@

གནས་ཚུལ་གསར་ཤོས།  སྨོན་ལམ་མཛད་རིམ།

@

@

གསར་འགོད་གསལ་བསྒྲགས་བསྐྱངས་པའི་སྐོར།

@

ཕྱི་ལོ་  ༢༠༡༤  ཟླ་      ཚེས་     ཞོགས་པ་ཚོུད་བཅིུག་ཐོག་དཔལ་རྒྱལ་དབང་ཀརྨ་པ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་གྱི་ཉེ་འདབས་གཏེར་སྒར་དགོན་གྱི་ཡང་ཐོག་ཏུ་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་པར།  དེར་རྒྱ་གར་གྱི་གསར་འགྱུར་སྡེ་ཚན་འདྲ་མིན་གྱི་གསར་འགོད་པ་ཉི་ཤུ་རྩ་ལྔ་ཙམ་དང་།  དེ་བཞིན་འབྲུག་དང་ཐེ་ཝན་གྱི་གསར་འགོད་པ་གཉིས་རེ་བཅས་ཡོངས་བསྡོམས་གསར་འགོད་པ་ཉེར་དགུ་ཙམ་མཆིས་པར།  འདི་ལོ་བཀའ་བརྒྱུད་སྨོན་ལམ་སྐབས་སོ་གཅིག་པའི་མཛད་རིམ་གཙོ་བོ་གང་ཞིག་ཡིན་མིན་གྱི་གསལ་བཤད་ཤོག་གྲངས་གཉིས་ཙམ་མཆིས་པ་ཞིག་འགྲེམས་སྤེལ་མཛད་ཅིང་།  དེ་ཐོག་ནས་གསར་འགོད་པ་རྣམས་ཀྱིས་དྲི་བ་ཕུལ་བ་ཁག་ལ་བཀའ་ལན་འཚམས་ཤིང་འཇེབས་པར་སྩལ།

དེ་ཡང་གསར་འགོད་པ་རྣམས་ལ་རྒྱལ་དབང་མཆོག་ནས་བཀའ་སྩལ་དོན།   གསར་འགོད་རྣམ་པ་ཚོ་བཀའ་བརྒྱུད་སྨོན་ལམ་སྐབས་སོ་གཅིག་པ་ཚུགས་ལ་ཉེ་བའི་སྐབས་འདིར་ཕེབས་པར་འཚམས་འདྲི་ཡོད།  གནས་མཆོག་རྡོ་རྗེ་གདན་འདི་ཉིད་ནང་པ་སངས་རྒྱས་པ་ཀུན་གྱི་གནས་རྩ་བ་ཆེ་ཤོས་ཤིག་ཡིན་པ་དང་།  འདིར་སོ་སོའི་མི་ཚེ་དོན་དང་ལྡན་པ་དང་འཇིག་རྟེན་ཡོངས་ལ་ཞི་བདེ་འབྱུང་བའི་ཕྱིར་ཚོགས་པ་ཡིན།  ད་བར་བཀའ་བརྒྱུད་སྨོན་ལམ་སྐབས་སུམ་ཅུ་སོ་གཅིག་ཙམ་ཕྱིན་པར་འདིར་འདུས་ཡོངས་ནས་འཇིག་རྟེན་ཀུན་ཏུ་ཞི་ཞིང་བདེ་བ་དང་གང་ལེགས་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད།  དེས་ན་གནས་མཆོག་འདིར་རང་རེ་རྣམས་ཚོགས་སྐབས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པའི་འབྱུང་ཡུལ་མ་ཡུམ་ལྟ་བུ་དེ་རྒྱ་གར་རྡོ་རྗེ་གདན་དུ་ཡིན་པའི་ཚོར་བ་ཡོང་བཞིན་ཡོད།  དེ་ཡང་རྒྱ་གར་འཕགས་པའི་ཡུལ་དེ་བཞིན་སྐྱེས་བུ་དམ་པ་དུ་མའི་འབྱུང་ཁུངས་ཡིན་པར་སེམས་པ་བཞིན་དོན་དངོས་སུ་ཡང་དེ་ལྟར་ཡིན་པ་ཚོར།  སྨོན་ལམ་ལྷན་དུ་བྱ་རྒྱུ་དེ་ཐོག་མར་ཀུན་སློང་རྣམ་པར་དག་པ་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེ་ཡིན།  དེས་ན་འདིར་ལྷན་དུ་ཚོགས་ཏེ་ཀུན་སློང་རྣམ་པར་དག་པ་ཞིག་ཡོང་རྒྱུའི་གྲ་སྒྲིག་བགྱིད་བཞིན་ཡོད།

དེ་བཞིན་འབྱུང་འགྱུར་ས་གནས་ཡུལ་མི་རྣམས་ལ་འཕྲོད་བསྟེན་སོགས་ཀྱི་ཕྱིར་མཐུན་འགྱུར་གང་ལེགས་ཞུ་རྒྱུའི་འཆར་གཞི་ཡོད།

ད་ལོ་དམིགས་བསལ་གསང་སྔགས་ཀྱི་ཆོ་ག་དང་འབྲེལ་བའི་རྡོ་རྗེའི་གར་འཆམས་ཤིག་ཡོད།  འདི་ཉིད་རྒྱ་གར་ནས་བོད་དུ་ལོ་ངོ་ཆིག་སྟོང་ཙམ་གྱི་སྔོན་ནས་དར་ཞིང་བོད་དུ་ཆོས་གཙོར་འདོན་བྱས་ནས་རྒྱུན་འཛིན་བགྱིད་བཞིན་ཡོད།

མཐའ་དོན་གསར་འགོད་པ་ཡོངས་ལ་རྒྱལ་སྤྱིའི་གནམ་ལོ་གསར་པའི་འཚམས་འདྲི་དང་སྐུ་ཁམས་བཟང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་སྩལ་བའི་བཀའ་སློབ་སྙིང་བསྡུས་སུ།

                                                                                བསྟན་འཛིན་རྣམ་རྒྱལ།

@

གནས་ཚུལ་ཕྱོགས་བསྡུས། 27th KMC | 28th KMC | 29th KMC | 30th KMC

@


Copyright © Kagyu Monlam Chenmo. All Rights Reserved.