KM-banner1.jpg
KM-banner9.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner18.jpg
KM-banner17.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner8.jpg
KM-banner7.jpg
Shadow

བསོད་ནམས་ཡོན་ཏན་རྒྱ་མཚོའི་གཏེར་མངའ་ཞིང་། །
བསམ་གྱིས་མི་ཁྱབ་ཐུགས་རྗེའི་བྱིན་རླབས་ཀྱིས། །
འགྲོ་བའི་སྡུག་བསྔལ་གདུང་བ་ཞི་མཛད་པ། །
བཻ་ཌཱུརྱའི་འོད་ལ་གསོལ་བ་འདེབས། །

    ཞེས་བརྩེ་ཆེན་ཡེ་ཤེས་ཀྱི་ཀློང་ནས་སྐྱེ་དགུ་བདེ་བའི་སླད་དུ་མཚན་དཔེ་གསར་དུ་རྫོགས་ཤིང་སྐུ་མདོག་བཻཌཱུརྱ་ཡི་འོད་ལྟར་འཕྲོ་བའི་དུས་གསུམ་ནད་ཀུན་གྱི་གདུང་བ་སེལ་བའི་སངས་རྒྱས་སྨན་བླའི་ཞབས་ཟུང་པདྨོའི་དྲུང་དུ་སྒོ་གསུམ་གུས་པས་བཏུད་དེ།
དེ་ཡང་།
         སེམས་ནད་སེམས་ཀྱིས་བཅོས། །
          ལུས་ནད་སྨན་གྱིས་བཅོས། །
ཟེར་བའི་དཔེ་ལྟར། ཚོགས་བསགས་སྒྲིབ་སྦྱངས་དང་ཞི་ལྷག་སོགས་དམ་པའི་ཆོས་ཀྱི་བདུད་རྩི་ལ་བསྟེན་ནས་སེམས་ནད་སེམས་ཀྱི་དྲི་མ་ཡོངས་སུ་སྦྱངས་ནས་བཅོས་དགོས་ལ།
ཕྱི་འབྱུང་བཞི་འཁྲུགས་པའི་རྐྱེན་ལས་འབྱུང་བའི་ལུས་ནད་ནི་སྨན་དང་སྨན་པའི་གསོ་བ་རིག་པའི་མན་ངག་དག་ལ་མ་བསྟེན་པར་ལུས་ནད་ལས་སོས་པ་ནི། གང་ཟག་ཁྱད་པར་ཅན་ཡིན་ན་མ་གཏོགས་ཆེས་དཀའ་ཞིང་། སྨན་དང་སྨན་པའི་ངག་ལ་བསྟེན་པའི་ཐབས་ལས་གཞན་མ་མཆིས་པ་ཡིན། དེ་ཡང་དཔལ་ལྡན་རྒྱུད་བཞི་ལས། མི་ན་བ་གནས་པར་འདོད་པ་དང་ན་བ་གསོ་བ་འདོད་པའི་གང་ཟག་གིས་གསོ་རིག་པའི་མན་ངག་ལ་བསླབ་པར་བྱའོ། །གསུངས་པ་བཞིན་ཡིན་ལ།
ལྷག་པར་དུ་བཀའ་བརྒྱུད་སྨོན་ལམ་ལྟ་བུ་མི་མང་འདུས་འཛོམས་ཆེན་པོའི་སྐབས་སུ་རིམས་ནད་སོགས་ཆེས་འགོས་སླ་བ་དང་། ནད་རིགས་འདྲ་མིན་གྱིས་མནར་སླ་བ་དང་། དམིགས་བསལ་སྐུ་ན་བགྲེས་པའི་དད་ལྡན་སེར་སྐྱ་མང་པོ་ཞིག་འགྱུར་མེད་དད་གུས་ཆེན་པོའི་ཀློང་ནས་བཅོས་མིན་མོས་གུས་ཀྱི་འོད་སྣང་བརྟས་ནས་ཕེབས་ཡོད་སྟབས། དེ་དག་གཙོས་པའི་མི་འདོད་པ་ནད་ཀྱི་སྡུག་བསྔལ་ཆེན་པོ་ལས་མནར་བཞིན་པའི་ནད་པ་རྣམས་ལ་ཕྱི་ནང་གི་རིན་མེད་སྨན་སྦྱིན་དང་། དབང་པོ་སྐྱོན་ཅན་རྣམས་ལ་དམིགས་ནས། འཁོར་ལོའི་རྐུབ་སྟེགས་དང་འཁར་རྒྱུག་སོགས་རོགས་རམ་དང་མཐུན་རྐྱེན་བླ་ན་མེད་པ་སྔོན་བཀའ་བརྒྱུད་སྨོན་ལམ་རྣམས་ཀྱི་སྐབས་སུ། དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་ཀྱི་བྱེད་པོ། ༧རྒྱལ་དབང་སངས་རྒྱས་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གི་ཐུགས་བརྩེ་དགོངས་པ་ཆེན་པོས་བཀའ་བརྒྱུད་སྨོན་ལམ་གྱི་ཆ་ཤས་ལྟ་བུ་བྱས་ནས་མཐུན་འགྱུར་རོགས་རམ་གནང་བ་བཞིན་ཡོད་པ་དེ་ལྟར་དུ།
   འདིའི་ལོ་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་བརྒྱད་པའི་སྐབས་སུ་རིན་མེད་སྨན་སྦྱིན་སྡེ་ཚན་དེ་དམིགས་བསལ་དུ་དཔལ་སྤུངས་ཤེས་རབ་གླིང་གི་བོད་ཀྱི་གསོ་རིག་ཆེད་སྦྱོང་ལྟེ་གནས། དཔལ་སྤུངས་རིག་གནས་མཐོ་སློབ་དོན་གཉིས་ནོར་བུའི་དགའ་ཚལ་གྱིས་ཐུགས་འགན་བཞེས་དགོས་པ་བཀའ་ཕེབས་པ་ལྟར། ཨམ་ཆི་ཟླ་བ་ལགས་དང་། ཨེ་པ་བསོད་ནམས་རིན་ཆེན་ལགས་གཙོས་པའི་ཨམ་ཆི་དྲུག་དང་། སྨན་པའི་སློབ་མཐར་ཕྱིན་པ་སྨན་པ་བཅུ་གཉིས་དང་དེ་བཞིན་དུ་རྡ་ས་ནས་ཨམ་ཆི་ཁྱུང་གསར་སྐྱིད་ཆོས་ལགས་ཕེབས་ཡོད་པས། སྨན་པ་བཅུ་དགུ་ཡིས་ཉིན་དགུའི་རིང་ལ་མཚན་ཐོ་འཁོད་པའི་ནད་པ་གཅིག་སྟོང་ལྔ་བརྒྱ་ལྷག་དང་མཚན་ཐོ་མ་བཀོད་པའི་ནད་པ་གང་མང་ཞིག་ལ་བརྟག་དཔྱད་ཞིབ་མོའི་སྒོ་ནས། བོད་ཀྱི་སྲོག་རིག་དཔལ་ལྡན་རྒྱུད་བཞི་དང་མཐུན་པའི་སྨན་བཅོས་དང་གསོལ་སྨན་སྦྱིན་པ་ལས། རྒྱ་སྨན་སོགས་ཐབས་གཞན་བསྟེན་མེད་ཀྱང་། ཨམ་རྗེ་རྣམ་པ་རྡོར་གདན་གྱི་ཆེས་འགྱུར་ལྡོག་ཆེ་བའི་གནམ་གཤིས་ཚ་གྲང་ལ་མ་བལྟོས་པར་སྐུ་ངལ་འཛེམས་མེད་ཀྱིས་སྨན་བཅོས་སྨན་སྦྱིན་གང་ལེགས་བཀའ་དྲིན་གནང་བ་ལ་བརྟེན་ནས། ནད་པ་མང་པོ་ཞིག་ལ་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་གིན་འདུག་གསུངས་ནས། ཡང་ཡང་ནད་བརྟག་དཔྱད་ཆེད་དང་སྨན་ལེན་པར་ཕེབས་ཀྱི་འདུག་གསུངས་སོང་། མདོར་ན་འདི་ལོའི་བཀའ་བརྒྱུད་སྨོན་ལམ་སྐབས་སུ། ༧རྒྱལ་དབང་མཆོག་གི་བཀའ་དགོངས་ལྟར་གོང་དུ་སྨྲོས་པའི་ཨམ་ཆི་རྣམ་པས་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་རིན་མེད་སྨན་སྦྱིན་སྡེ་ཚན་འགན་བཞེས་ཏེ་སྣེ་ཁྲིད་འོག་རིན་མེད་སྨན་སྦྱིན་དང་བརྟག་དཔྱད་སྡེ་ཚན་ཁང་ནས། ཚོགས་ཞུགས་དགེ་འདུན་བཙུན་པ་བཙུན་མ་དང་དད་ལྡན་ཆོས་བ་ཡོངས་ལ་མཐུན་འགྱུར་རོགས་རམ་གྱི་གྲུབ་འབྲས་གཡུར་དུ་ཟ་བ་བྱུང་ཡོད་པ་འགྲེལ་བཤད་གནང་སོང་ལ། འདི་དག་ནི་སྨན་སྦྱིན་སྡེ་ཚན་པས་ནད་པ་རྣམས་བརྟག་དཔྱད་ཞིབ་ནན་སྒོ་ནས་སྨན་སྦྱིན་གྱི་མཐུན་རྐྱེན་གནང་བཞིན་པའི་སྣང་བརྙན་ཡིན་ཞུ་བ་དང་ལྷན་དུ།
     འགྲོ་བ་སེམས་ཅན་ཀུན་གྱི་ནད་ཀྱི་སྡུག་བསྔལ་ཐམས་ཅད་སེལ་བའི་སྐུ་མདོག་བཻཌཱུརྱ་ཡི་རི་བོ་བཞིན་རྒྱས་པའི་རིན་ཆེན་སྨན་འཛིན་ལྷ་བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་འཁོར་ཚོགས་གཙོས་པའི་བཀའ་བརྒྱུད་རྒྱལ་བ་ཡབ་སྲས་རྣམས་ཀྱི་རྨད་བྱུང་གི་ཐུགས་བསྐྱེད་བླ་ན་མེད་པའི་ཐུགས་རྗེ་བྱིན་བརླབས་དང་བཀའ་བརྒྱུད་སྨོན་ལམ་གྱི་རྣམ་དཀར་གྱི་དགེ་ཚོགས་ཀྱི་ཆོས་སྒྲ་ཆེན་པོ་འདིས་མ་གྱུར་སེམས་ཅན་ཐམས་ཅད་གཙོས། སྐལ་ལྡན་དད་ལྡན་རྣམས་ཀྱི་མི་འདོད་པའི་ལོག་འདྲེན་ཚེ་ཡི་དུས་མིན་གྱི་གེགས་སྐག་བར་ཆད་ངན་པ་ཐམས་ཅད་རྡུལ་དུ་བརླགས་ནས་བར་ཆད་ཡོད་དོ་ཅོག་བསལ་ཏེ་སེམས་ཅན་ཐམས་ཅད་ནད་ལས་ཐར་ནས་མྱུར་དུ་སྨན་བླའི་གོ་འཕང་ཐོབ་པར་གྱུར་ཅིག་བཅས་དང་།
སྡིག་ལྟུང་ཀུན་བཤགས་དགེ་བ་བྱང་ཆུབ་བསྔོ། །
ནད་གདོན་སྡུག་བསྔལ་བྲལ་བས་བཀྲ་ཤིས་ཤོག །
སྤྱི་ལོ ༢༠༢༤/༡/༢༤ ཉིན་ལ་བཀའ་བརྒྱུད་སྨོན་ལམ་གནས་ཚུལ་ཕྱོགས་བསྡུས་པ་ཉི་མ་དོན་འགྲུབ་ནས་ཕུལ།

 

2024.01.24 The Kagyu Monlam Tibetan Medical Camp