|
བཀའ་བརྒྱུད་སྨོན་ལམ་སྐབས་ཉེར་དྲུག་པའི་ཉིན་བརྒྱད་པའི་མཛད་རིམ།
¡@
༡༽ བཀའ་བརྒྱུད་སྨོན་ལམ་ཉིན་མཐའ་མའི་ཞོགས་ཚོགས་ཀྱི་མཛད་རིམ།
ཕྱི་ལོ ༢༠༠༩ ཕྱི་ཟླ་དང་པོའི་ཕྱི་ཚེས་བཅུ་གཅིག་ཉིན་འགྲོ་མགོན་བཀའ་བརྒྱུད་པའི་སྨོན་ལམ་ཉིན་མཐའ་མར་ཡིད་ནོར་མཆོག་
ཞོགས་པ་ཕྱག་ཚོད་དྲུག་པའི་ཐོག་གང་གི་བཞུགས་གནས་གཏེར་སྒར་དགོན་ནས་མཆོད་རྟེན་རིན་པོ་ཆེའི་སྤྱན་སྔར་ཞབས་སོར་
འཁོད་དེ་དགེ་ཚུལ་སློང་རྣམས་ལ་སྔ་དྲོའི་གསོ་སྦྱོང་གི་བསླབ་སྡོམ་བསྩལ། དེ་མཇུག་འཕགས་པའི་གནས་བརྟན་བཅུ་དྲུག་གི་
ཕྱག་མཆོད་ཞལ་འདོན་དབུ་འཛུགས་བསྐྱངས། གཞན་ཡང་མཚུར་ཕུ་བླ་བྲང་དང་བཀའ་བརྒྱུད་སྨོན་ལམ་ཚོགས་པ་ཐུན་མོང་
ནས་མ་ཧཱ་བོ་དྷི་ནང་པའི་ཆོས་ཚོགས་ཀྱི་དབུ་འཛིན་སྣང་མཛད་རྡོ་རྗེ་ལགས་ཀྱང་ཚོགས་ཞུགས་སྐུ་མགྲོན་དུ་གདན་འདྲེན་ཞུས།
¡@

༧ཡིད་ནོར་མཆོག་ནས་འདུས་སྡེ་ཡོངས་ལ་གསོ་སྦྱོང་སྡོམ་པ་སྩོལ་བཞིན་པ།

༧ཡིད་ནོར་མཆོག་ནས་ལེགས་སྦྱར་སྐད་ཐོག་སྨོན་ལམ་གསུང་བཞིན་པ།
༢༽ དགེ་སློང་རྣམས་བསོད་སྙོམས་ལ་ཕེབས་པ།
ཞོགས་པ་ཆུ་ཚོད་བཅུ་པའི་ཐོག་འདི་ལོ་སྨོན་ལམ་དུ་ཚོགས་ཕེབས་མཛད་པའི་དགེ་སློང་ལྔ་བརྒྱ་ལྷག་གིས་ཕྱག་ཏུ་ལྷུང་བཟེད་
ཐོགས་ཏེ་སྔར་བདག་ཅག་གི་སྟོན་པ་འཇིག་རྟེན་དུ་འཚོ་ཞིང་གཞེས་པའི་སྐབས་ཀྱི་བསྐལ་བཟང་ཇི་ལྟ་བ་བཞིན་དུ་མཆོད་རྟེན་
རིན་པོ་ཆེའི་ཕྱི་སྐོར་དུ་ཚར་དུ་དངར་བའི་གྲལ་གྱིས་བསྟར་ཏེ་བསོད་སྙོམས་ལ་གཤེགས་སྐབས་ཕེབས་ལམ་དུ་ཕྱི་ནང་གི་དད་
ལྡན་བསོད་སྙོམས་འབུལ་མི་གྲངས་ལས་འདས་པ་འབུལ་ཡུལ་མ་རྙེད་པར་ཕན་ཚུན་འཚང་ཀ་ཤིག་ཤིག་གིས་རང་གི་བསོད་
ནམས་ཀྱི་ཚོགས་གསོག་སླད་རྣམ་དཀར་གྱི་བགྱི་བར་སྤྲོ་བས་འཇུག་བཞིན་པའི་སྐབས་ས་གནས་རྒྱ་གར་གྱི་ཡུལ་མི་རྣམས་ཀྱང་
དད་པའི་མིག་མི་འཛུམ་པར་ཡང་ནས་ཡང་དུ་ལྟ་བར་བྱེད། དགེ་སློང་རྣམས་གུང་གི་གདུགས་ཚོད་གསོལ་ཡུལ་ལོ་ལྟར་བཞིན་
མཆོད་རྟེན་ཆེན་མོའི་སྐུ་རྒྱབ་ཕྱོགས་ཀྱི་སྐྱེད་ཚལ་དུ་ལྷན་དུ་གསོལ་བར་མཛད།

༧སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་སྨོན་ལམ་ཉིན་མཐའ་མར་བསོད་སྙོམས་ཀྱི་སྣེ་འཁྲིད་སྐྱོང་བཞིན་པ།


དགེ་སློང་རྣམས་གོ་རིམ་བཞིན་བསོད་སྙོམས་ལ་ཕེབས་བཞིན་པ།

༧སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ལ་དད་ལྡན་རྣམས་ནས་བསོད་སྙོམས་འབུལ་བཞིན་པ།

མཁན་པོ་བློ་གྲོས་དོན་ཡོད་རིན་པོ་ཆེར་དད་ལྡན་རྣམས་ནས་བསོད་སྙོམས་འབུལ་བཞིན་པ།

འདི་ལོའི་སྨོན་ལམ་སྦྱིན་བདག་འཇའ་ཚོན་རིན་པོ་ཆེར་དད་ལྡན་རྣམས་ནས་བསོད་སྙོམས་འབུལ་བཞིན་པ།








༧ཡིད་ནོར་མཆོག་དང་བླ་སྤྲུལ་ཆེ་ཁག་རྣམ་པ་བསོད་སྙོམས་གྲུབ་རྗེས་མཆོད་རྟེན་ཉེ་འདབས་གླིང་ཁར་གུང་ཚོགས་གསོལ་བཞིན་པ།

བླ་སྤྲུལ་རྣམ་པ་མཆོད་རྟེན་ཉེ་འདབས་གླིང་ཁར་གུང་ཚོགས་གསོལ་བཞིན་པ།

མཁན་པོ་རྣམ་པ་མཆོད་རྟེན་ཉེ་འདབས་གླིང་ཁར་གུང་ཚོགས་གསོལ་བཞིན་པ།

དགེ་སློང་ཕ་མ་རྣམས་བསོད་སྙོམས་གྲུབ་རྗེས་མཆོད་རྟེན་ཉེ་འདབས་གླིང་ཁར་གུང་ཚོགས་གསོལ་བཞིན་པ།
༣༽
གཟེངས་བསྟོད་དང་འབུལ་ཚན།
གུང་ཡོལ་རྗེས་ཡིད་ནོར་མཆོག་སླར་ཡང་མཆོད་རྟེན་ཆེན་མོའི་སྤྱན་སྔར་བཞུགས་ཁྲིའི་སྟེང་ཞབས་སོར་འཁོད་དེ་ཆོས་སྤྱོད་ཀྱི་
ཞལ་འདོན་ཁག་གྲུབ་རྗེས་སྨོན་ལམ་གྱི་སྦྱིན་བདག་རྣམས་ལ་གཟེངས་བསྟོད་དང་ལེགས་གསོའི་དབུགས་དབྱུང་དང་འབྲེལ་
དར་དཀར་དང་སྲུང་བ་བསྩལ། དེ་མཇུག་འདི་ལོ་སྨོན་ལམ་སྐབས་ཉེར་དྲུག་པའི་སྦྱིན་པའི་བདག་པོ་གཙོ་བོ་འཇའ་ཚོན་རིན་
པོ་ཆེ་སྐུ་འཁོར་ཐུན་མོང་ནས་ཡིད་ནོར་མཆོག་ལ་བཀའ་དྲིན་གཏང་རག་གི་སླད་དུ་འབུལ་ཚན་གྱ་ནོམ་པ་དང་ཚོགས་མང་
དགེ་འདུན་རེར་སྐུ་འགྱེད་ཧིན་སྒོར་བདུན་བརྒྱ་རེ་ཚོགས་ཞུགས་ཡོངས་ལ་སྩོལ་གནང་མཛད།






¡@
༤༽ ཐུགས་རྗེ་ཆེ་ཞུ་དང་འབྲེལ་བའི་བཀའ་སློབ།
དེ་རྗེས་ཡིད་ནོར་མཆོག་ནས་བཀའ་སློབ་བསྩལ་དོན་དུ། དེ་ཡང་ད་ལན་བཀའ་བརྒྱུད་སྨོན་ལམ་ཐེངས་ཉེར་དྲུག་པ་འདི་བཞིན་
སྦྱིན་པའི་བདག་པོ་ཚོས་གཏོང་ཕོད་རླབས་པོ་ཆེ་མཛད་པས་འཚོགས་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་ལེགས་པོ་བྱུང་།
དེ་བཞིན་
འཇའ་ཚོན་རིན་པོ་ཆེ་གཙོ་བོར་གྱུར་པའི་སྦྱིན་པའི་བདག་པོ་རྣམས་ནས་སྦྱིན་བདག་མཛད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།
ལྷག་
པར་དུ་༧སྐྱབས་རྗེ་འཇམ་མགོན་རིན་པོ་ཆེ། ༧སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ། ༧སྐྱབས་རྗེ་གར་དབང་རིན་པོ་ཆེ། ༧སྐྱབས་རྗེ་ཀ་ལུ་
རིན་པོ་ཆེ། ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེ། ཡོངས་དགེ་མི་འགྱུར་རིན་པོ་ཆེ་ལ་སོགས་པའི་བླ་སྤྲུལ་མཁན་པོ་རྣམས་
འདིར་སེམས་ཅན་སྤྱིའི་དོན་དུ་སྨོན་ལམ་ལ་ཞབས་ཀྱིས་བཅགས་ཐུབ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གཞན་ཡང་བཀའ་བརྒྱུད་
སྨོན་ལམ་ལས་བྱེད་པ་དང་། དྭང་བླངས་ཞབས་ཞུ་བ། བོད་ཁྱིམ་སུ་ཇཱ་སློབ་གྲྭ་ནས་ཕེབས་པའི་དྷརྨ་པཱ་ལའི་ལས་འཛིན་དགེ་སློབ་
དང་བཅས་པ་རྣམས་ལ་ང་རང་སྒེར་གྱི་ངོས་དང་བཀའ་བརྒྱུད་སྨོན་ལམ་ཚོགས་པའི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ན་ནིང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་སྐོར་སྐད་ཆ་བཤད་རྒྱུའི་གོ་སྐབས་བྱུང་། གཞི་ནིང་ལོར་དམར་སྤངས་དཀར་སྐྱོང་བྱ་རྒྱུའི་སྐོར་
སྐད་ཆ་བཤད་རྒྱུའི་གོ་སྐབས་བྱུང་བ་བཞིན་ཐམས་ཅད་ཀྱིས་ཐུགས་སྣང་ཡག་པོ་གནང་སྟེ་ལག་ལེན་བསྟར་གནང་མཛད་པར་ཕྲན་
རང་ཧ་ཅང་དགའ་པོ་བྱུང་། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་ལ་ཡང་བྱས་རྗེས་གང་ལེགས་བགྱིས་འདུག་
པར་དགའ་པོ་བྱུང་།
དེང་འཇིག་རྟེན་ནང་ཚ་དྲོད་འཕེལ་བའི་རང་བཞིན་ལ་བརྟེན་གངས་རི་ཐམས་ཅད་བཞུ་བཞིན་པར་རྒྱལ་
ཁབ་གཅིག་ཙམ་ལ་གནོད་པ་མ་ཡིན་པར་སའི་གོ་ལ་སྤྱི་ཡོངས་ལ་གནོད་ཀྱི་ཡོད་སྟབས་རང་རེ་རྣམས་ནས་ཁོར་ཡུག་སྲུང་སྐྱོབ་
བྱ་རྒྱུའི་ལས་དོན་སྐོར་ལ་ཞབས་འདེགས་བསྒྲུབ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་སྐོར་ཁོ་བོས་དེབ་ཆུང་
ཞིག་བྲིས་ཡོད་པས་རིམ་པས་སྐད་རིགས་གཞན་ཐོག་ཏུའང་འཐོན་རྒྱུ་ཡིན་པས་ཐམས་ཅད་ཀྱིས་ལག་ལེན་བྱ་རྒྱུ་བྱུང་ན་ཁ་ཚ་
དགོས་གཏུགས་ཀྱི་ཕན་རླབས་ཆེན་པོ་ཡིན་པ་དེ་དོན་ཚན་དང་པོ་ཡིན།
སྒྲུབ་བརྒྱུད་པ་ཞེས་པ་ཁ་ནས་བཤད་པ་ཙམ་མ་ཡིན་པར་དོན་གྱི་ཆ་ནས་ཉམས་ལེན་ལ་བརྩོན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་
ཡིན། དེར་བརྟེན་ཉིན་རེའི་ལས་རིམ་ནང་སྐར་མ་ལྔ་ཙམ་སྒོམ་རྒྱག་རྒྱུའི་ལས་རིམ་ཞིག་གསར་དུ་བཟོས་པ་ཡིན་ན་ཡག་པོ་ཡོང་
ས་རེད། སྒྲུབ་ཁང་ནང་ནས་ཐོན་པའི་བླ་མ་དྲག་རིགས་རྣམས་ནས་དངུལ་དང་དངོས་པོའི་རྗེས་སུ་མ་རྒྱུགས་པར་བློ་ལྡོག་རྣམ་
བཞི་ལ་སོགས་པ་དགོན་སྡེ་ཁག་ནང་ཉིན་རེར་སྐར་མ་ལྔ་ཙམ་རྒྱུན་དུ་སྒོམ་འཇུག་རྒྱུ་ཤིན་ཏུ་གནད་ཆེ་བ་ཡིན།
སྒྲུབ་བརྒྱུད་པ་
མིང་སྐམ་པོ་ཙམ་མ་ཡིན་པར་ཉམས་ལེན་བྱེད་ཐུབ་པ་བྱ་རྒྱུ་དེ་དོན་ཚན་གཉིས་པ་ཡིན།
བཀའ་བརྒྱུད་སྨོན་ལམ་གྱིས་རྐྱེན་པས་ཁོ་བོས་དགེ་འདུན་པ་དང་འབྲེལ་བ་བྱེད་རྒྱུའི་གོ་སྐབས་ཡག་པོ་བྱུང་སྟབས།
གྲྭ་པའི་ནང་
གྲྭ་པ་འགའ་ཞིག་རྣམ་རིག་བཀྲ་ཞིང་རིག་སྟོབས་ཡག་པོ་འདུག་པས། དགོན་སྡེ་ཁག་ནས་དེ་དག་ལ་སྣང་ཆུང་དང་ཆུད་ཟོས་སུ་
མ་བཏང་བར་ནང་ཆོས་དང་སྐད་རིགས་དེ་བཞིན་ཚན་རིག་སོགས་ཀྱི་སློབ་སྦྱོང་སྤྲད་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན།
རང་ཅག་
རྣམས་བསྟན་འགྲོའི་དོན་རླབས་ཆེན་སྒྲུབ་དགོས་སྟབས་ཐབས་དང་སྤྱོད་པའི་སྒོ་སྣ་ཚོགས་པའི་སྒོ་ནས་བསྒྲུབ་དགོས་པས་ཤེས་
ཡོན་ལ་དོ་སྣང་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཡིན་པ་དེ་དོན་ཚན་གསུམ་པ་ཡིན།
¡@
༥༽ སྨོན་ལམ་དང་འབྲེལ་བའི་ཐུགས་སྨོན་མཛད་ཚུལ།
ད་ལན་བཀའ་བརྒྱུད་སྨོན་ལམ་ཐེངས་ཉེར་དྲུག་པ་འདིས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བྱམས་བརྩེ་དང་། ཞི་བདེའི་
དཔལ་གྱིས་ཁྱབ་ཐུབ་པའི་ཐུགས་སྨོན་རྒྱ་ཆེ་གནང་དགོས། སངས་རྒྱས་ཀྱི་བསྟན་པ་ཆོས་ཆོས་བཞིན་དུ་སྐྱོང་དགོས་རྒྱུ་ཤིན་ཏུ་
གལ་ཆེ། ད་ལན་བཀའ་བརྒྱུད་སྨོན་ལམ་གྱི་དགེ་བའི་རྩ་བ་འདི་ལ་བརྟེན་ནས་རྒྱལ་བསྟན་སྤྱི་དང་། བོད་གངས་ཅན་གྱི་ལྗོངས་
སུ་སྤྱིར་བཤད་སྒྲུབ་ལས་གསུམ་གང་ལེགས་ཡོད་ཀྱང་བར་སྐབས་ཉམས་ཆག་ཆེན་པོ་བྱུང་ཡོད་པས། དེ་དག་གོང་གོང་དུ་འཕེལ་
བའི་ཐུགས་སྨོན་མཛད་དགོས། ཁྱད་པར་དུ་སྤྱི་ནོར་
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བར་སྐབས་སྐུ་ཕྲན་བུ་བསྙུན་པར་
བརྟེན་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པའི་ཐུགས་སྨོན་མཛད་དགོས།
དེ་བཞིན་བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་ལ་ཐམས་ཅད་ཀྱིས་བཀུར་དགོས་ཤིང་དགེ་འདུན་ཐམས་ཅད་ཀྱང་ཐུགས་མཐུན་
དང་ཁྲིམས་གཙང་ཡོང་བའི་ཐུགས་སྨོན་དང་གཞན་ཡང་ཉེ་ཆར་རྒྱ་གར། རྒྱ་ནག འབར་མ། བོད་དང་བཅས་པ་རྣམས་ལ་བར་
ལམ་རྐྱེན་ངན་བྱུང་བ་རྣམས་ལ་དམིགས་ཏེ་ཐུགས་སྨོན་རྒྱ་ཆེར་གནང་དགོས་ཞེས་བཀའ་བསྩལ། མཇུག་བཀའ་བརྒྱུད་སྨོན་ལམ་
ཉེར་དྲུག་པའི་མཇུག་སྡོམ་དུ་མར་པ་དང་མི་ལའི་བཀྲ་ཤིས་ཀྱིས་བརྒྱན་ཏེ་ཚོགས་པ་གྲོལ་རྗེས་ཡིད་ནོར་མཆོག་བཞུགས་གནས་
གཏེར་སྒར་དགོན་དུ་ཕེབས་པར་མཛད།

སྨོན་ལམ་གྲུབ་མཚམས་སུ་བཀྲ་ཤིས་ཀྱིས་བརྒྱན་པ།
༦༽ མར་མེའི་སྨོན་ལམ།
དགོང་དྲོ་སླར་ཡང་མཆོད་རྟེན་སྤྱན་སྔར་ཞབས་སོར་བསྐྱངས་ཏེ་ཆུ་ཚོད་བདུན་པའི་ཐོག་མར་མེའི་སྨོན་ལམ་གྱི་དབུ་འཛུགས་
བསྐྱངས་སྐབས་རྒྱ་སྐད་དང་།
ཀོ་རི་ཡ།
ཝེཏ་ནམ།
དབྱིན་ཇི་སོགས་ཡུལ་ལུང་སོ་སོའི་སྐད་རིགས་ཐོག་ཤིན་ཏུ་སྙན་ཅིང་
འཇེབས་པའི་ཡན་ལག་དྲུག་ཅུའི་འགྱུར་ཁུགས་དང་ལྡན་པའི་སྒོ་ནས་སྨོན་ལམ་གྱི་མཆོད་སྤྲིན་སྤྲོ་བར་མཛད། མར་མེའི་མཛད་
སྒོ་སྐྱོང་བཞིན་པའི་སྐབས་གཱ་ཡ་ས་གནས་རྫོང་དཔོན་དང་མ་ཧཱ་བྷོ་དྷི་ནང་པའི་ཆོས་ཚོགས་ཀྱི་དབུ་འཛིན་རྣམ་གཉིས་ཀྱང་༧ཡིད་
ནོར་མཆོག་གི་ཞལ་མཇལ་དང་འབྲེལ་གཟིགས་ཞིབ་ཕྱིར་ཁྱུག་ཙམ་ཕེབས།

༧ཡིད་ནོར་མཆོག་ནས་མར་མེའི་སྨོན་ལམ་སྐབས་མར་མེ་ཕྱག་ཏུ་ཐོགས་ཏེ་ཐུགས་སྨོན་མཛད་བཞིན་པ།



༧རྒྱལ་བ་ཡབ་སྲས་དབུས་བླ་སྤྲུལ་དགེ་འདུན་ཡོངས་ནས་མར་མེའི་སྨོན་ལམ་གསུང་བཞིན་པ།

བོད་ཀྱི་རབ་བྱུང་ཕོ་མོ་རྣམས་ནས་ལེགས་སྦྱར་གྱི་མདོ་གསུང་བཞིན་པ།

རྒྱ་རིགས་ཀྱི་དགེ་འདུན་ནས་ཕྱོགས་བཅུའི་འཇིག་རྟེན་ཁམས་ཞེས་པའི་མཆོད་དབྱངས་གྱེར་བཞིན་པ།

ཀོ་རི་ཡའི་དགེ་འདུན་རྣམས་ནས་སྤོས་ཆུའི་རྒྱ་མཚོ་ཞེས་པའི་ཕྱག་བསྟོད་མཛད་བཞིན་པ།

བྷེཏ་ནམ་དགེ་འདུན་རྣམས་ནས་ཤེས་རབ་སྙིང་པོའི་མདོ་གསུང་བཞིན་པ།

ནུབ་ཕྱོགས་པའི་སློབ་ཚོགས་རྣམས་ནས་འཇིག་རྟེན་བདེ་བའི་སྨོན་ལམ་འདོན་བཞིན་པ།

འདུས་ཚོགས་ལྷན་རྒྱས་པས་མར་མེའི་སྨོན་ལམ་གསུང་བཞིན་པ།
¡@ |