གནས་མཆོག་རྡོར་གདན་དུ་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༣༦ དབུ་འཛུགས་བསྐྱངས་པ།

དེ་ཡང་དུས་གསུམ་གྱི་སངས་རྒྱས་ཀུན་མངོན་པར་རྫོགས་པར་འཚང་རྒྱ་ཞིང་མཐར་ཐུག་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པའི་གནས་མཆོག་རྡོ་རྗེ་གདན་དུ། ཕྱི་ལོ་ ༡༩༨༣ ནས་བཟུང་ལོ་ལྟར་བཞིན་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཚོགས་སྲོལ་ཡོད་པ་ཇི་བཞིན། ད་ལན་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་དྲུག་པ་ཡང་། ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༡ ཚེས་ ༡༤ ཉིན་གནས་མཆོག་རྡོ་རྗེ་གདན་དུ་དབུ་འཛུགས་གནང་ཡོད།

ད་ལན་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པའི་སྐབས་སུ་རང་རེ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་རྗེས་འཇུག་པ་རྣམས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ། འདི་ཕྱི་ཚེ་རབས་ཀུན་གྱི་སྐྱབས་གནས་གཅིག་པུ་བ། བདག་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་དཔལ་༸རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་མཆོག་རེ་ཞིག་རྒྱ་གར་འཕགས་པའི་ཡུལ་དུ་ཞབས་སོར་འཁོད་མ་ཐུབ་པར་བརྟེན་འདི་ལོའི་སྨོན་ལམ་ཆེན་མོའི་སྐབས་སུའང་ཕེབས་མ་ཐུབ་མོད། འོན་ཀྱང་༸རྒྱལ་མཆོག་ཡིད་བཞིན་ནོར་བུ་མཆོག་གི་ཐུགས་རྗེའི་གཟིགས་པ་ཆེན་པོས་སྔར་བཞིན་རྒྱལ་ཡོངས་བཀའ་བརྒྱུད་ཆེན་མོའི་ཐུགས་འགན་ཡོངས་སུ་རྫོགས་པ་བཞེས་ཤིང་། དྲྭ་རྒྱ་སོགས་བརྒྱུད་ནས་བཀའ་སློབ་ལམ་སྟོན་གྱི་བཀའ་དྲིན་འགྲན་ཟླ་དང་བྲལ་བ་བསྐྱངས་བཞིན་མཆིས།

དེ་ཡང་ཐོག་མཪ་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་ནས་གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་མཆོག་ལ་སྔོན་འགྲོའི་བཀའ་ཆོས་སུ་རྗེ་བཙུན་ཏི་ལོ་པས་དཔལ་ནཱ་རོ་པ་ལ་གདམས་པའི་ཕྱག་ཆེན་གངྒཱ་མའི་བཀའ་ཁྲིད་མཛད་དགོས་པའི་སྙན་གསོལ་འབུལ་དོན་བཞིན། ༸སྐྱབས་རྗེ་མཉན་པ་རིན་པོ་ཆེ་མཆོག་ནས་ཕྱི་ལོ་ ༢༠༡༩ ཟླ་བ་ ༡ ཚེས་ ༩ ནས་ ༡༢ བར་ཉིན་གསུམ་གྱི་རིང་ཕྱག་ཆེན་གངྒཱ་མའི་བཀའ་ཁྲིད་ཆེས་ཟབ་ཅིང་རྒྱས་པར་གནང་བར་མཛད།

སྨོན་ལམ་དངོས་གཞིའི་སྐབས་སུ་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་ནས་༸སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་ཆེན་པོ་མཆོག་ལ་རྒྱལ་ཡོངས་བཀའ་བརྒྱུུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པའི་སྔོན་འགྲོའི་སྐབས་སུ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་བཀའ་དབང་གནང་བ་དང་། དངོས་གཞི་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་བཞུགས་དགོས་པ་དང་། དེ་བཞིན་དངོས་གཞི་སྨོན་ལམ་གྱི་སྐབས་སུ་བྱ་འཆད་ཀ་བ་ཡེ་ཤེས་རྡོ་རྗེས་མཛད་པའི་བློ་སྦྱོང་དོན་བདུན་མའི་བཀའ་ཆོས་ཀྱི་བཀའ་ཁྲིད་གནང་དགོས་པའི་ཞུ་བ་མཛད་པ་ཇི་བཞིན། ༸སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་མཆོག་གིས་ཞལ་བཞེས་བཟང་པོས་པྱི་ལོ་ ༢༠༡༩ ཟླ་བ་ ༡ ཚེས་ ༡༡ ཉིན་དགོང་དྲོ་དུས་ཚོད་ ༤ ཙམ་ལ་གནས་མཆོག་རྡོར་གདན་གཏེར་སྒར་དགོན་དུ་ཞབས་སོར་བདེ་བར་འཁོད་དེ། ཚེས་ ༡༣ ཉིན་སྨོན་ལམ་ཆེན་མོའི་ཆོས་རར་སེར་སྐྱ་མི་དམངས་སྟོང་ཕྲག་དུ་མ་ལ་རྒྱལ་བ་རྒྱ་མཚོའི་དབང་བསྐུར་གྱིས་བཀའ་དྲིན་བསྐྱངས། དངོས་གཞི་སྨོན་ལམ་གྱི་སྐབས་སུ་༸རྒྱལ་མཆོག་ཀརྨ་པའི་བཀའ་ཇི་བཞིན་སྨོན་ལམ་ཆེནམོའི་ཚོགས་མགོན་དུ་བཞུགས་ཤིང་། སྨོན་ལམ་དངོས་གཞི་ཉིན་བཞིའི་རིང་བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད་ཟབ་རྒྱས་མཛད་བཞིན་ཡོད།

ལོ་འདིའི་སྨོན་ལམ་ཆེན་མོའི་སྐབས་སུ་༸སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་དང་། འབོ་དཀར་མཁན་རིན་པོ་ཆེ་བློ་གྲོས་དོན་ཡོད། རི་མགུལ་སྤྲུལ་སྐུ་རྣམ་གསུམ་གྱི་དབུས་པའི་རྒྱ་བལ་འབྲུག་གསུམ་གྱི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་དགོན་སྡེ་ཁག་ཉི་ཤུ་རྩ་བདུན་ནས་གྲྭ་བཙུན་སྟོང་ཕྲག་དུ་མ་ཕེབས་ཡོད། དེ་བཞིན་བལ་ཡུལ། འབྲུག འབྲས་ལྗོངས་སོགས་པའི་རི་བོ་ཧི་མཱ་ལ་ཡའི་མི་རིགས་དང་། བོད་རིགས། ཕྱི་རྒྱལ་ཤར་ནུབ་ཀྱི་ཡུལ་གྲུ་དུ་མ་ནས་དད་ལྡན་མི་དམངས་སྟོང་ཕྲག་དུ་མ་ཕེབས་ནས་གནས་མཆོག་རྡོ་རྗེ་གདན་གྱི་ཉེ་འགྲམ་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཆོས་རར་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ་ཆེས་གཟི་བརྗིད་དང་ལྡན་པའི་ངང་ནས་ཚོགས་བཞིན་མཆིས།

ད་ལན་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པའི་སྦྱིན་པའི་བདག་པོ་ནི་སྟོན་པ་བཅོམ་ལྡན་འདས་སྐུ་འཁྲུངས་ཤིང་བྱིན་གྱིས་རླབས་པའི་རྒྱལ་ཁབ་བལ་ཡུལ་གྱི་མ་ནང (Manang) རྫོང་གི་ཁོངས་སུ་གཏོགས་པའི་༸དཔལ་རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་ལ་དད་དམ་མི་འགྱུུར་བར་མངའ་བའི་མི་དམངས་རྣམས་ཡིན། དེ་ཡང་རྫོང་ཁག་དེའི་ཁོངས་སུ་ཡོད་པའི་སྙེ་ཤང་གི་ཡུལ་ཚོ་དྲུག་དང་། སྣར་སྟོད། སྣར་སྨད་། རྒྱལ་སུམ་མདོ་བཅས་ཡུལ་ཚོ་དགུ་རྣམས་ཡིན། སྙེ་ཤང་ཡུལ་ཚོ་དྲུག་ནི། ༡ ཁང་སར། ༢ གཏིང་སྐྱེས་མ་ནང་། ༣ བྲག་དཀར། ༤ འབོང་པ། ༥ རྒྱ་རུ། ༦ པི་སངས་བཅས་ཡིན། སྨོན་ལམ་དངོས་གཞིའི་སྐབས་སུའང་དད་ལྡན་སྦྱིན་བདག་སྙེ་ཤང་བ་རྣམས་དངོས་སུ་མི་སྣ་སུམ་བརྒྱ་ལྷག་ཕེབས་ཡོད་ཅིང་། དེ་དག་རྣམས་དགེ་འདུན་གྱི་སྤྱི་ཐབ་ནང་དུ་གསོལ་ཚིགས་འབུལ་རྒྱུ། དེ་བཞིན་ཚོགས་སུ་གསོལ་ཇ་འདྲེན་རྒྱུ་ལ་སོགས་པ་གཡས་གཡོན་གང་སར་དྭང་ལེན་གྱི་སྲི་ཞུ་སྒྲུབ་བཞིན་མཆིས།

རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་འདི་ཉིད་ཀྱི་དམིགས་ཡུལ་ནི། ཇི་སྐད་དུ། ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་ཙམ་མོ། །ཞེས་གསུངས་པ་ལྟར་སྤྱིར་ནམ་མཁའ་དང་མཉམ་པའི་ཁམས་གསུམ་འགྲོ་བ་མ་ལུས་པ་ཀུན་མ་རིག་པ་ཉོན་མོངས་པའི་དབང་གིས་སྲིད་པའི་གནས་རིས་འདིར་སྡུག་བསྔལ་མུ་མཐའ་མེད་པ་མྱོང་བ་རྣམས། རིམ་བཞིན་སྡུག་བསྔལ་གྱི་རྒྱུ་དང་བཅས་བྲལ་ཏེ་བདེ་ནས་བདེ་བར་བགྲོད་ཅིང་མཐར་ཐུག་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པའི་ཆེད་དུ་དང་།

དེ་བཞིན་ཞི་བ་ལྷས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་གཅིག །ཞེས་གསུངས་པ་ལྟར་འགྲོ་བའི་བདེ་སྐྱིད་ཀྱི་རྩ་བ་གཅིག་པུར་གྱུར་པ་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་དུས་ཇི་སྲིད་ནམ་མཁའ་མ་སྟོངས་ཀྱི་བར་དུ་གནས་ཤིང་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཁྱབ་པ་དང་། བསྟན་པ་དེ་འཛིན་གྱི་སྐྱེས་ཆེན་དམ་པ་རིས་སུ་མ་ཆད་པ་རྣམས་སྐུ་ཚེ་ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་པའི་སླད་དུ་དང་།

ལྷག་པར་དུ་འཛམ་བུས་མཚན་པའི་གོ་ལ་འདིའི་སྟེང་དུ་འཚོ་ཞིང་གནས་པའི་འགྲོ་བ་མིའི་རིགས་རྣམས་དུས་ངན་སྙིགས་མའི་དུས་འདིར་ཉོན་མོངས་པ་འདོད་རྔམས་ཀྱི་མེ་ལྕེ་ཆེས་ཆེར་འབར་ཞིང་། ནང་བྱམས་པ་དང་སྙིང་རྗེའི་བརླན་དང་བྲལ་ཏེ་ཕན་ཚུན་ཡིད་ཆེས་དང་རེ་བས་དབེན་ནས་མི་འདོད་པའི་སྡུག་བསྔལ་སྣ་ཚོགས་པའི་ནང་དུ་ལྟུང་བཞིན་པ་དང་། མ་ཟད་འགྲོ་བ་མི་གཙོ་བོ་བྱས་པའི་སྲོག་ལྡན་དུད་འགྲོ་ཡན་ཆད་འཚོ་གནས་བྱ་བའི་གོ་ལ་ཟླུམ་པོ་འདི་ཉིད་ཀྱང་འཐོར་ལ་ཉེ་བའི་དུས་ངན་གྱི་རང་མདངས་ཆེར་མངོན་པའི་སྐབས་འདིར། རང་བྱུང་གི་གོ་ལ་འདི་ཉིད་དུ་སྐྱིད་སྡུག་གི་ཟློས་གར་ལ་རོལ་བའི་འགྲོ་བ་མི་གཙོ་བོར་བྱས་པའི་སེམས་ཅན་ཡོད་དོ་ཅོག་གནས་སྐབས་མི་འདོད་པའི་སྡུག་བསྔལ་ཉེར་འཚེ་མ་ལུས་པ་རྩད་ནས་ཞི་ཞིང་། ཀུན་གྱི་རྒྱུད་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་སེམས་དང་ལྡན་ནས་བསྐལ་པ་རྫོགས་ལྡན་ཀྱི་དཔལ་ལ་ལོངས་སུ་སྤྱོད་དེེ་མཐར་ཐུག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པའི་སླད་དུ་དང་། མ་ཟད་འགྲོ་བའི་འཚོོ་གནས་བྱ་བའི་མ་ཡུམ་གོ་ལ་འདི་ཉིད་ཉེན་ཁའི་གནས་མཐའ་དག་ལས་གྲོལ་ནས་འགྲོ་བ་སེམས་ཅན་རྣམས་བློས་མི་གཏོང་ཞིང་འགྲོ་བ་སེམས་ཅན་གྱིས་ཀྱང་མ་ཡུམ་གོ་ལ་འདི་ཉིད་བློས་མི་གཏོང་བར་གཉིས་ཀ་མཛའ་བརྩེའི་དཔལ་ལ་གནས་ནས། པྱི་སྣོད་འཛམ་གླིང་གོ་ལ་འདི་ཉིད་སླར་ཡང་རྫོགས་ལྡན་གསར་པའི་སྐབས་བཞིན་འགྱུར་པའི་སླད་དུ་ཡིན་ནོ། །

དེེ་ལྟར་གནས་ཚུལ་མདོ་ཙམ་ཞིག་གསར་འགྱུར་གྱི་ཚུལ་དུ་གངས་ལ་ཉི་ཤར་ནས།

image-270-3.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་