KM-banner1.jpg
KM-banner9.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner18.jpg
KM-banner17.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner8.jpg
KM-banner7.jpg
Shadow

   སྤྱི་ལོ་ ༢༠༢༤/༡/༢༥ ཉིན་སྔ་དྲོའི་མཛད་རིམ་སྔར་རྒྱུན་ལྟར་གྲུབ་སྟེ་ཉིན་རྒྱབ་ཚོགས་ཐུན་གཉིས་པ་ཕྱག་ཚོད་གསུམ་དང་ཕྱེད་ཙམ་ལ་༧ བྱམས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་དབུས་མཆོག་གི་སྤྲུལ་སྐུ་རྣམ་པ། བསླབ་གསུམ་ནོར་གྱིས་ཕྱུག་པའི་མཁན་སློབ་དགེ་བའི་བཤེས་གཉེན། ངུར་སྨྲིག་གོས་ཀྱིས་བཀླུབས་པའི་དགེ་འདུན་བཙུན་པ་བཙུན་མ་རྣམས་དམར་སེར་མཚམས་སྤྲིན་གཞོན་ནུའི་ལང་ཚོ་གསར་དུ་ངོམ་པ་ལྟར་ལྷམ་མེར་བཞུགས་པའི་འཁོར་དུ་གོས་དཀར་ལྕང་ལོ་ཅན་རྣམས་ཡིད་གུས་པའི་མོས་གུས། ལུས་གུས་པའི་ཕྱག །ངག་གུས་པའི་གསོལ་འདེབས་དང་བཅས་༧ རྒྱལ་དབང་མཆོག་གི་བཀའ་སློབ་ཟབ་མོ་མཉན་པར་སྤྲོ་བཞིན་འཇམ་ཐིང་ངེ་དང་ལྷོད་ཤིག་གེར་བཞུགས་པ་དང་ལྷན། དྲ་ལམ་ནས་ཐད་གཏོང་བརྒྱུད་༧ དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་རྡོ་རྗེ་མཆོག་གིས་བཀའ་སློབ་ཕེབས་དོན།
    རང་ཅག་རྣམས་ཀྱི་འདྲེན་མཆོག་དམ་པ་སྐྱབས་རྗེ་༧ བྱམས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ། སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ། དེ་བཞིན་དུ་སྐྱབས་འབོ་དཀར་རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ་གྱི་དབུས་པས། བསམ་བཞིན་དུ་སྲིད་པ་ཉེ་བར་བཞེས་པའི་མཆོག་གི་སྤྲུལ་སྐུ་རྣམ་པ་དང་། མཁན་པོ་དགེ་བའི་བཤེས་གཉེན་རྣམ་པ། དེ་བཞིན་དགེ་འདུན་འདུས་པ་རྒྱ་མཚོ་ཐབས་ཅད་ལ་སྐུ་ཁམས་བཟང་བའི་འཚམས་འདྲི་ཞུ་ཡ་ཡིན། ད་ལན་བཀའ་བརྒྱུད་སྨོན་ལམ་ཐེངས་སུམ་ཅུ་སོ་བརྒྱད་པའི་ཉིན་ཐ་མ་དེ་ཆགས་བསྡད་ཡོད་རེད། བྱང་ཙང་ངས་ད་རེས་གོ་སྐབས་འདི་བཟུང་བྱས་ཏེ་ཐོག་མར་ཚོགས་ཀྱི་གཙོ་བོ། རིགས་ཀྱི་བདག་པོ། ཆོས་ཀྱི་རྗེ། ༧ བྱམས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་ཡ་ཡིན། དེ་ཡང་ཚང་མས་ཐུགས་ལ་མངའ་གསལ་ལྟར་རེད། ༧ བྱམས་མགོན་སི་ཏུ་རིན་པོ་ཆེ་ཞུ་ཡ་དེ་གང་ལྟར་ང་ཚོ་བོད་ཀྱི་ལོ་རྒྱུས་ཀྱི་ཐོག་ལ་བླ་མ་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད་རེད། དེ་ཡང་སི་ཏུའི་སྐྱེ་ཕྲེང་གསོལ་འདེབས་དགེ་ལེགས་གྲུབ་པའི་ནང་ལ་འབྱུང་བ་ནང་བཞིན་གྱི། ཐུབ་པའི་དྲུང་ལ་རྒྱལ་པོ་གཟུགས་ཅན་སྙིང་པོའི་འབངས་སྟོབས་ཆེན་དུ་གྱུར་པ་ནས་བཟུང་སྟེ་རྒྱ་གར་དུ་བྱོན་པའི་སྐྱེ་རབས་རིམ་བྱོན་དང་། དེ་ནས་མར་སྟོན་ཆོས་ཀྱི་རྒྱལ་པོ་ནས་བཟུང་སྟེ་བོད་དུ་བྱོན་པའི་སྐྱེས་རབས་རིམ་བྱོན་དང་། འགྲོ་མགོན་རས་པ་ཆེན་པོ་ནས་བཟུང་སྟེ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་དེ་ཉིད་དུ་བྱོན་པའི་སྐྱེས་རབས་རིན་བྱོན་བཅས་གང་ལྟར་སྐྱེས་རབས་དུ་མ་ལ་མཁས་དང་གྲུབ་པ་བརྙེས་པའི་སྐྱེས་བུ་དམ་པ་མང་པོའི་ཚུལ་བསྟན་ནས་འགྲོ་བའི་དོན་མཛད་པ་དེ་འདྲ་ཞིག་ཡིན་པ་རེད། ཅེས་པ་ནས་དུས་ཀྱི་འགྱུར་ལྡོག་གི་ཁུག་བར་ནས་སི་ཏུ་སྐུ་ཕྲེང་རིམ་བྱོན་བསྟན་པ་སྤྱི་དང་བྱེ་བྲག་ལ་བཀའ་དྲིན་ཆེ་ཚུལ་གསུངས། ཡང་།
ད་ལྟ་འཚོ་ཞིང་བཞུགས་པ། མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་པདྨ་དོན་ཡོད་གྲུབ་པ་དཔལ་བཟང་པོ་མཆོག་ཀྱང་ཐོས་བསམ་སྒོམ་གསུམ། མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ་ལ་སོགས་ལ་གང་གི་ཆ་ནས་བཤད་པ་ཡིན་ན་ཡང་བསམ་གྱི་མི་ཁྱབ་པའི་བདག་ཉིད་ཅན་ཞིག་ཆགས་བསྡད་ཡོད་པ་དེ་བཤད་མི་དགོས་པ་རེད། རྒྱ་གར་ལ་གདན་ས་དཔལ་སྤུངས་ཤེས་རབ་གླིང་ཕྱག་བཏབ། བོད་ལ་ཡིན་ན་ཡང་གདན་ས་དཔལ་སྤུངས་མ་ལག་དང་བཅས་པ་ལ་གཟིགས་རྟོག་ཕུན་སུམ་ཚོགས་པ་གནང་། སྔ་ཕྱི་དུ་མར་བོད་ལ་ཞབས་ཀྱིས་བཅགས། ཆོས་བརྒྱུད་རིས་མེད་ཀྱི་སྤྲུལ་པའི་སྐུ་མང་པོ་ཞིག་ངོས་འཛིན་གནང་། དེ་བཞིན་བླ་མ་སྤྲུལ་པའི་སྐུ་དེ་དག་དང་། ཀརྨ་ཀཾ་ཚང་གི་གྲྭ་བཙུན་ཐམས་ཅད་ལ་སོར་བྱང་སྔགས་གསུམ་གྱི་སྡོམ་པ་གནང་། དེ་བཞིན་བཤད་གྲྭ་དང་སྒྲུབ་གྲྭ། རིག་པའི་གནས་ཐམས་ལ་ཐོས་བསམ་གནང་སའི་ཆ་རྐྱེན་ཕུན་སུམ་ཚོགས་པར་བསྐྲུན་པར་མཛད། དེ་བཞིན་འཛམ་གླིང་གང་ས་གང་ལ་ཕེབས་ནས་ཆོས་ཚོགས་གསར་འཛུགས་གནང་བ་ལ་སོགས་པ་བསྟན་པ་སྤྱི་དང་བྱེ་བྲག་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་ཆགས་བསྡད་ཡོད་རེད། ད་ལྟ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བསྟན་པའི་སྲོག་ཤིང་ཟེར་ན་འདྲ། བསྟན་པའི་ཀ་ཆེན་ཟེར་ན་འདྲ་མདོར་ན་རྒྱལ་མཆོག་བཅུ་དྲུག་པ་ཆེན་པོའི་ཐུགས་སྲས་རྣམ་པ་བཞི་ཡོད་པའི་ནང་ནས་ད་ལྟ་འཚོ་ཞིང་བཞུགས་ལ་ཆོས་ཀྱང་སྟོན་པ་ནི་བྱམས་མགོན་སི་ཏུ་རིན་པོ་ཆེ་དང་། གསང་བདག་ཕྱག་ན་རྡོ་རྗེའི་རྣམ་པར་སྤྲུལ་པ་རྒྱལ་ཚབ་རིན་པོ་ཆེ་རྣམ་པ་གཉིས་ཆགས་བསྡད་ཡོད་རེད། ང་རང་སྒེར་གྱི་ངོས་ནས་བཤད་ན་ཡང་རིན་པོ་ཆེ་རྣམ་པ་གཉིས་ཀ་ཆོས་འཇིག་རྟེན་གང་གི་ཆ་ནས་ཡིན་ན་ཡང་བཀའ་དྲིན་ཆེ་ཤོས་དང་རྩ་བ་ཆེ་ཤོས་ཆགས་བསྡད་ཡོད་རེད། ལྷག་པར་དུ་ད་རེས་སྐལ་བ་བཟང་པོ་ཞིག་ལ་བྱམས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བརྒྱད་པའི་ཚོགས་མགོན་དུ་དངོས་སུ་ཞབས་ཀྱི་པདྨོ་མངོན་པར་བཀོད་ཐུབ་བྱུང་ཡིན་པ་རེད། དེ་ནི་དངོས་གནས་དྲང་གནས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་དོན་ཆེན་ཞིག་ཅིག་རེད་ཅེས་ལབ་པ་ཡིན་ན་ལབ་ཆོག་པ་ཆགས་བསྡད་ཡོད་རེད། དེ་ཡང་ཚོགས་མགོོན་དུ་ཕེབས་པ་ཙམ་དུ་མ་ཟད་མཐོང་གྲོལ་དབུ་ཞྭ་རིན་པོ་ཆེ་མཇལ་ཁ་གནང་ཡ། དེ་བཞིན་བྱམས་པའི་སྨོན་ལམ་གྱི་བཀའ་ཁྲིད་གནང་ཡ། དེ་བཞིན་བྱམས་པའི་རྗེས་གནས་སྩལ་ནས། རིན་པོ་ཆེ་སྤྱིར་བཏང་སྐུ་གཟུགས་བདེ་མིན་གྱི་གནས་སྟངས་ཡོད་པ་དང་། མང་ཚོགས་ཡིན་ན་མང་པོ་ཞེ་བུ་ཕེབས་ཡོད་པ་ཡིན་ན་ཡང་སྐུ་ངལ་ལ་མ་འཛེམ་པར་རིན་པོ་ཆེ་ཁྲོམ་གྱི་དཀྱིལ་ལ་ཕེབས་ཏེ་རེ་རེ་བཞིན་དུ་བྱིན་རླབས་གནང་བ་དེ་འདྲའི་བཀའ་དྲིན་ཆེན་པོ་ཞེ་དྲག་གནང་། ལྷག་པར་དུ་ད་རེས་སྨོན་ལམ་ཆེན་མོ་དེ་རིན་པོ་ཆེ་མཆོག་གི་ཐུན་མོང་མ་ཡིན་པའི་དགོངས་བཞེད་ཡོད་པ་ནང་བཞིན་གྱི་བཟང་སྤྱོད་སྨོན་ལམ་འབུམ་བཅུ་དང་། དམ་ཚིག་རྡོ་རྗེའི་བཟླས་པ་དུང་ཕྱུར་གསོག་བསྒྲུབ་མཛད་དེ་རླབས་ཆེན་གྱི་དགེ་རྩ་རྒྱ་ཆེན་པོ་བསྒྲུབ་རྒྱུའི་གོ་སྐབས་ང་རང་ཚོ་ཚང་མ་ལ་གནང་ཡིན་པ་རེད། དེའི་རྒྱུ་མཚན་ལ་བརྟེན། ད་རེས་ཀྱི་གོ་སྐབས་བཟང་པོ་དེ་བཟུང་སྟེ་ང་རང་གིས་ངོས་ནས་རིན་པོ་ཆེའི་མཛད་པ་ཕྱག་རྗེས་ཐམས་ཅད་ལ་དགའ་བའི་རྗེས་སུ་ཡི་རང་དང་འབྲེལ་ཐུགས་རྗེ་ཆེ། བཀའ་དྲིན་ཆེ་ཞེས་ནན་བསྐྱར་ཞུ་ཡ་ཡིན། ཞེས་པ་ནས་ཀཾ་ཚང་ཡབ་སྲས་རྣམ་པ་གལ་ཆེན་རྩ་ཆེན་ཡིན་པའི་སྐོར་དང་། བཀའ་བརྒྱུད་སྨོན་ལམ་ཆེན་མོར་བླ་སྤྲུལ་མཁན་པོ་དགེ་བའི་བཤེས་གཉེན། དགེ་འདུན་བཙུན་པ་བཙུན་མ་སོགས་མི་གྲངས་ཇི་ཙམ་ཕེབས་ཡོད་པའི་སྐོར་སོགས་གསུངས་ཏེ་མཐར་ཐུགས་སྨོན་ཟབ་རྒྱས་ཀྱི་སྒོ་ནས་མཇུག་སྡུད་པར་མཛད་སོང་།
   རྒྱལ་དབང་མཆོག་གིས་བཀའ་སློབ་གནང་ཟིན་རྗེས་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཚོགས་པས་༧ བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བརྒྱད་པའི་ཚོགས་མགོན་དུ་ཕེབས་པ་ལ་ཐུགས་རྗེ་ལེགས་གསོལ་དང་། སྐུ་དྲིན་གཏང་རག་གི་ཡོན་དུ་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་ཟིན་རྗེས། ཉེ་སྔོན་འཚོགས་ཟིན་པའི་བཀའ་བརྒྱུད་དགུན་ཆོས་སྐབས་བསྡུས་པ་དང་བློ་རྟགས། ཚད་མ། ཕར་ཕྱིན་བཅས་ཀྱི་རྩོད་འགྲན་པ་ཀ་སྡེ་དང་། ཁ་སྡེ་སྟེ་སྡེ་ཚན་སོ་སོར་ཨང་དང་པོ་ཐོབ་པ་རྣམས་དང། དམ་བཅའ་རྩེ་ཕུད་དང་། རྟགས་བསལ་རྩེ་ཕུད། བརྩོན་འགྲུས་རྩེ་ཕུད་བཅས་ལ་ ༧ བྱམས་མགོན་རྡོ་རྗེ་འཆང་མཆོག་གི་ཕྱག་ནས་ཐུགས་རྗེ་གཟིགས་པ་ཆེན་པོས་བྱ་དགའ་གསོལ་རས་སྩལ་གནང་མཛད།
དེ་རྗེས་༧ བྱམས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་ད་ལན་སྨོན་ཐེངས་སོ་བརྒྱད་པའི་སྐབས་སུ། བཟང་སྤྱོད་སྨོན་ལམ་འབུམ་བཅུ་དང་། དམ་ཚིག་རྡོ་རྗེའི་བཟླས་པ་དུང་ཕྱུར། སྣང་གསལ་མར་མེ་འབུམ། བཅས་ཐོན་པའི་དགེ་རྩ་དེ་སངས་རྒྱས་བསྟན་པ་དར་བའི་ཡུལ་རྣམས་དང་། ཡུལ་གྲུ་གང་སར་དང་དར་བཞིན་པ་རྣམས་སུ་དར་ཞིང་རྒྱས་ལ་ཡུན་རིང་གནས་པ་དང་། དེ་བཞིན་སྐྱེ་འགྲོ་ཡོད་དོ་ཅོག་བློ་ཆོས་སུ་འགྲོ། ཆོས་ལམ་དུ་འགྲོ། ལམ་འཁྲུུལ་པ་སེལ། འཁྲུལ་པ་ཡེ་ཤེས་སུ་འཆར་བའི་ཆེད་དུ་བསྔོ་དགོས་པའི་སྐོར་གསུང་རྗེས། དེ་དག་བསྔོ་བ་མཛད་དེ་འཁོར་འདུས་པ་རྒྱ་མཚོ་ལ་རྗེས་ཟློས་མཛད་པ་དང་བཅས་འཁོར་གསུམ་དག་པའི་བསྔོ་བ་མཛད། དེ་ནས་ཁོང་གིས་མཛད་པའི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བསྟན་རྒྱས་སྨོན་ལམ་གསུང་དགོས་པ་གལ་ཆེན་པོ་ཡིན་ཚུལ་སྐོར་གསུང་རྗེས་བསྟན་རྒྱས་སྨོན་ལམ་དང་། སྒར་ཆེན་གྱི་བཀྲ་ཤིས་དང་། རྗེ་མར་པའི་བཀྲ་ཤིས། བདེན་གྲུབ་མ། བཀྲ་ཤིས་དཔལ་འབར་གྱི་མཇུག་བསྡུས་ཏེ་ཕྱི་དྲོའི་ཚོགས་ཐུན་གཉིས་པ་མཇུག་ལེགས་གྲུབ་བོ། །

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་བརྒྱད་པའི་ཉིན་ཐ་མའམ་ཉིན་བརྒྱད་པའི་ཕྱི་དྲོའི་ཚོགས་ཐུན་ཕྱི་མའི་མཛད་རིམ་སྙིང་བསྡུས་སུ་ཐུབ་བསྟན་སྦྱིན་པ་ནས་སྤྱིན་པ་ནས་སྤྱི་ལོ་༢༠༢༤ ༡ ༢༦ ཉིན་སྔ་དྲོར་བྲིས་པའོ།། །།