@

གནས་ཚུལ་གསར་ཤོས།  སྨོན་ལམ་མཛད་རིམ།

@

@

བཀའ་བརྒྱུད་སྨོན་ལམ་ཐེངས་ཉེར་བདུན་པའི་མཛད་རིམ།

 

བཀའ་བརྒྱུད་སྨོན་ལམ་ཐེངས་ཉི་ཤུ་རྩ་བདུན་པ་དེ་འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ། 2009 ཟླ་ 12 ཉིན་ 24 ནས་

31 བར་འཚོག་གཏན་ཁེལ་ཞིང་། ༧དཔལ་རྒྱལ་དབང་ཀརྨ་པ་ཆེན་པོ་མཆོག་གིས་ཚོགས་མགོན་མཛད་ནས་བླ་སྤྲུལ་ཆེ་བགྲེས་

དུ་མ་ཞིག་ཀྱང་ཚོགས་ཕེབས་མཛད་རྒྱུ་ཡིན།

རྒྱལ་དབང་མཆོག་ནས། རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ ༼ ཐམས་ཅད་མཁྱེན་པའི་ལམ་སྟོན། ༽

ལོ་སྔ་མའི་འཕྲོ་བསྐྱང་ནས་མཇུག་ཡོངས་སུ་གྲུབ་པའི་བར་བཤད་ལུང་གནང་འཆར་དང་། ད་དུང་གསུང་ཆོས་ཀྱི་སྐབས་སོ་སོའི་

སྒོམ་རིམ་དང་ཐུན་སོ་སོའི་འདོན་བྱའི་འགྲེལ་བཤད། རྗེ་མི་ལའི་བླ་སྒྲུབ་ཀྱི་སྨིན་དབང་།  གཏེར་སྒར་དགོན་དུ་མགོན་པོ་མི་

འཁྲུགས་པའི་སྒོ་ནས་གཤིན་ཆོག་བྱང་སྲེག་བཅས་མཛད་གཏན་ཁེལ། 

@

དེ་བཞིན་སྐུ་རིམ་ཁག  བསྟན་སྲིད་ཞབས་རིམ། སྨན་ཆོག །བཀའ་འགྱུར་དག་སྒྲོགས། མི་འཁྲུགས་པའི་དཀྱིལ་ཆོག་དང་མདོ་

སྒྲོགས། གནས་ཆོག  །བསོད་སྙོམས་རྒྱུ་འབུལ། བླ་མ་མཆོད་པའི་ཚོགས།  མར་མེའི་སྨོན་ལམ་སོགས་དམིགས་བསལ་མཛད་

རིམ་འདྲ་མིན་ཡང་ཡོད།

@

དམིགས་བསལ་གསལ་བསྒྲགས།

@

འདི་ལོ་མི་ལའི་རྣམ་ཐར་གྱི་གསུང་ཆོས་ལེགས་པར་གྲུབ་པ་དང་སྒོ་བསྟུན་ཐེངས་ཉེར་བདུན་པའི་སྨོན་ལམ་གྱི་མཛད་རིམ་

རྣམས་ཀྱང་གཙོ་བོ་བཀའ་དྲིན་རྗེས་དྲན་ནས་དབུ་བརྩམས་པ་ཡིན་ལ།དེ་འབྲེལ་རྗེ་མི་ལའི་བཀའ་དྲིན་རྗེས་དྲན་མཚོན་

བྱེད་དུ་དམིགས་བསལ་མཛད་རིམ་ཁག་འགའ་ཡོད་པ་སྟེ།

 

ཕྱི་ཟླ་བཅུ་གཉིས་པའི་ཞག་ཉི་ཤུ་རྩ་དགུ་པའི་ཆུ་ཚོད་བདུན་ཐོག་གཏེར་སྒར་དགོན་དུ་རྒྱལ་དབང་མཆོག་ནས་ཚོགས་

མགོན་མཛད་དེ། སྐྱ་སེར་ཕོ་མོ་རྣམས་ལྷན་ཅིག་ཏུ་མི་ལའི་བླ་མའི་རྣལ་འབྱོར་ཡེ་ཤེས་དཔལ་འབར་ལ་བརྟེན་ནས་

ཚོགས་འཁོར་མཛད་གཏན་འཁེལ། ཚོགས་ཞུགས་ཀྱི་སེར་སྐྱ་རྣམས་སྒྲུབ་བརྒྱུད་འདི་པའི་ལུགས་ཀྱི་སྔོན་འགྲོ་འབུམ་

བཞི་སོང་ཟིན་ངེས་པར་ཡིན་དགོས་ལ། བླ་རྣམ་གྱི་ཕྱག་དཔེ་ཡང་རང་རང་གིས་གྲ་སྒྲིག་མཛད་ནས་བསྣམ་ཕེབས་དགོས།

 

2010 ལོའི་ཞག་དང་པོ་རེས་གཟའ་པ་སངས་ཉིན་གཏེར་སྒར་དགོན་པའི་ཉེ་འདབས་སུ་དགོན་སྡེ་ཁག་ནས་ཕེབས་

པའི་དགེ་འདུན་ཡོངས་ལ་མཆོད་སྟོན་གཟབ་རྒྱས་འབུལ་རྒུདང་། དེ་སྐབས་རྗེ་མི་ལའི་དཀའ་ཐུབ་ཀྱི་རྣམ་ཐར་མཚོན་

ཕྱིར་ཟྭ་ཡི་ཐུག་སྡོར་ཞིག་འབུལ་རྒྱུ་ཡིན།

 

ཉིན་དེ་ཁའི་དགོང་མོར་ས་གནས་དེ་ཉིད་དུ་རྗེ་བཙུན་མི་ལའི་རྣམ་ཐར་ཟློས་གར་གྱི་ལམ་ནས་གཟིགས་འབུལ་ཞུ་རྒྱུ་

དང་ཆབས་ཅིག།གནས་དུས་དང་མཚམས་པའི་བོད་ཀྱི་དགོན་སྡེའི་རིག་གནས་ཀྱི་སྒྱུ་རྩལ་འགའ་ཞིག་ཀྱང་སྤེལ་འཆར་

ཡོད་པས་སྐུ་ཉིད་སྨོན་ལམ་དུ་ཕེབས་སྐབས་མཛད་རིམ་ཁོད་དུ་འཇུག་རྒྱུ་མ་བསྙེལ་བ་ཞུ།

@

@
@

@

@


Copyright © Kagyu Monlam Chenmo. All Rights Reserved.