KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow

སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེས་སྩལ་བའི་སྒོམ་ཁྲིད་སྐོར་གྱི་གསུང་ཆོས་ཉིན་གསུམ་པའི་ཆོས་ཐུན་གཉིས་པ།

དེ་མཇུག་སླར་ཡང་མུ་མཐུད་དེ་གསུང་དོན། དང་པོ་སྒོམ་ཅུང་ཙམ་བསྐྱོན་ནས་བཞུགས་རྒྱུ་ཡིན། དེ་ཡང་ལུས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དྲན་པ་ཉེ་བར་གཞག་པ་ལ་སེམས་གཏད་དེ་བཞུགས་མཛོད། སྔར་བཞིན་ཁོག་སྟོད་ནས་ཁོག་སྨད་བར། བྲང་ནས་ལྟོ་བའི་ནང་བར་སེམས་གཏད། ལག་པ་གཡས་ནས་གཡོན་བར་སེམས་གཏད། དེ་བཞིན་རྐང་པ་གཡས་ནས་གཡོན་བར་སེམས་གཏད། ལུས་ཡོངས་སུ་རྫོགས་པར་སེམས་གཏད། དལ་གྱིས་མིག་ཕྱེ་ནས་སེམས་ལྷོད་པར་བཞུགས་མཛོད། མཚན་མེད་ཞི་གནས་ལ་རྟོག་པ་ཅི་ཤར་ཡང་མ་བཀག་པར་རང་བབས་སུ་འཇོག་དགོས་པ་ཡིན། ཡང་དྲན་པ་བརྗེད་མཚམས་བརྗེད་པ་རྟོགས་ཀྱང་འཐུས་པ་ཡིན། མཚན་མེད་ཞི་གནས་སྐོར་ཞུས་ཟིན་པ་ཡིན། དཀའ་ཚེགས་ཤིག་ཡོད་དེ། དེ་ཡང་ལས་སླ་དྲགས་ན་ཡང་ཇི་ལྟར་ཡིན་ནམ་སྙམ་པའི་དཀའ་ངལ་ཡོད། དཔེར་ན་ཉེ་དྲགས་ན་མི་མཐོང་བ་ཡིན། དཔེ་དེབ་སོགས་མིག་དང་བཅར་ཉེ་ཚེ་ཇི་བཞིན་མི་རིག་པ་ཡིན། རྒྱུན་དུ་རྣམ་རྟོག་འདྲ་མིན་འཆར་བ་དེ་ཉིད་ཆེས་དཀའ་བ་ཞིག་ཡིན། སྒོམ་རྒྱབ་སྐབས་རྣམ་རྟོག་དུ་མ་འཆར་བ་དེ་ཡང་ལེགས་པ་ཡིན། སྒོམ་གྱི་གྲོགས་དང་སྒོམ་གྱི་རྟེན་དུ་མ་ཡོད། དེ་བཞིན་རྣམ་རྟོག་ཁོ་རང་སེམས་མ་ཡིན་པའི་རྟེན། སེམས་རྩེ་གཅིག་པའི་གྲོགས། རྣམ་རྟོག་ཁོ་རང་སེམས་རྩེ་གཅིག་པའི་རྟེན་དུ་གྱུར་ཡོད། རང་རེ་ལ་རྣམ་རྟོག་དུ་མ་ཡོད། དེ་ཉིད་མ་བཀག་པར་སྒོམ་གྱི་རྟེན་དུ་འགྱུར་དགོས་པ་ཡིན། ཞི་གནས་སྐབས་དབུགས་ལ་སེམས་གཏད་པ་ལྟར། ད་ལྟ་རང་རེས་རྣམ་རྟོག་ལ་སེམས་གཏད་དེ་གནས་དགོས་པ་ཡིན། རྣམ་རྟོག་ནི་ཕྲེང་བ་ལྟ་བུ་དང་། དྲན་པ་དེ་ཉིད་ཕྲེང་རྡོག་སྒུལ་བར་བྱེད་པའི་མཐེ་བོང་ལྟ་བུ་ཡིན། ལུས་བསྲངས་ཏེ་རྣམ་སྣང་ཆོས་བདུན་ངང་བཞུགས་དགོས། འདི་སྐབས་རྣམ་རྟོག་གི་གསང་བ་མྱོང་བ་གཉིས་ཡོད། རྣམ་རྟོག་ལ་ལྟ་དུས་རྣམ་རྟོག་བརླག་འགྲོ་བཞིན་ཡོད། རྣམ་རྟོག་ལྟ་མཁན་ལ་དྲན་པ་ཟེར། ཉམས་མྱོང་གཉིས་པོ་དེ། རྣམ་རྟོག་ལ་བལྟས་ཏེ་མུ་མཐུད་དེ་གནས་ཐུབ་པ་ཡིན། དཔེར་ན་བརྙན་འཕྲིན་ལྟ་བུ་ཡིན། གློག་བརྙན་གྱི་རང་བཞིན་རས་གཞིར་ཤར་བ་ཐམས་ཅད་ལྟ་སྐབས་སྣང་བ་སྣ་ཚོགས་འཆར་བ་ཡིན། དེ་ལྟར་རྣམ་རྟོག་ལ་ལྟ་ཐུབ་མ་ཐུབ་པ་ཡང་སྐྱེས་བུའི་ཁམས་ཀྱི་ཁྱད་པར་ཡིན། ཁ་སྔོན་ཁོ་བོས་དཔེ་ཞིག་ཞུས་པ་ཡིན། དཔེ་དེ་རྒྱུགས་ཆུ་ཡིན། རྒྱུགས་ཆུ་ལ་ལྟ་བ་ཡིན་ན་དེ་ཉིད་འཇམ་པོ་ཞིག་བབས་པའམ། རྩུབ་པོ་ཞིག་བབས་པའམ་དེ་ཉིད་ཁྱད་པར་མེད། འོན་ཀྱང་དངོས་སུ་རྒྱུགས་ཆུར་ཞུགས་ཚེ་འཆི་བའི་ཉེན་ཡོད། ད་ལྟ་འདིར་ཕྱག་རྒྱ་ཆེན་པོ་སྒོམ་པའི་སྐབས་ཡིན་དུས་བཟང་ངན་གྱི་རྟོག་པ་ཅི་ཡང་མེད། རྣམ་རྟོག་ལ་ལྟ་ཐུབ་མ་ཐུབ་གཉིས་སུ་འདུས་པ་ཡིན། རྣམ་རྟོག་ལ་ལྟ་མ་ཐུབ་པ་ཡིན་ནའང་བཟང་སྟེ་གནས་པ་ལ་བབས་པ་ཡིན། ལྟ་ཐུབ་ཚེ་རྣམ་རྟོག་སྒོམ་ལ་འགྱུར་བཞིན་ཡོད། སྒོམ་ལ་བར་ཆད་ཅི་ཡོད་ཅེ་ན། ༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེས་གསུངས་པ་ལྟར། བྱིང་རྨུགས་རྒོད་པ་སོགས་ཡོད་ཀྱང་དེ་དག་སེལ་བའི་ཐབས་དེ་ཉིད་སྟེང་བལྟས་ཚེ་ཞི་ནུས། ཁྱེད་རྣམ་པས་དགོངས་ན་བར་ཆད་དེ་གང་ཞིག་ཡིན། ཐེ་ཚོམ་བར་ཆད་དུ་འགྱུར་རམ། མི་འགྱུར་ཐེ་ཚོམ་ལ་དམིགས་ཏེ་མཉམ་པར་བཞག་ན་དེ་ཉིད་ཀྱིས་འཐུས་པ་ཡིན་པས་བར་ཆད་དུ་མི་འགྱུར། བར་ཆད་གཅིག་པོ་དེ་བལྟ་རྒྱུ་བརྗེད་སོང་ན་བར་ཆད་ཡིན། ཡེངས་ནའང་བར་ཆད་ཡིན། བདེ་བའི་ཉམས། གསལ་བའི་ཉམས། མི་རྟོག་པའི་ཉམས་ཡོད་ནའང་ཉམས་ཡིན་པས་ལེགས་ལ། དེ་བཞིན་མི་བདེ་བ་ལ་སོགས་པའི་རྩུབ་མོའི་ཚོར་བ་རྣམས་ཡང་ཡེངས་མེད་སྒོམ་གྱི་དངོས་གཞིར་གསུངས་པ་བཞིན་ཞེས་གསུངས་པ་ལྟར། ཡེངས་མེད་དེ་ཉིད་སྒོམ་གྱི་གཙོ་བོ་ཡིན། མ་ཡེངས་པ་དེ་གང་ཤར་རྟོག་པའི་ངོ་བོ་སོ་མ་སྟེ་བཟང་ངན་ལེགས་ཉེས་ཀྱི་དབྱེ་བ་མེད་པ། ལྷ་འདྲ་བ་ཡིན་ཡང་འདྲ། འདྲེ་འདྲ་བ་ཡིན་ནའང་དེ་ཉིད་ལ་མ་ཡེངས་པར་འཇོག་དགོས་པ་ལས། བསྒོམ་རྒྱུ་དང་། བསྒྲུབ་རྒྱུ་ཅི་ཡང་མེད་པས་བསྒོམ་བྱ་བློ་དང་བྲལ་བར་བྱིན་གྱིས་རློབས། ཞེས་གསུངས་པ་ལྟར་ཡིན། མ་ཡེངས་པ་ལ་དྲན་པ་ཟེར། དེ་ལ་རིག་པ་ཟེར། རིག་པ་མེད་ཚེ་གནས་པ་རྐྱང་པས་སྒོམ་དུ་མི་འགྱུར། སྒོམ་དུ་འགྱུར་བར་རིག་པའམ་མ་ཡེངས་པ་གཙོ་བོ་དགོས་པ་ཡིན། འདི་ལྟའི་ཉམས་ལེན་ལ་གནས་འགྱུ་རིག་གསུམ་སྟེ་ཞི་གནས་དང་འབྲེལ་བ་ལས།  ལྷག་མཐོང་དངོས་གཞིར་སླེབས་མེད། མགོ་ལ་བྱང་སེམས་དང་། དད་པ་སོགས་རིམ་གྱིས་སྒོམ་ཚེ་བྱང་ཆུབ་མངོན་དུ་འགྱུར་བ་ཡིན། ཇི་ལྟར་སེམས་ངོ་རྟོགས་སྙམ་ན་སྒོམ་ཡུན་དུ་བརྟེན་པས་རིག་པ་དེ་ཉིད་གནས་འགྱུ་གཉིས་ལ་ཐིམ་པའམ་འདྲེས་པ་ཡིན། དེ་རྟིང་མུ་མཐུད་སྒོམ་ཚེ་གནས་འགྱུ་དབྱེར་མེད་གཅིག་ཏུ་འགྱུར། དེ་ནས་ཡུལ། ཡུལ་ཅན། བསྒོམ་བྱ། སྒོམ་བྱེད་ཅི་ཡང་མེད་པར་འགྱུར། དེ་ལྟར་མུ་མཐུད་དེ་ཉམས་ལེན་བགྱིད་ཚེ་ཕྱག་རྒྱ་ཆེན་པོའི་ཉམས་དང་རྟོགས་པ་རྣམས་རིམ་གྱིས་མངོན་དུ་འགྱུར་བ་ཡིན། རང་རེ་བཀའ་བརྒྱུད་པ་བྱིན་རླབས་ཀྱི་བརྒྱུད་པ་ཡིན་པས་ཐར་པ་དང་། གྲོལ་བ་མངོན་དུ་འགྱུར་བའི་ལམ་ཟབ་མོ་མངའ་བ་ཡིན་པས་རང་རེས་བརྩོན་པ་རྒྱུན་དུ་བསྟེན་དགོས་པ་ཡིན། ད་ལྟར་གནས་འགྱུ་རིག་གསུམ་གྱི་སྐོར་དེ་ཞུས་ཟིན་པ་ཡིན། དྲན་པའི་སྐོར་མདོར་བསྡུས་ཏེ་ཞུ་རྒྱུ་ཡིན། རྒྱུན་དུ་རང་རེའི་དྲན་པ་དེ་ཉིད་སེམས་བྱུང་གཟུང་འཛིན་ཅན། རེ་དོགས་ཅན་དེ་ལྟ་བུ་ཞིག །ད་ལྟ་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་སྐབས་དྲན་པ་དེ་ངོ་ཤེས་ནས་དབུགས་དང་སྒྲ་ལ་སེམས་གཏད་དགོས། དྲན་པ་དེ་ལ་རེ་དོགས། དགག་སྒྲུབ་ཀྱི་ཆ་ཅི་ཡང་མེད། དེ་ལ་དྲན་རྫི་ཞེས་བརྗོད་པ་ཡིན། དྲན་རྫི་ལ་བརྟེན་དྲན་པའི་ངོ་བོ་ཤེས། སེམས་ཀྱི་ངོ་བོ་གསལ་སྟོང་ཟུང་འཇུག་སྟེ། སེམས་འཚོལ་གྱི་མན་ངག་སྟེ་སེམས་ཉིད་གསལ་སྟོང་ཟུང་འཇུག་ཅིག་ལ། ཝལ་ལེ། གསལ་ལེ། ཧྲིག་གེ། རྗེན་ནེ་བ་ཞིག་འཆར་བ་ཡིན། དེ་ཉིད་ད་ལྟ་མངོན་འགྱུར་དུ་ཡོད་ཀྱང་རང་རེས་ངོ་མི་ཤེས་པ་ཡིན། ངོ་ཤེས་ཚེ་དེ་སྐབས་གཉུག་མའི་དྲན་པ། རང་རིག་གི་དྲན་པ་ཞེས་གསུངས། རང་རེ་རྣམས་ལྷན་དུ་བླ་མའི་རྣལ་འབྱོརགྱི་སྒོམ་ལྷན་དུ་བསྐྱོན་རྒྱུ་ཡིན། རང་རེས་བླ་མ་རྡོ་རྗེ་འཆང་༸རྒྱལ་དབང་ཀརྨ་པ་མོས་བློས་ཡར་འཇོག་པ་མི་དགོས་པར་དོན་དུ་སངས་རྒྱས་ཡིན་པས་དེ་ཉིད་སྤྱི་གཙུག་ཏུ་སྒོམ་དགོས་པ་ཡིན། རང་རེས་བླ་མ་སྤྱི་བོའི་འོད་དུ་ཞུ་ནས་རང་གི་སེམས་ཉིད་དང་དབྱེར་མེད་དུ་འདྲེས་སོང་སྙམ་པའི་མོས་པ་བྱ་དགོས། མཐའ་མར་བསྔོ་བས་རྒྱས་བཏབ་དགོས། རབ་དམིགས་མེད་ཀྱི་བསྔོ་བ། དེ་མིན་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དཔང་པོའི་ཚུལ་དུ་བཞུགས་པར་མོས་དགོས། བྱང་ཆུབ་ཏུ་བསྔོ་བ། རྗེས་སུ་དྲན་པའི་བསྔོ་བ་བྱ་དགོས། སྤྱིར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་དང་། དེ་བཞིན་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ཅིང་ཐུགས་ཀྱི་བཞེད་དགུ་མ་ལུས་ལྷུན་གྱིས་གྲུབ་པ་དང་། དེ་བཞིན་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ཅིང་ཐུགས་ཀྱི་བཞེད་དགུ་མ་ལུས་ལྷུན་གྱིས་གྲུབ་པའི་བསྔོ་སྨོན་མཛད་དགོས་པ་ཡིན། ཞེས་བཀའ་སྩལ། ། བསྟན་འཛིན་རྣམ་རྒྱལ་ནས་ཐད་ཕབ་ཞུས།

 

20180224PM_Aspiration of Mahamudra Review&Meditation3-3