¡@
དཔལ་༧རྒྱལ་དབང་ཀརྨ་པའི་གསུང་འཕྲིན།
ད་ལོ་ནི་བཀའ་བརྒྱུད་སྨོན་ལམ་ནང་པའི་གནས་ཆེན་རྡོ་རྗེ་གདན་དུ་ཚོགས་ཏེ་ལོ་ཉི་ཤུ་རྩ་ལྔ་འཁོར་བ་ཡིན་ཞིང་། འདི་ནི་བཀའ་བརྒྱུད་ཀྱི་
བརྒྱུད་པ་འདིའི་འགྲོ་ཕན་ཕྲིན་ལས་ཀྱི་ལམ་ཚད་རྡོ་རིང་ཆུང་ངུ་ཞིག་ཡིན་མོད། འཇིག་རྟེན་གྱི་ཞི་འཇམ་དང་དགའ་བདེའི་མདུན་བསྐྱོད་ཀྱི་
གོམ་པ་ཆེན་པོ་ཞིག་ཡིན་ལ། ཐོག་མར་ངས་འདས་པའི་ལོ་ཉི་ཤུ་རྩ་ལྔའི་རིང་གི་སྨོན་ལམ་གྱི་ལས་དོན་མི་སྣ་དང་། ཚོགས་བཅར་བ། རྒྱབ་སྐྱོར་
གནང་མཁན་བཅས་ཚང་མར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། རྣམ་པ་ཚོའི་སྨོན་འདུན་གྱི་སྟོབས་དང་རྒྱུན་འཁྱོངས་ཀྱི་འབད་རྩོལ་གནང་བའི་ཐོག་
ནས། བཀའ་བརྒྱུད་སྨོན་ལམ་འདི་ཉིད་ལོ་རེ་ནས་ལོ་རེར་མི་སྡོད་པར་དར་ཞིང་རྒྱས་ནས་མཐར་ཞི་འཇམ་དང་དགའ་བདེས་འཇིག་རྟེན་གྱི་ཐ་
གྲུ་ཡོངས་ལ་མ་ཁྱབ་ཀྱི་བར་གནས་པའི་རེ་བ་ཡོད།
¡@
དུས་རབས་སྔ་མར་ཕྱི་མིག་བལྟ་སྐབས། འཛམ་གླིང་གི་ཡུལ་གྲུ་གང་སར་དམག་འཁྲུགས་ཀྱིས་གང་སྟེ་དཀའ་སྡུག་སྣ་ཚོགས་ཤིག་དྲངས་ཡོད་ལ།
རྐྱེན་དེས་སངས་རྒྱས་ཀྱི་ཆོས་ཀྱང་ཡུལ་གྲུ་མང་པོ་ཞིག་ཏུ་ཉམས་གུད་དུ་ཕྱིན་མོད། འོན་ཀྱང་ཡུལ་གྲུ་ཐ་དད་པ་དུ་མར་མྱུ་གུ་བཞིན་དུ་རྩ་བ་
ཚུགས་བཞིན་ཡོད། དུས་རབས་ཀྱི་ཚོད་བགམ་དེ་ཚོས་ནང་པའི་བྱམས་བརྩེ་དང་ལྷག་བསམ་གྱི་སྙིང་དོན་གལ་ཆེན་ཡིན་པ་མཚོན་ཐུབ་ལ། དེ་ནི་
བདེ་སྡུག་གང་གིས་ཀྱང་གཡོ་འགུལ་བྱེད་ཐབས་མེད་པ་ཞིག་རེད། བྱམས་བརྩེ་དང་ལྷག་བསམ་མེད་པའི་ཚེ་སྲོག་ནི། འཁོར་ལོ་མེད་པའི་ཤིང་
རྟའམ་སྒུལ་བྱེད་འཕྲུལ་འཁོར་མེད་པའི་གནམ་གྲུ་བཞིན། རང་གནས་པ་ལ་ཡང་དག་པའི་རིན་ཐང་མེད་ལ། ཡང་དག་པའི་ཕན་པ་ཡང་
ལེན་ཐུབ་ཐབས་མེད། བཀའ་བརྒྱུད་སྨོན་ལམ་གྱི་དམིགས་ཡུལ་ནི་བྱམས་བརྩེ་དང་ལྷག་བསམ་གྱི་ས་བོན་སྤེལ་བ་དང་། བྱམས་བརྩེ་དང་ལྷག་
བསམ་གྱི་སྟོབས་ནུས་བསྐྱེད་དེ། འཇིག་རྟེན་ལ་ཡང་དག་པའི་ཞི་འཇམ་དང་དགའ་བདེ་ཡོང་བ་བྱ་རྒྱུ་དེ་རེད།
བཀའ་བརྒྱུད་སྨོན་ལམ་ཞེས་པའི་མིང་འདི་བྱུང་རིམ་གྱི་དབང་གིས་ཐོགས་པ་ཞིག་སྟེ། མི་ལོ་ལྔ་བརྒྱའི་ཡར་སྔོན་བོད་ཡུལ་དུ་ཀརྨ་པ་སྐུ་ཕྲེང་
བདུན་པས་ཕྱོགས་བཞིའི་དགེ་འདུན་གྱི་སྡེ་རྣམས་ཀྱི་འདུལ་ཁྲིམས་ལྷོད་པ་སྡོམ་པ་དང་། སངས་རྒྱས་མཆོད་ཅིང་། བསྟན་པ་དང་གང་ཟག་གི་
ཆེ་བས་མཐོང་ཐོས་རྣམས་ལ་དྭང་བ་འདྲེན་པའི་ཕྱིར། ལོ་ལྟར་སྟོན་པའི་མཛད་ཆེན་གྱི་ཟླ་བ་རྣམས་སུ་ཆོས་སྤྱོད་སྨོན་ལམ་ཆེན་པོ་མཛད་པར།
དགེ་འདུན་སྟོང་ཚོ་དང་ཁྲི་ཚོ་བརྒལ་བ་འདུས་ནས། རྗེ་ཉིད་ཀྱིས་ཆེད་དུ་ཕྱོགས་སྒྲིག་མཛད་པའི་༼ སྨོན་ལམ་གྱི་ཆོ་ག་ཡན་ལག་ཉི་ཤུ་པ ༽
འདོན་ཆར་བྱས་ནས། དགེ་འདུན་འདུས་པའི་དབུ་ཁྲིད་དེ་འགྲོ་བ་རྣམས་བསོད་ནམས་ཀྱི་ཚོགས་རྫོགས་ཤིང་། འགལ་རྐྱེན་བར་ཆད་ཞི་བ།
འཇིག་རྟེན་མཐུན་པར་བཟླུམས་ཤིང་། དཀའ་སྡུག་ཐམས་ཅད་བྲལ་བའི་སྨོན་ལམ་མཛད་ཀྱི་ཡོད། དེ་ནས་བཟུང་སྟེ་སྨོན་ལམ་ཚོགས་སྲོལ་
གཞི་རྩའི་ཆ་ནས་རྒྱུན་ཆད་མེད་པར་གནས་ཡོད། ཆིག་དགུ་གྱ་གསུམ་ལོར། ཀ་ལུ་རིན་པོ་ཆེ་མཆོག་ནས་སྟོན་པ་མངོན་པར་རྫོགས་པར་སངས་
རྒྱས་པའི་གནས་མཆོག་རྡོ་རྗེ་གདན་དུ་བཟང་སྤྱོད་འབུམ་ཚོགས་ཀྱི་སྨོན་ལམ་མཛད་དེ། འཕགས་ཡུལ་དུ་བཀའ་བརྒྱུད་སྨོན་ལམ་འཚོགས་པའི་
ས་བོན་བསྐྲུན་གནང་མཛད།
¡@
མི་ལོ་ཉི་ཤུ་རྩ་ལྔའི་རིང་། བཀའ་བརྒྱུད་སྨོན་ལམ་འདི་ཉིད་གཅིག་རྗེས་གཉིས་མཐུད་ཀྱིས་ངོ་བོའི་ཐད་ཀྱི་འགྱུར་བ་ཐེབས་པ་བརྒྱུད། འཛམ་
གླིང་རང་བཞིན་གྱི་འདུས་ཚོགས་སུ་གྱུར་ཏེ་དེ་རིང་གི་རྒྱ་ཁྱོན་འདི་གྲུབ་ནས། ལོ་ལྟར་འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཕེབས་པའི་ཤཱཀྱའི་
རྗེས་འཇུག་ཆོས་གྲོགས་རྣམས་རྡོ་རྗེ་གདན་དུ་འདུ་འཛོམས་ཀྱིས། བརྒྱུད་པ་དང་ཆོས་བརྒྱུད་ཀྱི་དབྱེ་བ་མེད་པར། སེམས་ཅན་གྱི་བདེ་སྡུག་
རང་གི་བདེ་སྡུག་ཏུ་བསམས་ཏེ་བསོད་ནམས་ཀྱི་ཚོགས་ཐིགས་པ་བསགས་པའི་རྒྱ་མཚོ་ལྟར་བསྡུས་ཤིང་བསགས་ནས། འཇིག་རྟེན་ཞི་བདེའི་
རླབས་ཕྲེང་གི་གཟུགས་སུ་གྲུབ་པའི་ཟོལ་མེད་ཀྱི་སྨོན་འདུན་བྱེད་ཀྱི་ཡོད།
¡@
ནང་ལོ་ ༢༥༤༨ ཕྱི་ལོ་ 2004 ལོར་ངས་སྨོན་ལམ་གྱི་ལས་དོན་ལག་ཏུ་བླངས་ནས། སྔོན་བྱོན་དམ་པ་རྣམས་ཀྱི་དུས་སྐབས་ཀྱི་འོད་སྟོང་
འབར་བའི་མཐོང་བ་བརྒྱུད་པ་ལ་མིག་ལྟོས་བྱས་ཏེ་སྨོན་ལམ་གྱི་རིམ་པ་གསར་དུ་གཏན་འཁེལ་བྱས་པ་དང་། སྨོན་ལམ་ཞལ་འདོན་གྱི་དཔེ་
ཆ་ཡང་གསར་དུ་ཕྱོགས་སྒྲིག་བྱས་པ་བཅས་ལ་བརྟེན་ནས། བཀའ་བརྒྱུད་སྨོན་ལམ་འདི་ཉིད་སྲོལ་རྒྱུན་གྱི་གཟི་བརྗིད་ཆེས་ཆེར་ལྡན་ཞིང་
དེང་དུས་ཀྱི་ནང་པ་སྤྱིའི་སྡེ་དང་བབས་བསྟུན་གང་ཐུབ་བྱས་ཏེ། འགྲོ་བ་རྒྱ་ཆེ་ཞིང་གྲངས་མང་བ་ཞིག་ལ་ཕན་པ་སྔར་ལས་ལྷག་པ་སྦྱིན་ཐུབ་
པ་དང་། རྫོགས་པའི་སངས་རྒྱས་ནས་བར་མ་ཆད་པའི་བརྒྱུད་པའི་བྱིན་རླབས་ནམ་མཁའི་མཐའ་ཀླས་པའི་འཇིག་རྟེན་ཀུན་ཏུ་ཁྱབ་ཅིང་གང་
སྟེ། སེམས་ཅན་ཐམས་ཅད་ཞི་འཇམ་གྱི་རོལ་མོའི་ཁྲོད་སྤངས་རྟོགས་ཕུན་སུམ་ཚོགས་པའི་གཞལ་མེད་ཁང་དུ་འཇུག་པའི་རེ་སྨོན་ཞེ་ཐག་པ་
ནས་ཞུ་བཞིན་ཡོད།
ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེས།
ཕྱི་ལོ 2007 ལ།
¡@
¡@