སྨོན་ལམ་ཉིན་བདུན་པར་དགུན་ཆོས་གྲུབ་འབྲས་རྩེར་སོན་རྣམས་དང་། སྤྱོད་ལམ་རྒྱུགས་སྤྲོད་གྲུབ་འབྲས་རྩེར་སོན་རྣམས་ལ་བྱ་དགའ་གསོལ་རས་སྩལ་བ།

སྤྱི་ལོ་༢༠༡༧་ཟླ་༢ཚེས་༡༩ཉིན་གྲྭ་བཙུན་མི་མང་རྣམས་རྒྱུན་ལྡན་ལྟར་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་ནས་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་འབོགས་པ་ནས་དབུ་བཟུང་སྟེ་བླ་མ་མཆོད་པ་གསུང་གནང་ཞིང་། སྒྲུབ་ཁང་དུ་ལོ་གསུམ་ཕྱོགས་གསུམ་བཞུགས་ཟིན་ཞིང་ཆོས་དྲུག་ཉམས་ལེན་མཐར་ཕྱིན་རྣམས་ཞོགས་ཐུན་ཆོས་དྲུག་འཕྲུལ་འཁོར་གྲུབ་རྗེས་རས་དཀར་ཆུར་སྦངས་མནབ་སྟེ་གཏེར་སྒར་དགོན་པའི་འདུ་ཁང་ལ་སྐོར་བ་དང་བཅས་བླ་མ་མཆོད་པའི་སྤྱན་འདྲེན་དང་བསྟུན་ཏེ་སྨོན་ལམ་ཆོས་རའི་བཞུགས་གནས་སུ་བཞུགས་ཟིན་རྗེས་༸རྒྱལ་དབང་མཆོག་དབུ་བཞུགས་ཀྱིས་བླ་མ་མཆོད་པའི་འདོན་པའི་བར་ནས་དགུན་ཆོས་སྐབས་ཀྱི་དགོན་ཁག་དགུ་ལས་དགོན་པ་གཉིས་ཀྱི་གྲྭ་པ་གཉིས་དམ་བཅའ་དང་དགོན་པ་དྲུག་གི་གྲྭ་པ་ཁག་ཅིག་གིས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཆོས་འཁོར་གྱི་སྐོར་གྱི་རྟགས་གསལ་གཟིགས་འབུལ་ཞུས་རྗེས་བན་ཆེན་བཤད་གྲྭའི་ལྷག་པ་ཡེ་ཤེས་ནས་བསྔོ་བ་དང་སྨོན་ལམ་གྱིས་མཐའ་བརྒྱན་པར་བྱས།

སྤྱིར་བཀའ་བརྒྱུད་དགུན་ཆོས་སྤྱི་ལོ་༡༩༩༦ལོར་ཆོས་རྗེ་བླ་མ་ཕུན་ཚོགས་ནས་དབུ་བཙུགས་ཤིང་དེ་ནས་བཟུང་རིམ་གྱིས་ལོ་ལྟར་ཡར་རྒྱས་འགྲོ་བཞིན་པ་ཡིན་ཅིང་། ལྷག་པར་སྤྱི་ལོ་༢༠༠༨ནས་བཀའ་བརྒྱུད་དགུན་ཆོས་ཀྱི་མཛད་འགན་མཐའ་དག་༸རྒྱལ་དབང་མཆོག་གིས་བཞེས་ཏེ། བཀའ་བརྒྱུད་པའི་དཔེ་རྙིང་འཚོལ་བསྡུ་དང་ཡིག་ཆ་ཕྱོགས་སྒྲིག་མཛད་པ་དང་། བཀའ་བརྒྱུད་པའི་བཤད་གྲྭ་རྣམས་ཀྱིས་གཞུང་ལུགས་ཁག་ལས་རང་ལུགས་ཀྱི་ཡིག་ཆ་ཕྱོགས་རེ་བ་དང་ལུང་ཙམ་ལ་བརྟེན་པ་མ་ཡིན་པར་རྒྱལ་བའི་བཀའ་བསྟན་འགྱུར་དག་ལ་ཞིབ་བསྡུར་བྱས་ནས་འཛིན་མཚམས་དང་གྲུབ་དོན་གཏན་ལ་ཕབ་ཅིང་། ཆོས་བརྒྱུད་ཁག་གི་མཁས་པ་གཟུ་དཔང་དུ་གདན་དྲངས་ཏེ་བསྡུས་རྟགས་བློ་གསུམ་རིགས་ལམ་འགྲན་རྩོད་བྱས་ཏེ་ཨང་ཐོབ་ཀྱི་དགོན་པ་ཁག་དང་། དེ་བཞིན་དུ་གྲྭ་པ་སྒེར་སོ་སོར་རྟགས་གསལ་རྩེ་ཕུད་དང་། དམ་བཅའ་རྩེ་ཕུད། བརྩོན་འགྲུས་རྩེ་ཕུད་རྣམས་ལ་བྱ་དགའི་གསོལ་རས་སྩལ་བཞིན་ཡོད་པ་ལྟར། ད་ལོ་ཡང་ཚད་མ་མངོན་སུམ་ལེའུ་དང་སེམས་ཙམ་པའི་གྲུབ་མཐའི་སྐོར་གྱི་འགྲན་རྩོད་ལས་བྱ་དགའ་ཐོབ་པའི་དགོན་པ་ཁག་ནི། 

ཚད་མ་ཨང་དང་པོ། འབོ་དཀར་བཤད་གྲྭ་ཐོས་བསམ་ནོར་གླིང་དགའ་ཚལ།
ཚད་མ་ཨང་གཉིས་པ། དཔལ་སྤུངས་བཤད་གྲྭ་ལུང་རིགས་འཇམ་དཔལ་གླིང་།
གྲུབ་མཐའ་ཨང་དང་པོ། ལ་བྷ་བཤད་གྲྭ་རིག་པའི་རྡོ་རྗེའི་གཙུག་ལག་སློབ་གཉེར་ཁང་།
གྲུབ་མཐའ་ཨང་གཉིས་པ། བན་ཆེན་ནང་བསྟན་ཐོས་བསམ་གླིང་།
ཁྱོན་བསྡོམས་ཨང་དང་པོ། འབོ་དཀར་བཤད་གྲྭ་ཐོས་བསམ་ནོར་གླིང་དགའ་ཚལ།
རྟགས་གསལ་རྩེ་ཕུད། དཔལ་སྤུངས་བཤད་གྲྭ་ལུང་རིགས་འཇམ་དཔལ་གླིང་གི་གྲྭ་ཚེ་རིང་རྡོ་རྗེ་ལ་ཐོབ།
དམ་བཅའ་རྩེ་ཕུད། འབོ་དཀར་བཤད་གྲྭ་ཐོས་བསམ་ནོར་གླིང་དགའ་ཚལ་གྱི་གྲྭ་འཇམ་དབྱངས་སེང་གེ་ལ་ཐོབ།
བརྩོན་འགྲུས་རྩེ་ཕུད། དཔལ་སྤུངས་བཤད་གྲྭ་ལུང་རིགས་འཇམ་དཔལ་གླིང་གི་གྲྭ་བློ་བཟང་ཚེ་རིང་ལ་ཐོབ།

བཀའ་བརྒྱུད་སྨོན་ལམ་ཆེན་ཆེན་མོའི་ཕྱག་ལས་ཡང་སྤྱི་ལོ་༢༠༠༤ལོར་༸རྒྱལ་དབང་མཆོག་གིས་མཛད་འགན་བཞེས་ནས་བཟུང་ཕྱི་ཡི་སྤྱོད་ལམ་དང་ཀུན་སྤྱོད་གང་ས་ཅི་ཐད་ནས་ཡར་རྒྱས་འགྲོ་དང་འགྲོ་བཞིན་པ་ཡིན་པ་དང་། ལྷག་པར་དུ་ལོ་ལྟར་སྤྱོད་ལམ་རྒྱུགས་བཞེས་གནང་ཞིང་ཨང་ཐོབ་རྩེ་ཕུད་རྣམས་ལ་བྱ་དགའ་གསོལ་རས་སྩལ་བཞིན་ཡོད་པ་ལྟར་འདི་ལོར་ཡང་དགེ་སློང་དང་དགེ་ཚུལ་གཉིས་ལས།
དགེ་སློང་སྤྱོད་ལམ་ཨང་དང་པོ། ཁྲ་འགུ་བཀྲ་ཤིས་ཆོས་གླིང་།
དགེ་སློང་སྤྱོད་ལམ་ཨང་གཉིས་པ། རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་།
དགེ་སློང་སྤྱོད་ལམ་ཨང་གསུམ་པ། ལ་བྷ་རིག་པའི་རྡོ་རྗེའི་གཙུག་ལག་སློབ་གཉེར་ཁང་།
དགེ་ཚུལ་སྤྱོད་ལམ་ཨང་དང་པོ། འབྲུག་བཙུན་དགོན་ཀརྨ་སྒྲུབ་སྡེ་དཔལ་མོ་ཆོས་ཀྱི་ལྡིང་ཁང་།
དགེ་ཚུལ་སྤྱོད་ལམ་ཨང་གཉིས་པ། དཔལ་སྤུངས་བཙུན་དགོན་ཡེ་ཤེས་རབ་རྒྱས་གླིང་།
དགེ་ཚུལ་སྤྱོད་ལམ་ཨང་གསུམ་པ། ཁྲ་འགུ་སྒྲོལ་མ་ལྷ་ཁང་ལ་ཐོབ།
༸རྒྱལ་དབང་མཆོག་ནས་དེ་དག་ལ་བྱ་དགའ་གསོལ་རས་བསྩལ་གནང་ཟིན་རྗེས་རྡོ་རྗེ་གདན་གན་དྷོ་ལའི་དྲུང་དུ་ཕེབས་ཤིང་སླར་ཡང་ཚོགས་མགོན་དུ་ཕེབས། འདུས་མང་ནས་དབྱངས་སྙན་ཞིང་སྒྲ་དག་གསལ་གསུམ་གྱི་སྒོ་ནས་བླ་མ་མཆོད་པའི་འདོན་པ་མཇུག་ལེགས་པར་གྲུབ།
ལྷ་ཐོག་ཐུབ་སྦྱིན་ནས།

20170219AM_Prizes from the Gunchoe, Prizes from Examination of Monastic Forms

Right-Column-Pics3.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་