ཐོག་མར་ངས་སྤྲོ་སེམས་འཁོལ་བའི་ངང་ནས་ཁྱེད་རྣམས་ལ་འཚམས་འདྲི་དང་།
དྭང་བའི་སེམས་ཀྱི་སྒོ་ནས་འདིར་ཕེབས་པ་
དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ད་ལན་བཀའ་བརྒྱུད་སྨོན་ལམ་སྐབས་ཉེར་བརྒྱད་པར་གྱུར་ཡོད་ཅིང་།
ཐོག་མར་བཀའ་བརྒྱུད་
སྨོན་ལམ་འདི་བཞིན་སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་སྐུ་གོང་མ་དང་སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་རྣམ་གཉིས་ཀྱི་ཐུགས་བསྐྱེད་
དང་སྨོན་ལམ་ལ་བརྟེན་ནས་འཕགས་ཡུལ་རྡོ་རྗེ་གདན་དུ་དབུ་འཛུགས་བསྐྱངས་པ་ཡིན།
དེས་ན་བཀའ་བརྒྱུད་སྨོན་ལམ་ཆེན་
མོའི་འབྱུང་ཁུངས་ལྟ་བུ་ཁོང་རྣམ་གཉིས་ཡིན།
དེར་བརྟེན་རང་ཅག་འདིར་འདུས་ཡོངས་ནས་ཁོང་རྣམ་གཉིས་ཀྱི་བཀའ་དྲིན་
རྗེས་དྲན་ཞུ་དགོས་པ་ཡིན།
དགེ་འདུན་སྟོང་ཚོ་དུ་མ་ལྷན་དུ་འདུས་ནས་བཀའ་བརྒྱུད་སྨོན་ལམ་ཚོགས་དགོས་པའི་རྒྱུ་མཚན་ནི་གཙོ་བོ་འཛམ་གླིང་སྐྱེ་འགྲོ་
མ་ལུས་ཞི་བདེའི་དཔལ་ལ་གནས་པ་དང་།
བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོང་བའི་སླད་དུ་ཡིན།
ཁྱེད་རྣམས་གོམ་པ་གཅིག་སྤོ་
བ་ཡང་འཛམ་གླིང་ཞི་བདེ་དང་སེམས་ཅན་གྱི་བདེ་སྐྱིད་ཀྱི་སླད་དུ་ཡིན་སྟབས།
གནས་མཆོག་རྡོར་གདན་དུ་ཡོད་སྐབས་ལྷག་
པར་དུ་སེམས་ཞི་དུལ་དང་བག་ཡོད་བྱ་རྒྱུ་དེ་ནམ་ཡང་མ་བརྗེད་རོགས་ཞེས་ཁོ་བོས་དགེ་འདུན་རྣམས་ལ་དྲན་བསྐུལ་ཞུ་བཞིན་
ཡོད།
ཞི་དུལ་གྱི་མིག་དཔེ་ལྟ་ཡུལ་ཕུལ་དུ་ཕྱིན་པ་ནི་བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་ཡིན་པས་ཁོང་ནི་འགྲོ་བ་
མཐའ་དག་གི་མ་འདྲིས་པའི་མཛའ་བཤེས་དང་རྨོངས་མུན་སེལ་བའི་ཆོས་ཀྱི་སྒྲོན་མེ་ཞིག་ཡིན་པས་ང་ཚོས་དུས་རྟག་ཏུ་ཁོང་
གི་སྙིང་སྟོབས་དང་མཛད་ཕྲིན་ལ་སློབ་སྦྱོང་བྱས་ཏེ་བཀའ་བརྒྱུད་སྨོན་ལམ་ཆེན་མོ་དེ་བྱམས་སྙིང་རྗེའི་དཀྱིལ་འཁོར་ཞིག་ཏུ་
བསྐྲུན་ཐབས་ལ་འབད་བརྩོན་བྱ་དགོས་པ་ཡིན།
འདི་འདྲའི་དཀྱིལ་འཁོར་ཞིག་གི་དབུས་སུ་དྭངས་བླང་གི་ཞབས་ཞུ་བ་ཁྱེད་
རྣམས་ནི་ཚན་པ་གལ་ཆེན་ཞིག་ཏུ་གྱུར་ཡོད།
རང་རེ་བཀའ་བརྒྱུད་ཀྱི་སྨོན་ལམ་འདི་བཞིན་ལོ་རེ་བཞིན་ཆེས་ཆེར་འགྱུར་བཞིན་ཡོད་ན་ཆེད་ལས་ཀྱིི་ལག་རྩལ་དེ་ཡང་ཉིན་
རེ་བཞིན་མཁོ་གནད་ཆེ་རུ་འགྲོ་བཞིན་ཡོད།
ང་ཚོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རྣམས་ལྷག་བསམ་ཁོ་ནས་མི་འདང་བར་ཁྱེད་
རྣམ་པའི་དྲུང་ནས་ཆེད་ལས་ཀྱི་ལག་རྩལ་ལ་སློབ་སྦྱོང་བྱ་དགོས་པ་ཡིན།
ཁྱེད་རྣམས་འདིར་ཁོ་བོས་ཆེད་དུ་གཉེར་ནས་འབོད་
པ་ཡིན་སྟབས་སྐུ་ངལ་དུ་མ་ཁྱད་དུ་བསད་དེ་འདིར་ཕེབས་པ་དང་།
བཞུགས་གནས་སོགས་ཀྱི་ཆ་རྐྱེན་ཇི་བཞིན་མ་ཚང་བའི་
དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པར་ཁོ་བོས་བཟོད་གསོལ་ཞུ་རྒྱུ་ཡིན།
ཁྱེད་རྣམ་པའི་ལྷག་བསམ་གྱི་བཀའ་དྲིན་དེ་རེ་རེ་བཞིན་བརྗོད་ཀྱིས་མི་ལངས་བས་བྱས་པ་གཟོ་བའི་ཕྱིར་ཁྱེད་རྣམས་སོ་སོར་
ཁོ་བོས་ལག་བྲིས་བགྱིས་པའི་ཤེས་རབ་སྙིང་པོའི་འདྲ་བཤུས་རེ་དྲན་རྟེན་གྱི་ཚུལ་དུ་འབུལ་རྒྱུ་ཡིན།
ཤེས་རབ་སྙིང་པོའི་འདྲ་
བཤུས་འདི་བཞིན་ལག་བྲིས་ཀྱི་སྒྱུ་རྩལ་དང་།
ཆོས་ཀྱི་སྙིང་དོན་ཡོངས་སུ་འདུས་པ་ཞིག་ཡིན་པས་ཁྱེད་རྣམས་ནས་གཅེས་སྤྲས་
ནན་ཏན་གནང་རོགས་ཞུ་རྒྱུ་ཡིན་ཞེས་བཀའ་སྩལ།