ་བཞིན་ཀརྨ་པ་མི་བསྐྱོད་རྡོ་རྗེ། ཀརྨ་པ་དགུ་པ་དབང་ཕྱུག་རྡོ་རྗེ། ཀརྨ་པ་ཆོས་དབྱིངས་རྡོ་རྗེ་ལ་སོགས་པའི་དུས་སྐབས་
ནའང་། མཚན་བཀའ་བརྒྱུད་སྨོན་ལམ་ཞེས་དངོས་སུ་མ་སྨོས་ཀྱང་། བཀའ་བརྒྱུད་པ་ཚང་མ་རུབ་རུབ་བཟོས་ནས་སྟོན་པའི་བཀའ་
དྲིན་རྗེས་སུ་དྲན་པ་དང་། དེ་བཞིན་འཛམ་གླིང་ཁོར་ཡུག་བདེ་སྐྱིད་ལྡན་པའི་གསོལ་འདེབས་སྨོན་ལམ་གནང་བྱས་དོན་ལ་བཀའ་
བརྒྱུད་སྨོན་ལམ་འདྲ་པོ་ཡོད་འདུག དེ་ཡང་། ཀརྨ་པ་ཆོས་གྲགས་རྒྱ་མཚོའི་དུས་ལ་ཆ་བཞག་ན། སྟོན་པའི་དུས་ཆེན་བཞི་དང་
ལྷག་པར་ཆོ་འཕྲུལ་དུས་ཆེན་ལ་སྨོན་ལམ་རྒྱ་ཆེན་པོ་ཞེ་དྲག་གནང་སྲོལ་ཡོད། དེ་དུས་སྒར་ཆེན་རྟེན་ཁྲོད་ཀྱི་རྟེན་གནྡྷོ་ལས་དབུས་
པའི་རྟེན་རྫས་བསམ་གྱིས་མི་ཁྱབ་པ་དེ་དག་བཤམས། དེའི་མདུན་དུ། གསེར་སེར་པོ་དང་། གསེར་སྨུག་པོ་སོགས་འདྲ་མིན་མང་
པོའི་མཆོད་རྫས་སྔར་བོད་ཡུལ་དུ་མཐོང་ཐོས་མེད་པ་དེ་འདྲ་ཉི་མ་རེ་རེ་བཞིན་དུ་བརྗེ་ཞིང་བཤམས། དེའི་མདུན་ཀརྨ་པ་ཆོས་གྲགས་
རྒྱ་མཚོ་རང་ཉིད་སྲབ་སྟན་ནས་གུས་ཕྱག་གནང་གི་ཡོད། ཞོགས་པ་སྨོན་ལམ་གསུང་གི་ཡོད་ཅིང་དེ་སྐབས་ད་ལྟའི་ཆོས་སྤྱོད་ཆེན་མོར་
ཡོད་པའི་སྨོན་ལམ་ཆེན་མོ་དེ་རྩ་ཆེན་པོར་བརྩིས་ཏེ་ཉིད་ཀྱི་ཞིང་སྦྱོང་སྨོན་ལམ་གྱི་ཚུལ་དུ་ཉིད་རང་གི་ལྗགས་ཐོག་ནས་གསུངས།
དགོང་དྲོ། རྒྱ་བོད་ཀྱི་མཁས་གྲུབ་རྣམས་དང་ཆོས་རྒྱལ་ཚོའི་ལོ་རྒྱུས་གཏམ་བརྗོད་དང་ཟློག་གར་འདྲ་པོ་འཁྲབ་ཀྱི་ཡོད། ཆོ་འཕྲུལ་
ཟླ་བ་སྟོན་པའི་དུས་ཆེན་དང་བོད་ཀྱི་ལོ་གསར་གཉིས་འཛོམས་ཀྱི་དུས་ཆེན་ཡིན་དུས། སྐྱེས་བུ་དད་པ་ཅན་རྣམས་ནམ་རྒྱུན་ཀརྨ་པ་
ཆོས་གྲགས་རྒྱ་མཚོས་མཇལ་ཁ་ཞེ་དྲག་གནང་སྲོལ་མེད་པར་ཉི་མ་ལྔ་དྲུག་ཙམ་གྱི་ནང་ལ། ཇ་གྲལ་དུ་ཁྱུག་ཙམ་མཇལ་བ་ལས་དུས་
ཚོད་རིང་པོར་མཇལ་རྒྱུའི་སྐལ་པ་གནང་གི་མེད། སྨོན་ལམ་གསུང་བའི་ཞོགས་པར་གསུང་ཆོག་གནང་བྱས་བཞུགས་ཡུན་རིང་པོ་
ཡོད་དུས་དད་ཅན་རྣམས་ཞལ་མཇལ་ཁོ་ནའི་ཆེད་དུ་ཡོང་གི་ཡོད། སྐྱེ་བོ་ཐ་མལ་པ་དེ་ཚོ་ནི། སྒར་པ་ལོ་གསར་ཟེར་དུས་ལྟད་མོ་
ཡང་རབ་དང་ཉིང་རབ་དུ་བརྩིས་ནས་ལྟད་མོ་བལྟ་བའི་ཆེད་དུ་ཡོང་གི་རེད་ཅེས་ལོ་རྒྱུས་ནང་འཁོད་ཡོད། མདོ་དོན་ང་ཚོ་ཚང་མས་
རྗེ་བཙུན་གོང་མ་རྣམས་ཀྱི་རྗེས་འཇུག་དུ་ཁས་འཆེས་པ་ལྟར་དོན་ངོ་མའི་ཐོག་ལ་དེ་ག་ནང་བཞིན་ཡོང་ཐུབ་པ་ཞིག་དགོས་པ་ཡིན་་
དུས་རྗེ་བཙུན་གོང་མ་དེ་ཚོས་འདས་པའི་ལོ་རྒྱུས་རིང་མོའི་ནང་མཛད་པ་རྣམ་ཐར་གང་འདྲ་བསྐྱངས་འདུག དེ་ང་ཚོས་ཞིབ་འཇུག་
བྱས་རྗེས། དེང་སང་བསྐལ་ངན་འདི་འདྲའི་དུས་སུ་ཡང་། དེ་དག་ཉམས་ལེན་བྱེད་ཐུབ་དགོས་པ་ཤིན་ཏུ་གལ་ཆེ། ངས་ཀྱང་སྔོན་གྱི་
རྒྱལ་བ་གོང་མ་ཚོའི་རྣམ་ཐར་མང་པོ་བལྟས་པའི་ཉེར་ལེན་གྱིས། བཀའ་བརྒྱུད་སྨོན་ལམ་འདི་ད་ལྟ་བར་དུ་ཡག་པོ་བྱུང་བ་ཙམ་མིན་
པར། ད་དུང་། ཡག་ཐོག་ཡག་བརྩེགས་ཡར་རྒྱས་དང་ལྡན་པ་བྱུང་ན་བསམ་པ་རེད།
¡@
དང་པོ་གསུང་ཆོག་སྐོར་ལ།
དུས་རྒྱུན་བཀའ་བརྒྱུད་སྨོན་ལམ་གྱི་་ཞལ་འདོན་ཕྱོགས་སྒྲིག་དེབ་དམར་པོ་དེས་མ་འགྲིག་པ་གང་ཡང་མི་འདུག་ཏེ་ཡིན་ཡང་། ཀརྨ་
པ་ཆོས་གྲགས་རྒྱ་མཚོས་གསུང་པའི་སྨོན་ལམ་གྱི་ཆོ་ག་ཡན་ལག་ཉི་ཤུ་པ་བྱ་བ་ཞིག་ཡོད། རྗེ་བདུན་པའི་སྐབས་སྒར་གྱི་ཆོ་འཕྲུལ་
སྨོན་ལམ་སོགས་སུ་ཆོ་ག་དེ་རང་མཛད་ཀྱི་ཡོད། ངར་དེ་འདྲའི་དཔེ་རྙིང་གཅིག་ལག་པར་ཐེབས་སོང་བ་མཇལ་ཡོང་དུས་ཧ་ཅང་
ཡག་པོ་འདུག མདོ་ཆོག་རང་བྱས། སངས་རྒྱས་ཀྱི་གསུང་རང་བྱས་པ་ཞིག་ཡིན་འདུག གཞན་མ་གཏོགས་ཞལ་འདོན་ཕྱོགས་སྒྲིག་
ཁ་ཤས་ནང་རང་ལུགས་ཀྱི་ཞལ་འདོན་མང་པོ་བཅུག་ནས། སྨོན་ལམ་ལ་ཕེབས་མཁན་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པ་མང་པོ་
ཡོད་པས། ཁོང་ཚོས་ཞལ་འདོན་དེ་ཚོ་གསུང་ཡོང་དུས་དོགས་མ་བདེ་བ་ཅུང་ཟད་ཡོང་གི་ཡོད་པ་འདྲ། དེས་ན། སངས་རྒྱས་ཀྱི་
གསུང་རང་ཡིན་ན་ཚང་མས་གུས་བཀུར་ཞུ་ཡག་རེད་མ་གཏོགས་དོགས་པ་རྣམ་རྟོག་དགོས་པ་ཅི་ཡང་མེད། ཡིན་དུས་ཙ་ན། ཀརྨ་པ་
ཆོས་གྲགས་རྒྱ་མཚོས་གསུངས་པའི་ཆོ་ག་དེ་ང་ཚོས་མ་འོངས་པར་དེ་རང་འདོན་ཐུབ་ན་ཡག་པོ་འདུག ངས་ད་ལྟ་དེ་ལ་ཞུ་དག་དང་
ཕྱོགས་སྒྲིག་བྱེད་ཀྱིན་ཡོད། སྨོན་ལམ་གྱི་ཆོ་ག་ཡན་ལག་ཉི་ཤུ་པ་ཐོག་མར་གསུངས་ས་དེ་ཀོང་ཡུལ་གསའ་ཕུར་ལྷ་བབས་དུས་ཆེན་གྱི་
ཟླ་བ་དགུ་པའི་ཚེས་བཅོ་ལྔ་ནས་དབུ་བཙུགས། དེ་ཕྱིན་སངས་རྒྱས་ཀྱི་དུས་ཆེན་ག་དུས་ཡིན་ཡང་ཆོ་ག་དེའི་ཐོག་ནས་ཐུགས་སྨོན་
མཛད་ཀྱི་ཡོད། དེ་ཐམས་ཅད་ལ་འཇའ་གུར་མེ་ཏོག་གི་ཆར། ཀོང་པོར་རྒོད་མི་འོང་ཡང་རྒོད་ཀྱི་བསྐོར་བ་བྱེད་པ། ས་གཞིར་
མེ་ཏོག་སྐྱེ་བ། ཆར་དྲི་ཞིམ་པོ་ཅུང་ཟད་འབབ་པ་སོགས་ངོ་མཚར་རེ་རེ་བཞིན་དཔག་ཏུ་མེད་པ་བརྗོད་ཀྱིས་མི་ལང་བ་འབྲིར་མི་ཐུབ་
པ་དེ་འདྲ་ཡོད་ཅེས་ཆོས་འབྱུང་མཁས་པའི་དགའ་སྟོན་དང་ཀཾ་ཚང་ཆོས་འབྱུང་སོགས་སུ་གསུངས་ཡོད། དེས་ན་ང་ཚོས་རྩ་བའི་
གསུང་ཆོག་དེའི་ཐོག་ནས་བྱས། དེ་སྟེང་ལྷན་ཐབས་ཐོལ་པ་འགའ་ཤས་སྦྱར་ཡག་ཡོང་སྲིད་ཀྱི་རེད། དཔེར་ན། སྔོན་སངས་རྒྱས་ཀྱི་
བསྟོད་པ་རྒྱ་གར་གྱི་སློབ་དཔོན་ཚོས་མཛད་པ་ལས་གྲགས་ཆེ་བ། ཁྱད་པར་འཕགས་བསྟོད། ལྷ་ལས་ཕུལ་བྱུང་། བསྔགས་འོས་
བསྔགས་བསྟོད། བསྟོད་པ་བརྒྱ་ལྔ་བཅུ་པ་སོགས་བསྟོད་ཆེན་དེ་རིགས་འདོན་ཐུབ་ན་ཡག་པོ་ཡོད་པར་བསམ། དེ་བཞིན་ང་ཚོས་ནམ་
རྒྱུན་སྨོན་ལམ་ལ་ཞབས་བརྟན་གསུང་ཙ་ན། མང་ཆེ་བ་ཀཾ་ཚང་གི་དེ་དག་གསུངས་ཀྱི་ཡོད། དེ་དགོས་དགོས་པ་རེད་དེ། སྔོན་མ་
ཡིན་ན་ཀཾ་ཚང་སྨོན་ལམ་ཟེར་བ་མ་གཏོགས་མེད། ད་ལྟ་བཀའ་བརྒྱུད་སྨོན་ལམ་ཞེས་མིང་རྫིག་པོ་ཞིག་བཏགས་ཚར་དུས་གསུང་ཆོག་
དེ་ཡང་རླབས་ཆེན་ཞིག་མེད་ན་མིང་ཆེ་དོན་སྟོང་། མིང་དོན་མ་མཚུངས་པ་ཞིག་ཡོང་ས་རེད། ང་ཚོས་བཀའ་བརྒྱུད་སྨོན་ལམ་དེ་
རིས་མེད་ཀྱི་བསྟན་པ་རྒྱས་པའི་ཆེད་དུ་དང་། ལྷག་པར་བཀའ་བརྒྱུད་ཀྱི་བསྟན་པ་རྒྱས་པའི་ཆེད་དུ་ཚུགས་ཀྱི་ཡོད། ང་ཚོས་འབྲི་
འབྲུག་སྟག་ལུང་སོགས་ཀྱི་བླ་མ་བསྟན་པའི་བདག་པོ་དེ་ཚོའི་ཞབས་བརྟན་གསུངས་དགོས་ཡག་རེད། དེ་མིན་ཕྱོགས་ཞེན་ལྟ་བུ་
ཆགས་ཏེ་བཀའ་བརྒྱུད་ཀྱི་མཐུན་སྒྲིལ་ལ་གནོད་པའི་བཟོ་འདུག དེ་དང་མཉམ་དུ་གསུང་ཆོག་གསུང་དུས་ཀྱི་དབུ་མཛད་ནི་གནས་
སྐབས་རིང་ཀཾ་ཚང་གི་གདན་ས་ཆེན་མོ་རུམ་བཏེག་དང་ཤེས་རབ་གླིང་གཉིས་ཡིན་དུས། དེ་གཉིས་ཀྱི་དབུ་མཛད་ཁྲི་པ་གཉིས་ནས་
ཉིན་རེ་མོས་ཀྱིས་སྨོན་ལམ་དབུ་མཛད་གནང་དགོས། དེ་སྐབས་ཀྱི་གསུང་ཆོག་གནང་སྟངས་སྐོར་དུས་རྒྱུན་དང་མི་འདྲ་བ་ཅུང་ཟད་
ཡོད་པས་ངས་རྗེས་མར་བསླབ་དགོས་བསམ་གྱི་ཡོད།
¡@
གཉིས་པ་ཚོགས་སྒྲིགས་ཀྱི་སྐོར་ལ་བཤད་ན།
ངེད་ཅག་ཚང་མ་སྟོན་པ་སངས་རྒྱས་ཀྱི་རྗེས་སུ་འཇུག་པ་ཡིན་པས་སྟོན་པའི་བསླབ་པ་གསུམ་ལ་བརྩི་བཀུར་བྱེད་དགོས། རབ་བྱུང་
ཡིན་ན་རབ་བྱུང་གི་ཁྲིམས་ལ་བརྩི་བསྲུང་བྱེད་དགོས། དགེ་བསྙེན་ཡིན་ན་དགེ་བསྙེན་གྱི་ཁྲིམས་ལ་བརྩི་བསྲུང་བྱེད་དགོས། དེས་ན་
བཀའ་བརྒྱུད་སྨོན་ལམ་ལ་ཕེབས་མི་དགེ་སློང་དང་དགེ་ཚུལ་སོགས་ཀྱང་ཡོད་དང་ཡོད་རེད་དེ་ཡིན་ཡང་། སོ་སོའི་རྟགས་ཚང་བ་
ཅིག་ཕལ་ཆེར་ཡོང་གི་མེད་པ་འདྲ། དཔེར་ན་དགེ་སློང་ཡིན་ཡང་སྣམ་སྦྱར་ཕལ་ཆེ་བ་ལ་ཡོད་པ་མ་རེད། མཐང་གོས་མེད་པ་མང་།
ལྷུང་བཟེད་མེད་པ་མང་བས་གནས་སྟངས་སྐྱོ་པོ་འདུག སྔར་གྱི་བཀའ་བརྒྱུད་གོང་མའི་དགོན་སྡེ་ཚོའི་བཅའ་ཡིག་ནང་དགེ་སློང་
ཡིན་ཚད་ལ་ཆོས་གོས་རྣམ་པ་གསུམ། གདིང་བ། ལྷུང་བཟེད། དེ་དག་ཡིན་ཅིག་ཚང་དགོས་ཀྱི་རེད་གསུངས་འདུག་ལ། དེ་ཡང་
ཀརྨ་པ་མི་བསྐྱོད་རྡོ་རྗེས། ཀརྨ་གཞུང་ལུགས་གླིང་གི་བཅའ་ཡིག་ཏུ་དགེ་འདུན་གྱི་སྡེ་འདིར་ཆོས་གོས་རྣམ་པ་གསུམ། ལྷུང་བཟེད།
གདིང་བ། ཆུ་ཚགས་སོགས་ཆོས་འདི་པའི་རྟགས་ཅིས་ཀྱང་ཚང་བར་བྱེད་དགོས་ཞེས་ནན་ཏན་བཀའ་བསྩལ་ཡོད་པ་རེད། དེས་ན་
ང་ཚོའི་བཀའ་བརྒྱུད་སྨོན་ལམ་ཚུགས་དུས་སྔོན་ལ་དགེ་ཚུལ་མང་པོ་ཡོད་སྟབས་དེ་དག་ལ་མགྱོགས་མྱུར་གྲ་སྒྲིག་མ་ཐོན་ཡང་དགེ་་་
སློང་དེ་དག་ལ་ཆོས་གོས་རྣམ་གསུམ། ལྷུང་བཟེད། གདིང་བ་བཅས་ངེས་པར་ཚང་དགོས་ཀྱི་འདུག དེ་ཐོག་ཟླ་གམ་གཅིག་དགོས་
མཁོ་འདུག གང་ཡིན་ཟེར་ན་རྡོར་གདན་དུ་སྔ་དགོང་གནམ་གཤིས་གྲང་མོ་ཡོད་སྟབས་སྟོད་གོས་གྱོན་ན་མི་འགྲིག གཟན་བསྟུམས་
བྱས་ན་ཡག་པོ་མེད་སྟབས་ཟླ་གམ་གཅིག་ཡོད་ན་དྲོ་དྲོ་མོ་སྐྱིད་སྐྱིད་མོ་ཞིག་ཡོང་གི་རེད་ལ་ལུགས་དང་མཐུན་པ་ཞིག་ཀྱང་རེད།
ཆོས་གོས་རྣམ་པ་གསུམ་ནི། བླ་གོས། མཐང་གོས། སྣམ་སྦྱར་བཅས་ཡིན། དེ་དག་དགོས་པ་གལ་ཆེན་པོར་མཐོང་ནས་ཁྱེད་རང་ཚོ་
དགོན་པ་སོ་སོའི་སྐུ་ཚབ་སྐད་བཏང་ནས་ངས་ཀྱང་ཞལ་འདེབས་ཅུང་ཟད་ཕུལ་ཏེ་དགོན་པ་སོ་སོའི་དགེ་སློང་དེ་དག་ལ་མཐང་ཤམ།
ཆོས་གོས། སྣམ་སྦྱར་དང་ད་དུང་དངོས་གནས་བྱས་ན་མཐང་ཤམ་གྱི་ནང་དུ་ཤམ་ཐབས་གྱོན་དགོས་པ་རེད་དེ་ང་ཚོས་ད་ལྟ་གྱོན་
བཞིན་པའི་ཤམ་ཐབས་འདི་མཐང་ཤམ་གྱི་འོག་ཏུ་གྱོན་དགོས་ན་འཐུག་པོ་ཆགས་ཀྱི་རེད། དེའི་ཚབ་ལ་ང་ཚོས་སྨད་གཡོག་ལྟ་བུ་
ཞིག་གྱོན་ན་བསམ་གྱི་འདུག དེ་ཚོའི་ཁ་དོག་ཀྱང་རུང་བའི་ཁ་དོག་གསུམ་དུ་གསུངས་པས། ངས་སང་ཉིན་ཁ་དོག་གི་དཔེ་མཚོན་
ཞིག་ཁྱེད་ཚོར་སྤྲད་ཡོང་། ཆོས་གོས་རྣམ་གསུམ་བསྣབས་ལུགས་ཀྱང་ལུགས་མཐུན་ཞིག་དགོས་ཀྱི་ཡོད། དེ་ཡང་ཀརྨ་པ་མི་བསྐྱོད་
རྡོ་རྗེས་ཆོས་གོས་རྣམ་གསུམ་ཟླུམ་པོར་བགོ་བ་ལས། གཞན་ཁ་བསྟུམས་དང་། ཟུར་དཀྲིས་དང་། གཤལ་གྱོན་བྱེད་མི་ཆོག་པར་
གསུང་འདུག ལྷག་པར་ཤམ་ཐབས་དང་མཐང་གོས་དག་རྐང་པའི་བོལ་སྟེང་དུ་སླེབ་ཙམ་ལས་དེ་ལས་འཇོལ་བར་མི་བྱེད། སྟོད་
འགག་སོགས་ཀྱང་སྐ་རགས་ཀྱི་ནང་དུ་ཚུད་པར་བྱ། འདུལ་བ་ལས་ཡོ་བྱད་བྱིན་རླབས་གསུངས་པ་ལྟར། དགེ་སློང་སོ་སོའི་སྣམ་སྦྱར་
སོགས་ལ་བྱིན་རླབས་ཞུ་དགོས་པས། བཀའ་བརྒྱུད་སྨོན་ལམ་ཚུགས་སྐབས། ངའི་རེ་བ་ལ་དགེ་སློང་ཚང་མ་ཞོགས་ལྟར་ཐེག་ཆེན་
གསོ་སྦྱོང་ལེན་རྒྱུ་དང་། དེ་ཐོག་དགེ་སློང་མ་ཡིན་པ་དང་། དགེ་ཚུལ་དང་ཁྱིམ་པ་ཕོ་མོ་རྣམས་ནས་ཀྱང་མོས་བློ་ཡོད་ན་རང་འདོད་
བཞིན་གསོ་སྦྱོང་ལེན་ཆོག་པ་དང་། ཕྱི་དྲོའི་ཁ་ཟས་སྤོངས་བར་མཛད་དགོས། ཉིན་དང་པོའི་གསོ་སྦྱོང་སྐབས་གསོ་སྦྱོང་གནང་མཁན་
འདུས་ཚོགས་དེའི་ནང་ནས་དགེ་སློང་བསླབ་པ་བགྲེས་པ་བཞི་སྡེ་ཞིག་ནས་ཐེག་ཆེན་གསོ་སྦྱོང་གནང་རྒྱུ་དང་། དེ་དང་དུས་མཚུངས་
ཡོ་བྱད་བྱིན་རླབས་གནང་རྒྱུ་ཡིན། ཚོགས་ལ་ཕེབས་སྐབས། དགེ་སློང་རྣམས་ཀྱིས་མཐང་ཤམ་དང་མཐང་ཤམ་གྱི་གཟན་གྱོན།
རྔུལ་གཟན་གྱི་སྟེང་དུ་ཆོས་གོས་ཟླུམ་པོར་བགོས། སྣམ་སྦྱར་ཕྲག་པར་གཟར། ཟླ་གམ་རྒྱབ་ཏུ་གྱོན། རྩེ་ཞྭ་དང་ལྷུང་བཟེད་བསྣམས་ཏེ།
གྲལ་ཕྱག་གསུམ་བཅས་ཚོགས་གྲལ་དུ་འཁོད། གསུང་ཆོས་ལ་ཕེབས་སྐབས་ལའང་སྣམ་སྦྱར་ཕྲག་ཏུ་གཟར། ཆོས་གོས་ཟླུམ་པོར་བགོ་
བ་ལས་གཞན་ལྷུང་བཟེད་དང་ཟླ་གམ་དབུ་ཞྭ་སོགས་བསྣམས་མི་དགོས། བླ་མ་ཕེབས་སྐབས་དབུ་ཞྭ་གུས་པ་དང་བཅས་པས་ལག་ཏུ་
འཛིན། བཞུགས་དུས་གཡས་ཕྱོགས་སུ་བཞག ཚོགས་ཚུགས་སྐབས་དང་གསུང་ཆོས་ཞུ་སྐབས་རང་ཉིད་ཆབ་གསང་སོགས་ཀྱི་ཆེད་དུ་
གཞན་དུ་འགྲོ་དགོས་འཁེལ་ན། མ་འགྲོ་གོང་ལ་དགོངས་ཞུའི་ཚུལ་དུ་ཕྱག་གསུམ། ཕྱིར་འཁོར་ནས་བཟོད་གསོལ་གྱི་ཆེད་དུ་ཕྱག་
གསུམ་འཚལ་དགོས་པ་རྒྱུད་ལས་གསུངས། ང་ཚོས་དུས་རྒྱུན་བསྣབས་པའི་ཞྭ་ཁྲ་དེར་སྔར་སྒོམ་ཞྭ་ཞེས་སྒོམ་ཆེན་ཚོས་མ་གཏོགས་
མི་བསྣབས་པ་འདྲ། རྩེ་ཞྭ་དགོས་པ་ནི་ཀརྨ་པ་མི་བསྐྱོད་རྡོ་རྗེས་གྲྭ་ཚང་ཚོའི་བཅའ་ཡིག་ཏུ་གཙུག་ཞྭ་ངེས་པར་དགོས་གསུངས་འདུག་
ཅིང་། སྔར་གདན་ས་མཐིལ་སོགས་སུ་རྩེ་ཞྭ་བསྣབས་པའི་རྒྱུ་མཚན་གྱིས་ཡིན། ཚོགས་ལ་བཞུགས་པའི་སྐབས་སུ་སྔོན་གྱི་བཅའ་ཡིག་
འགའ་ཞིག་ལས། རྣམ་སྣང་ཆོས་བདུན་དང་ལྡན་པར་གསུངས་ཀྱང་དེ་འདྲ་བྱེད་ཁག་པོ་ཡིན་པས། དེ་དང་ཆ་མཐུན་ཞབས་སེམས་
དཔའི་སྐྱིལ་ཀྲུང་། ཕྱག་མཉམ་བཞག སྒལ་ཚིགས་མདའ་ལྟར་བསྲང་། མགྲིན་པ་ཨོལ་མདུད་ནོན་ཙམ་དུ་བཀུག མིག་སྣ་རྩེར་ཕབ།
རབ་བྱུང་ན་བྱང་ཆུབ་ཀྱི་སེམས་དང་ཕྱག་རྒྱ་ཆེན་པོ་ལས་མ་གཡོས་པར་ཆོས་སྤྱོད་ཀྱི་རིམ་པ་ལ་འཇུག་ནས་འདོན་སྒོམ་སྦྲགས་མ་བྱེད་
དགོས་ཀྱང་། བརྒྱ་ལ་དེ་ལྟར་མ་བྱུང་ན་འདོན་པ་འདོན་སྐབས་སྐད་ཆ་བཤད་པ་དང་། ཁ་གཡེང་མིག་གཡེང་བྱས་པ་སོགས་སྤངས་
ནས་འདོན་པ་ཡག་པོ་ཞིག་གསུང་རྒྱུ་གལ་ཆེ་བ་ཡིན། དེ་མིན་འདོན་པ་འདོན་པ་མེད། སྒོམ་སྒོམ་མེད་པའི་གསུང་ཆོག་དེ་འདྲས་
རང་གཞན་བསླུས་པ་ཡིན། ཚོགས་གྲལ་གྱི་སྒྲིགས་འདི་དགེ་སློང་ཁོ་ན་མིན་པར་དགེ་ཚུལ་དང་། དགེ་བསྙེན་སོགས་ནས་ཀྱང་དེ་ལྟར་
དགོས་པ་རེད། ད་དུང་ཚོགས་གྲལ་དུ་སྐྱིལ་ཀྲུང་པུས་གཤིབས་ཀྱིས་སྡོད་དགོས་པར་གསུངས་པ་ལྟར་རྒྱབ་མདུན་ཆ་མ་སྙོམས་པས་
མི་མཛེས་པ་མིན་པར། གྲལ་དྲང་པ་དང་གུ་ཡངས་སུ་བཞུགས་ནས། ཇ་འདྲེན་དགེ་བསྐོས་སོགས་ཕེབས་ལམ་རྒྱ་ཆེ་བ་ཞིག་དགོས།
ཚོགས་སུ་བསླབ་པ་རྒན་གཞོན་གྱི་རིམ་པས་བཞུགས་པ་ལས་འདུལ་བ་དང་མི་མཐུན་པའི་གྲལ་གྱི་གོ་རིམ་མི་བཟོ། དགེ་སློང་རྣམས་
ནས་གསོལ་ཇ་མ་མཆོད་པའི་གོང་དང་ཕྱག་འགྱེད་མ་བཞེས་པའི་སྔོན་དུ་ཐལ་མོ་སྦྱར་ཏེ་ཡོན་སྦྱོང་བའི་གཟུངས། ན་མོ་བྷ་ག་བ་ཏེ།
སུ་མེ་རུ་ཀལྤ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀ་སམ་བུདྡྷཱ་ཡ། ཏདྱ་ཐ། ཨོཾ་ཀལྤེ་ཀལྤེ་མ་ཧཱ་ཀལྤེ་ཀལྤེ་པ་རི་ཤོ་དྷ་ནི་སྭ་ཧཱ། ཞེས་
གསུངས་ནས་ལག་པ་གཉིས་ཀྱིས་གུས་པ་དང་བཅས་པས་ཕྱག་འགྱེད་དང་བཞེས་ཕོར་ལེན་དགོས་པ་ལས་མ་གུས་པ་མི་བྱ། སྔགས་
འདི་དགེ་སློང་ཚོས་བློ་འཛིན་བྱས་ཏེ་དཀོར་ཟས་ཀྱི་ཉེས་པ་སྦྱོང་བ་ལ་འབད་དགོས།
¡@
གསུམ་པ་བཞུགས་སྟན་གྱི་སྐོར་ལ་བཤད་ན།
ཀརྨ་པ་ཆོས་གྲགས་རྒྱ་མཚོའི་སྐུ་དུས་སུ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སོགས་ཚུགས་སྐབས། ཀརྨ་པ་ཆོས་གྲགས་རྒྱ་མཚོ་རང་ཉིད་སྲབ་
སྟན་ལས་ཁྲི་ཐོག་ཏུ་བཞུགས་སྲོལ་ཡོད་པ་མ་རེད། དེ་བཞིན་ང་ཚོས་ཀྱང་ནང་པའི་གནས་ཆེན་རྡོ་རྗེ་གདན་གྱི་མདུན་དུ་ཕྱག་མཆོད་
སྨོན་ལམ་བྱེད་སྐབསཁྲི་མཐོ་བོ་ཞིག་རྒྱབ་ནས་འདུག་དུས་ཅུང་ཟད་མ་ལེགས་པ་མཐོང་བས། བཀའ་བརྒྱུད་གོང་མའི་མཛད་སྲོལ་ལྟར་
ང་རང་ནས་གཙོས་ཚང་མས་གདིང་བ་ཙམ་ཞིག་བཏིང་ནས་འདུག་རྒྱུ་དང་། ཆོས་འཆད་པ་དང་། དབང་བསྐུར་བའི་དུས་སུ་
འཆད་པ་པོ་ལ་ཆོས་ཀྱི་ཆེ་བ་འདོན་པའི་ཕྱིར་ཁྲི་ཞིག་རྒྱབ་ན་རུང་། འགའ་ཤས་ཀྱིས་བཀའ་བརྒྱུད་ཀྱི་བསྟན་པ་ཡར་འགྲོ་དགོས་པ་
མ་གཏོགས་ཁྲི་ཕབ་ན་མི་ལེགས་པ་སོགས་ཀྱི་དགོངས་ཚུལ་ཡོང་སྲིད་མོད། སྔར་རང་རེ་བཀའ་བརྒྱུད་ཀྱི་བསྟན་པ་བཤད་སྒྲུབ་ལས་
གསུམ་དར་བའི་སྐབས་སུ་ཡང་དེ་འདྲ་གནང་ཡོད་འདུག་ཅིང་། རྒྱལ་བ་གོང་མ་རྣམས་ཀྱི་ཞེན་ལོག་དང་ཁེངས་སྐྱུངས་ཀྱི་རྣམ་ཐར་
དང་མཐུན་པས་བཀའ་བརྒྱུད་ཀྱི་བསྟན་པ་དར་བ་ལ་ཕན་པ་མ་གཏོགས་གནོད་མི་སྲིད་པས་རྣམ་རྟོག་མི་བྱ། དེ་བཞིན་དགོན་པ་
སོ་སོའི་དགེ་བསྐོས་རྣམས་ལ་ལས་འགན་ཆེན་པོ་ཡོད། དགེ་བསྐོས་གདན་ཞིག་གི་སྟེང་དུ་བཞུགས་བསྡད་ན་གཡས་གཡོན་གྱི་སྒྲིགས་
ལམ་ག་འདྲ་བྱུང་མིན་རིག་རྒྱུ་མ་རེད། དེ་ལས་གྲལ་སོ་སོར་སྐོར་གཡེང་གནང་སྟེ་ཕེབས་དགོས། དང་པོ་ཚོགས་ཚུགས་དུས་དགེ་
བསྐོས་སམ་དགེ་གཡོག་རྣམས་ནས་དགོན་པ་སོ་སོའི་དགེ་འདུན་པ་ཚོའི་མིང་ཐོ་གཤེར་ཏེ་ཚང་ཡོད་མེད་བལྟ་དགོས། དེ་མིན་གྲྭ་པ་
མང་པོ་ཚོགས་མ་ཚུགས་པར་ཕྱི་ལོག་ཏུ་འཁྱམས་ནས་འགྲོ་ཡི་འདུག དགེ་བསྐོས་ཚོས་གཙོ་བོ་ཚོགས་གྲལ་གྱི་སྒྲིགས་ལ་ལྟ་རྟོག་བྱ་
དགོས། སྒྲིགས་དང་འགལ་བ་བྱུང་ན་ལམ་སེང་ཕྱག་མ་བཀྱག་པར་ཐད་ཀར་བཀའ་སློབ་གནང་དགོས། ཁྲོམ་དཀྱིལ་དུ་བརྡུང་ན་
མི་མཛེས་པ་རེད། དེང་སང་གྲྭ་པ་མང་པོས་ལྷམ་འདྲ་མིན་སྣ་ཚོགས་གྱོན་ཡོང་གི་འདུག དེ་ཁྱད་མཚར་ཞིག་དང་མིག་ལྟོས་ཡག་པོ་
ཅིག་ཡོང་ས་མ་རེད། དེ་ཐད་ལུགས་མཐུན་གྱི་ལྷམ་བསྣབས་དགོས་པའི་དམ་བསྒྲག་དགོས་པ་འདུག དགེ་སློང་དགེ་ཚུལ་སོགས་ནས་
དབུ་སྐྲ་བཞར་བ་ལས་རིང་པོར་མི་འཇོག
¡@
མདོར་ན། ཁྱེད་རང་ཚོས་ངས་གོང་དུ་ཞུས་པ་དེ་ཚོ་ཐུགས་ལ་ཡག་པོ་བཞག ང་རང་ཡང་རྗེ་བཙུན་ཀརྨ་པ་སྐུ་གོང་མ་རྣམས་རང་
ཉིད་ཀྱི་བླ་མ་ནང་བཞིན་གྱི་འདུ་ཤེས་བཞག་པ་ལས། སོ་སོ་ཀརྨ་པ་ཡིན་བསམ་པའི་འདུ་ཤེས་ཀྱིས་ང་རྒྱལ་ཁེངས་དྲེགས་སོགས་ནི་
ངའི་མི་ཚེར་འཛིན་མྱོང་མེད་ཟེར་ནའང་འགྲིག་པ་ཡོད། བླ་མ་དེ་རྣམས་ཀྱི་མཛད་འཕྲིན་ལ་ཞབས་འདེགས་ཞུ་ཐུབ་པ་དང་།
དེ་ཙམ་དུ་མ་ཟད་བཀའ་བརྒྱུད་གོང་མ་ཚོའི་མཁས་ཤིང་གྲུབ་པའི་རྣམ་ཐར་གཙང་མ་སྙིགས་མའི་དུས་འདི་འདྲར་ཡང་འཛིན་སྐྱོང་
སྤེལ་གསུམ་བྱེད་ཐུབ་དགོས་པ་དེ་ངའི་ལས་འགན་རེད། ང་ཙམ་མ་ཟད་ང་ཚོ་ཚང་མའི་ལས་འགན་རེད། དེར་བརྟེན་ཁྱེད་རང་
ཚོས་ཀྱང་ལྷག་བསམ་དང་སེམས་ཤུགས་མ་ཆགས་པ་བྱས་ནས། སངས་རྒྱས་ཀྱི་བསྟན་པ་དར་རྒྱས་ཡོང་བ་དང་། བཀའ་བརྒྱུད་ཀྱི་
བསྟན་པ་དར་རྒྱས་ཡོང་བ་ལ་འབད་བརྩོན་ཆེན་པོ་བྱ་དགོས། ལྷག་པར་དུ་སྨོན་ལམ་སྐབས་དགེ་སྦྱོང་གི་རྟགས་ཚང་བ་དང་། ཀུན་
སློང་ཀུན་སྤྱོད་སོགས་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་དང་མཐུན་པའི་གོམ་པ་གཅིག་ཡིན་ཡང་སྤོ་དགོས་པ་ལས། ཕྱིར་བཤོལ་
བྱ་མི་ཉེན། བསྐལ་ངན་དུས་ངན་རེད་བསམ་ནས་མ་བསྡད་པར་ལྷག་པར་བློ་རྒྱ་བསྐྱེད་དགོས། ང་ཚོ་བཀའ་བརྒྱུད་པ་ཚང་མས་
བཀའ་བརྒྱུད་སྤྱི་ཡི་དོན་དེ་རང་དོན་ཡིན་བསམ་པའི་སེམས་འཁུར་ལེན་ཏེ། བསྟན་པ་སྤེལ་བ་ལ་འཕྱར་བ་གྲུ་འདེགས་པ་ལས།
རང་གི་བཀའ་བརྒྱུད་དེ་བཀའ་བརྒྱུད་ཡིན་བསམ་པ་དང་། མིའི་བཀའ་བརྒྱུད་བཀའ་བརྒྱུད་མིན་བསམ་པའི་ལྟ་སྟངས་འཛིན་ན་
ཆོས་སྤོངས་སུ་འགྱུར་བ་དང་། བཀའ་བརྒྱུད་ཀྱི་ཞབས་འདྲེན་དུ་འགྲོ་བ་ལས་རྒྱན་དུ་ཆེ་བ་མ་ཡིན། སྤྱིར་བོད་གངས་ཅན་གྱི་
ནང་པའི་ཆོས་བརྒྱུད་མཐའ་དག་ཆོས་བརྒྱུད་མ་འདྲེས་པ་གཅིག་ཀྱང་མེད་ཚང་མ་རྒྱལ་བ་རྡོ་རྗེ་འཆང་ནས་བརྒྱུད་པ་ཞེ་གཅིག་ཡིན།
དེ་ལ་འཐེན་འཁྱེར་བྱས་ན་དམ་ཚིག་ཉམས་པ་ཡིན། དེ་དགེ་མཚན་དུ་རློམ་པ་བདུད་ཀྱིས་བསླུས་པ་ཡིན། དེས་ན། མ་འོངས་པར་
བཀའ་བརྒྱུད་ཀྱི་བླ་ཆེན་གཞན་དག་ཀྱང་བཀའ་བརྒྱུད་སྨོན་ལམ་ལ་ཕེབས་ཐུབ་པའི་ཡིད་ཆེས་ཆེན་པོ་ཡོད། ངས་བསམ་བློ་འདྲ་
མིན་བཏང་དགོས་པ་འདེ་གཅིག་བྱས་ན་ཁྱེད་རང་ཚོའི་བསམ་བློར་ཕྲུག་གུའི་བསམ་སྟངས་ལྟ་བུ་དང་། གཉིད་མ་ཁུགས་པའི་
ལས་ཀ་ལྟ་བུ་མང་པོ་བྱེད་ཀྱི་འདུག་བསམ་པ་ཡོད་སྲིད་ཀྱང་། སྤྱིར་བཏང་རང་ཉིད་སོ་སོའི་སྐྱེ་བོར་སོང་རང་གི་བྱས་ཚད་ཆོས་དང་
མཐུན་པ་ཞིག་ཡོང་མིན་ཐེ་ཚོམ་ཡང་། གང་ཐུབ་ཐུབ་ཆོས་ལ་འགྲོ་བའི་དམིགས་འདུན་བཅང་ནས་ལས་ཀ་དེ་དག་བརྩམས་པ་ཡིན།
དེས་རྒྱལ་བ་ཐམས་ཅད་ཐུགས་མི་དགྱེས་པ་མེད་པ་དང་། མ་འོངས་པའི་བཀའ་བརྒྱུད་ཀྱི་རྗེས་འཇུག་ཚོའི་མིག་ལྟོས་བཟང་པོར་
འགྱུར་བའི་རེ་བ་ཡིན། ཐུགས་རྗེ་ཆེ།། །།
¡@