བཀའ་བརྒྱུད་སྨོན་ལམ་ཉིན་མཐའ་མའི་སྦྱིན་བདག་ཡོངས་བསྔོའི་སྐབས་ཀྱི་བཀའ་སློབ།

དེ་རིང་སྦྱིན་བདག་ཡོངས་བསྔོ་བྱེད་པའི་དུས་ལ་བབ་པ་ཡིན་པ་རེད། ཡོངས་བསྔོ་ཞེས་པ་དེ་རང་གཞན་གྱི་དགེ་རྩ་གང་བསགས་ཡོད་པ་དེ་དག་ཐམས་ཅད་ཆུད་ཟོས་སུ་མི་འགྲོ་བར་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་བསྔོ་བར་བྱ་དགོས། དེ་ལྟ་བུའི་བསྔོ་བ་བྱེད་པ་ལ་བསྔོ་བའི་ཕན་ཡོན་ཤེས་པ། ཡོངས་སུ་བསྔོ་བར་བྱེད་པ། བསྔོ་བ་སྦྱངས་པར་བྱེད་པ་རྣམ་པ་གསུམ་ཡོད། དེ་ལ་དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་འཇུག་པ་ལས། སྐྱེ་བོ་འདི་ཀུན་བདེ་བ་མངོན་འདོད་ཅིང་། ། མི་རྣམས་བདེ་བའང་ལོངས་སྤྱོད་མེད་མིན་ལ། ། ལོངས་སྤྱོད་ཀྱང་ནི་སྦྱིན་ལས་འབྱུང་མཁྱེན་ནས། ཐུབ་པས་དང་པོར་སྦྱིན་པའི་གཏམ་མཛད་དོ། ། ཞེས་གསུངས་པ་ཇི་བཞིན། ང་ཚོར་བདེ་ཞིང་སྐྱིད་པ་འོང་དགོས་ན་དེའི་རྒྱུ་ལོངས་སྤྱོད་སྒྲུབ་པ་ལ་འབད་བརྩོན་བྱེད་དགོས། ལོངས་སྤྱོད་དམ་རྒྱུ་དཔལ་འབྱོར་དེ་རྒྱུ་མེད་ལས་བྱུང་བ་མ་ཡིན་པ་དང་། རྒྱུ་རྐྱེན་ཕྱིན་ཅི་ལོག་པ་ལས་ཀྱང་བྱུང་བ་མ་ཡིན་པར་རྒྱུ་གང་ལ་བརྟེན་ནས་བྱུང་བ་རེད་ཅེ་ན། བསོད་ནམས་ཀྱི་ཚོགས་བསགས་པ་ལ་བརྟེན་ནས་བྱུང་བ་རེད། བསོད་ནམས་དེ་ལ་ཡང་དབུ་མ་འཇུག་པ་ལས་གང་གསུངས་ཡོད་ཅེ་ན། སྦྱིན་སོགས་ཆོས་གསུམ་དེ་དག་ཕལ་མོ་ཆེར། ། བདེ་བར་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས། ། བསོད་ནམས་ཞེས་བྱའི་ཚོགས་ཀྱང་དེ་དག་ཉིད། ། ཅེས་གསུངས་ཡོད། དེའི་དོན་དག་དེ་གང་རེད་ཅེ་ན། སྦྱིན་པ་ལས་བྱུང་བའི་བསོད་ནམས། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས། བཟོད་པ་ལས་བྱུང་བའི་བསོད་ནམས་ཞེས་བསོད་ནམས་དེ་ལ་རིགས་གསུམ་ཡོད། དེའི་ནང་ནས་བསོད་ནམས་མཆོག་ཏུ་གྱུར་པ་དེ་གང་ཡིན་ཞེ་ན། དེའི་ནང་ནས་མཆོག་ཏུ་གྱུར་པ་དེ་སྦྱིན་པ་ལས་བྱུང་བའི་བསོད་ནམས་དེ་ཡིན་ཅིང་། སྦྱིན་པ་དེ་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པ་རེད་དེ་གོ་བདེ་ཤོས་ཤིག་ཞུ་ན། ཁྱིམ་བདག་དྲག་ཤུལ་ཅན་གྱི་ཞུས་པའི་མདོ་ལས། གང་བྱིན་པ་དེ་ནི་བདག་གི་ཡིན་ནོ། ། གང་ཁྱིམ་ན་བཞག་པ་དེ་ནི་བདག་གི་མ་ཡིན་ནོ། ། གང་བྱིན་པ་དེ་ནི་སྙིང་པོ་ཅན་ནོ། ། གང་ཁྱིམ་ན་བཞག་པ་དེ་ནི་སྙིང་པོ་མེད་པའོ། ། དེ་ལ་སོགས་པ་མང་པོ་གསུངས་ཡོད། དེ་གོ་བདེ་ཤོས་ཟེར་ནའང་འདྲ་གོ་བ་ཆེ་ཤོས་ཤིག་ཡོང་གི་ཡོད། དེའི་དོན་དེ་གང་གསུངས་པ་རེད་ཅེ་ན། སྦྱིན་པ་བཏང་བ་ཡིན་ན་སྦྱིན་པའི་དགེ་རྩ་དེ་སྐྱེ་བ་ཕྱི་མ་ལ་ཁེལ་བ་ཞིག་བྱེད་དགོས་རེད་མ་གཏོགས་ཚེ་འདིར་རྒྱུ་ཟས་སེར་སྣ་བྱས་ཏེ་བསག་བསྡད་པ་ཡིན་ན་འཆི་བའི་སྐབས་སུ་ཤུལ་དུ་བོར་ནས་འགྲོ་རྒྱུ་མ་གཏོགས་སྐྱེ་བ་ཕྱི་མར་ཚེ་འདིར་བསགས་པའི་དགེ་བ་ཅུང་ཟད་ཀྱང་མེད། མདོར་ན་སྦྱིན་པའི་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་དཔེ་ཆའི་ནང་དུ་བཤད་པ་ཙམ་མ་ཡིན་པར་ད་ལྟ་ང་ཚོ་དངོས་ཡོད་གནས་ཚུལ་གྱི་ཐོག་ལ་ཡིན་ན་ཡང་གཏོང་ཕོད་ཆེན་པོ་ཡོད་པའི་སྐྱེ་བུ་དེ་འདྲས་མི་མང་པོ་ལ་ཕན་ཐོགས་བྱེད་ཐུབ་ཀྱི་ཡོད། ཕན་བདེ་བསྐྲུན་ཐུབ་ཀྱི་ཡོད་པ་ང་ཚོ་ཚང་མས་ཤེས་གསལ་རེད། དེ་ཡིན་སྟབས་མང་པོ་ཞུ་མི་དགོས་པར་གྱིས། སྦྱིན་པའི་ངེས་ཚིག་ཅེས་པ་དེ་སཾསྐྲྀཏའི་སྐད་ཐོག་ནས་འགྲེལ་བཤད་རྒྱབ་པ་ཡིན་ན་ཧ་ཅང་རྒྱག་རྒྱུ་ཡོད་པ་ཞིག་ཡིན་འདུག་སྟེ། བོད་སྐད་ཐོག་ནས་ངེས་ཚིག་ཅེས་པ་དེ་ལ་འགྲེལ་བཤད་ཏག་ཏག་ཅིག་ཡོད་དམ་མེད་ཧ་གོ་ཐུབ་ཀྱི་མི་འདུག གང་ལྟར་ཡང་ནམ་རྒྱུན་མདོ་སྡེ་རྒྱན་ལས་ཕར་ཕྱིན་དྲུག་གི་སྒྲ་བཤད་ཟེར་ན་འདྲ་འགྲེལ་བཤད་རྒྱག་འོང་དུས་དབུལ་པོ་འདུལ་བར་བྱེད་པ་དབུལ་པོའམ་ཕོངས་པ་མེད་པར་བྱེད་པ་ཞིག་ལ་སྦྱིན་པ་ཅེས་བརྗོད། མདོར་ན་སྦྱིན་པ་དེ་ལ་ཟང་ཟིང་གི་སྦྱིན་པ་དང་། མི་འཇིགས་པའི་སྦྱིན་པ། ཆོས་ཀྱི་སྦྱིན་པ་ཞེས་པ་དེ་འདྲའི་སྦྱིན་པའི་དབྱེ་བ་གསུམ་ཡོང་གི་ཡོད།  དེ་ཡིས་བསོད་ནམས་ཆེ་བའི་ཕན་ཡོན་བཤད་ནས་ད་བསོད་ནམས་དེ་ཡོངས་སུ་བསྔོ་བར་བྱེད་དགོས། དགེ་བའི་རྩ་བ་ཅི་བསགས་པ་དེ་ཡོངས་སུ་བསྔོ་བར་བྱེད་དགོས་པ་ཡིན། ཡོངས་སུ་བསྔོ་བ་བྱེད་དགོས་པའི་རྒྱུ་མཚན་དང་དགོས་པ་མདོར་བསྡུས་ཞུ་རྒྱུ་ཡིན། ང་རང་ཚོས་དགེ་བའི་རྩ་བ་ཇི་ལྟར་བསགས་པ་ཡིན་ན་ཡང་དེ་བསྔོ་བས་རྒྱས་འདེབས་པའམ་བསྔོ་བའི་རྩིས་ཟིན་པར་བྱེད་དགོས། དེ་བསྔོ་བའི་རྩིས་ཟིན་པར་མ་བྱས་ན་དགེ་བ་འཛད་པའི་རྒྱུ་བཞིའམ་དགེ་རྩ་འཕྲོ་བརླག་ཏུ་གཏོང་བའི་རྒྱུ་བཞི་ ཡོད། རྒྱུ་བཞིས་དགེ་རྩ་འཇོམས་པའམ་དགེ་རྩ་དེ་ནུས་པ་ཞན་དུ་བཏང་ནས་ཆུད་ཟོས་སུ་འགྲོ་བའམ་འཕྲོ་བརླག་ཏུ་འགྲོ་བའི་ཉེན་ཡོད།  རྒྱུ་བཞི་ཞེས་པས་ཡུལ་ཁྱད་པར་ཅན་ལ་ཁོང་ཁྲོ་དྲག་པོ་སྐྱེས་པ་དང་། ལོག་ལྟ་སྐྱེས་པ། དགེ་བ་བྱས་པ་ལ་ཕྱིས་འགྱོད་པ་སྐྱེས་ན་དགེ་བ་འཇོམས་འགྲོ་བ་དེ་འདྲ་ཡོང་བཞིན་ཡོད། དེ་བཞིན་སྐྱེས་བུ་དམ་པ་ལ་སྐུར་བ་བཏབ་ན་དེ་འདྲའི་ཐོག་ནས་དགེ་རྩ་འཇོམས་པ་ཡང་ཡོད། དེ་ལས་གཞན་དུ་གྱུར་པ་དགེ་རྩ་འཇོམས་པའམ་ནུས་པ་ཆུང་དུ་ཕྱིན་ནས་འཕྲོ་བརླག་འགྲོ་བའི་རྒྱུ་རྐྱེན་གཞན་ཡང་ཡོད། དཔེར་ན། ང་རྒྱལ་སྐྱེས་པ་དང་། དེ་བཞིན་དགེ་རྩ་ཡང་ཡང་བགྲང་ནས་ངས་དགེ་བ་འདི་བྱས་པ་ཡིན་ཞེས་མི་གཞན་ལ་ངོམ་པ་ཡིན་ན་ཡང་འཕྲོ་བརླག་ཏུ་འགྲོ་བའི་ཉེན་ཁ་ཡོད། གང་ལྟར་ཡང་ང་ཚོའི་དགེ་བའི་རྩ་བ་ཅི་བསགས་པ་དེ་བྱང་ཆུབ་ཏུ་བསྔོས་ཚེ་དགེ་བའི་རྩ་བ་དེ་སངས་རྒྱས་མ་ཐོབ་ཀྱི་བར་དུ་ཆུད་ཟོས་སུ་མ་སོང་བར་བརྟན་པར་གནས་མོད། དེ་ནས་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེར་ལྷུང་བ། ། རྒྱ་མཚོ་མ་བསྐམས་བར་དུ་དེ་མི་འཛད། ། དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། ། བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །  ཅེས་པའི་ཚིགས་བཅད་དེ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་མི་འདུག བློ་གྲོས་རྒྱ་མཚོའི་ཞུས་པའི་མདོའི་ཚིག་ལྷུག་ཅིག་ཡོད། དེའི་དོན་དེ་བོད་པ་ཚོས་ཚིགས་བཅད་སྒྲིག་བཞག་པ་ཡིིན་པ་འདྲ། དོན་དག་དེ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོའི་ནང་དུ་ཡོད། ཚིག་ཇི་བཞིན་ཚིགས་བཅད་དེ་ཡོད་མ་རེད་དེ་དེའི་སྐད་ཅ་གང་མ་རེད་དོན་དག་དེ་ཡོད་རེད། དེའི་དོན་དག་གང་གསུངས་ཀྱི་ཡོད་ཅེ་ན། དཔེར་ན། ཆུ་ཐིགས་གཅིག་རྒྱ་མཚོའི་ནང་དུ་ལྷུང་བ་ཡིན་ན་རྒྱ་མཚོ་དེ་མ་བསྐམས་བར་དུ་ཆུ་ཐིགས་དེ་གནས་ཀྱི་རེད། དེ་བཞིན་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པའི་དགེ་བ་དེ་ཡང་བྱང་ཆུབ་མ་ཐོབ་བར་དུ་འཛད་ཀྱི་མ་རེད། བྱང་ཆུབ་ཏུ་བསྔོས་པའི་དགེ་བ་དེ་འཕེལ་བཞིན་ཡོད། དེ་ཡང་སྤྱོད་འཇུག་ཆེན་མོ་ལས། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། ། འབྲས་བུ་སྐྱེས་ནས་ཟད་པར་འགྱུར་བ་ཉིད། ། བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། ། འབྲས་བུ་འབྱིན་པས་མི་བཟད་འཕེལ་བར་འགྱུར། ། ཞེས་དང་། རྗེ་བཙུན་བྱམས་མགོན་གྱིས་ཀྱང་དེ་བཞིན་དུ་གསུང་ཞིང་དེ་དག་གི་དོན་མང་པོ་ཞུ་མི་དགོས་པར་མདོར་ན་དོན་དག་རྡོག་རྡོག་དེ་བྱང་ཆུབ་ཏུ་བསྔོས་པའི་དགེ་བ་དེ་ཆུད་ཟོས་སུ་མི་འགྲོ་བར་གོང་ནས་གོང་དུ་འཕེལ་གྱི་ཡོད། དེ་ཙམ་དུ་མ་ཟད་དགེ་བ་དེ་སངས་རྒྱས་ཐོབ་པའི་རྒྱུ་རུ་ངེས་པར་དུ་འགྲོ་བའི་དགོས་པ་ཡོད། དགེ་བ་སངས་རྒྱས་ཐོབ་པའི་རྒྱུ་རུ་འགྱུར་ཚུལ་དེ་ཡང་འཕགས་པ་མངོན་བྱང་གི་ཞུས་པའི་རྒྱུད་ལས་གསུང་པས་དོན་མདོར་བསྡུས་ཏེ་ཞུས་ན། དཔེར་ན། ཆུ་ཐ་དད་པ་མང་པོ་ཞིག་རྒྱ་མཚོའི་ནང་དུ་འགྲོ་བཞིན་ཡོད། དང་པོ་ཡོང་དུས་སོ་སོར་རོ་མི་འདྲ་བ་རེ་ཡོད་པ་རེད་དེ་མཐའ་མ་རྒྱ་མཚོའི་ནང་དུ་ཞུགས་ཟིན་དུས་བ་ཚྭའི་བྲོ་བ་ཅན་དུ་འགྱུར་བཞིན་ཡོད། དེ་བཞིན་དགེ་བ་དེ་བླ་མེད་བྱང་ཆུབ་མཆོག་ཏུ་བསྔོས་པ་ཡིན་ན་དེའི་བསོད་ནམས་དེ་སངས་རྒྱས་ཐོབ་པའི་རྒྱུ་ཉག་གཅིག་ཏུ་འགྲོ་བ་རེད།   དེ་ལྟ་བུའི་དགེ་རྩ་བསགས་པ་དེ་བྱང་ཆུབ་མཆོག་ཏུ་བསྔོ་ཚུལ་ལམ་བསྔོ་བ་བྱེད་སྟངས་གང་འདྲ་རེད་ཅེས་ཞུས་ན་རྒྱ་གར་གྱི་པཎྜི་ཏ་བུདྡྷ་ཤྲཱིས་གསུངས་པ་ཇི་བཞིན་དམ་པ་གསུམ་གྱི་རྩིས་ཟིན་པ་ཞིག་དགོས། དམ་པ་གསུམ་པོ་དེ་གང་ཡིན་ཞེ་ན། ཡུལ་དམ་པ། དངོས་པོ་དམ་པ། བསམ་པ་དམ་པ་གསུམ་རེད། ཡུལ་དམ་པ་སྦྱིན་ཡུལ་དང་། དངོས་པོ་དམ་པ་སྦྱིན་བྱའི་རྫས་དང་། བསམ་པ་དམ་པ་དེ་བྱང་ཆུབ་ཀྱི་སེམས་སུ་གྱུར་ཡོད། སྦྱིན་པའི་ཞིང་དེ་ལ་སྤྱོད་འཇུག་ལས་གསུངས་པ་བཞིན་ཡོན་ཏན་གྱི་ཞིང་གཅིག་དང་། ཕན་འདོགས་པའི་ཞིང་། སྡུག་བསྔལ་གྱི་ཞིང་དང་གསུམ་ཡོད་ཅིང་། ཡོན་ཏན་གྱི་ཞིང་དེ་བླ་མ་དཀོན་མཆོག ཕན་འདོགས་པའི་ཞིང་དེ་རང་གི་ཕ་མ་དང་གྲོགས། སྡུག་བསྔལ་གྱི་ཞིང་དེ་ནད་པ་དང་དབུལ་པོ་ཉམ་ཐག་ལ་སོགས་པ་རེད། དེས་ན་རྒྱུན་དུ་མཆོད་པ་དང་སྦྱིན་པ་ཞེས་པ་དེ་མདོར་ན་གོང་དུ་འབུལ་སྐབས་མཆོད་པ་དང་མར་སྦྱིན་དུས་སྦྱིན་པར་གྱུར། དེ་འདྲའི་ཁྱད་པར་ཞིག་ལས་སྦྱིན་པའི་བཟོ་འདྲ་ཆགས་འགྲོ་གི་ཡོད། མདོར་ན་ང་རང་ཚོས་ནམ་རྒྱུན་ཧ་གོ་དགོས་པ་ཞིག་གང་ཡོད་ཅེ་ན། ནམ་རྒྱུན་ཡར་དཀོན་མཆོག་ལ་མཆོད་པ་བྱེད་པ་ལས་མར་སྤྲང་པོ་དང་དབུལ་ཕོངས་ཉམ་ཐག་ལ་སྦྱིན་པ་བྱེད་པ་དེ་བཤད་ཡོད་མ་རེེད། གསུངས་ཡོད་པ་ཡིན་ན་ཡང་ཧ་མ་གོ་བ་དེ་མཁྱེན་དགོས་པ་དེ་གལ་ཆེན་པོ་རེད་འདུག་དྲན་གྱི་འདུག དེ་ནས་སྐབས་འདི་ལྟ་བུ་མཚོན་པ་ཡིན་ན་ཡོན་ཏན་གྱི་ཞིང་བླ་མ་དཀོན་མཆོག་དེའི་ནང་ནས་ཀྱང་དགེ་འདུན་དཀོན་མཆོག་དགེ་འདུན་པ་མང་པོ་ཞིག་འཛོམས་ནས་ཞབས་ཏོག་ཕུལ་ཞིང་སྦྱིན་པ་རྒྱ་ཆེན་པོ་འབུལ་ས་ཡིན་པ་རེད། དགེ་འདུན་དེ་དཀོན་མཆོག་གསུམ་གྱི་ནང་ནས་དགེ་འདུན་དཀོན་མཆོག་ཡིན་དུས་དེ་ལ་ཕུལ་བའི་བསོད་ནམས་དང་བཞེས་པའམ་ལོངས་སུ་སྤྱོད་པའི་བསོད་ནམས་རྣམ་པ་གཉིས་ཀ་ཐོབ་ཀྱི་ཡོད། དེ་ཡིན་དུས་ནམ་རྒྱུན་འཕགས་པའི་དགེ་འདུན་དེ་དཀོན་མཆོག་རྗེས་དྲན་ལས་སྦྱིན་པའི་གནས་སུ་གྱུར་པ། ཀུན་ཏུ་ཡང་སྦྱིན་པའི་གནས་སུ་གྱུར་པ་ཞེས་གསུངས་པ་དང་། དེ་བཞིན་ཞིང་གི་དམ་པ་ཡོན་ཏན་གྱི་ཞིང་གསུངས་པ་ལ་སོགས་པ་མང་པོ་གསུངས་ཡོད་པ་རེད་དེ་མང་པོ་ཞུ་མི་དགོས་པར་གྱིས། དེ་ནས་དམ་པ་གསུམ་ལས་གཉིས་པ་སྦྱིན་པའི་རྫས་རེད། སྦྱིན་པའི་རྫས་སམ་དངོས་པོ་དེ་ཡང་དངོས་པོ་ཕལ་པའམ་གཞན་ལས་འཕྲོག་པ་མ་ཡིན་པ། དེ་བཞིན་དངོས་པོ་དེ་གཡོ་དང་སྒྱུ་ཡི་སྒོ་ནས་གཞན་མགོ་སྐོར་བཏང་ནས་བླངས་པ་མ་ཡིན་པ། དངོས་པོ་གཙང་མ་ཞིག་གམ་ཆོས་དང་མཐུན་པའི་དངོས་པོ་ཞིག་ཡིན་དགོས་ཀྱི་ཡོད།  མཐའ་མ་དེ་ལ་བསམ་པ་དམ་པ་བྱང་ཆུབ་སེམས་ཀྱི་རྩིས་ཟིན་པ་ཞིག་དགོས་ཀྱི་ཡོད། སྦྱིན་པ་བཏང་པ་ཡིན་ནའང་འདྲ་མཆོད་པ་ཕུལ་བ་ཡིན་ནའང་འདྲ་བསམ་བློ་གཏོང་སྟངས་དང་ཀུན་སློང་དེ་གལ་ཆེན་པོ་ཆགས་ཀྱི་ཡོད། སྤང་བྱའི་ཀུན་སློང་དེ་ལ་དྲི་མ་ཅན་ཞེས་བརྗོད། དང་པོ་སོ་སོ་ལ་སྙན་གྲགས་ཨེ་ཡོང་ན་སྙམ་སྟེ་སྦྱིན་པ་བཏང་བ་ཡིན་ན་དྲི་མ་ཅན་རེད། སོ་སོའི་སྦྱིན་འདོད་མེད་ན་ཡང་མི་གཞན་ལ་དབང་མེད་དུ་བྱེད་བཅུག་པ་ཡིན་ན་ཡང་དྲི་མ་ཅན་རེད། དེ་བཞིན་ཕར་ཡག་པོ་བྱས་ན་ཚུར་ཡང་ཡག་པོ་བྱེད་ཀྱི་རེད་སྙམ་ནས་རེ་བ་རྒྱབ་སྟེ་བྱིན་ན་དྲི་མ་ཅན་རེད། དེ་བཞིན་ཚེ་ཕྱི་མར་ང་ཕྱུག་པོ་ཞིག་གྱུར་ན་སྙམ་སྟེ་སྦྱིན་པ་བཏང་བ་ཡིན་ན་དེ་ཡང་དྲི་མ་ཅན་རེད། སྦྱིན་པ་བྱིན་ཟིན་པའི་རྗེས་སུ་འགྱོད་པ་སྐྱེས་ནའང་དྲི་མ་ཅན་རེད། དེ་བཞིན་གཞན་གྱི་དགེ་བ་བྱས་པ་ལས་ལྷག་པ་ཞིག་བྱེད་ཀྱི་ཡིན་བསམ་སྟེ་ཕྲག་དོག་གི་ཀུན་ནས་བསླངས་ཏེ་སྦྱིན་པ་བྱིན་ན་ཡང་དྲི་མ་ཅན་རེད། དེ་བཞིན་རློམ་སེམས་ཀྱིས་ངས་བྱས་པ་ཇི་བཞིན་གཞན་གྱི་བྱས་ཡོད་མ་རེད་སྙམ་སྟེ་ང་རྒྱལ་སྐྱེས་པ་ཡིན་ནའང་དྲི་མ་ཅན་རེད། མཐའ་མར་གོང་ཞུས་ལྟར་སྦྱོར་དངོས་རྗེས་གསུམ་གྱི་རྩིས་མ་ཟིན་པའི་སྒོ་ནས་སྦྱིན་པ་བཏང་བ་ཡིན་ན་དེ་ཡང་དྲི་མ་ཅན་རེད། མདོར་ན་ང་ཚོས་ཞིང་དང་བསམ་པ་དངོས་པོ་གསུམ་རྣམ་པར་དག་པའི་སྒོ་ནས་སྦྱིན་པ་བྱས་ན། དཔེར་ན། དེ་རིང་བཀའ་བརྒྱུད་སྨོན་ལམ་ཐོག་ཞིང་དང་བསམ་པ་དངོས་པོ་རྣམ་པ་གསུམ་རྣམ་པར་དག་པའི་སྒོ་ནས་སྦྱིན་པ་བྱེད་མཁན་ཡང་ཡོད་ཀྱི་རེད། དོན་དག་དེ་ཚོར་འགྲེལ་བཤད་མང་པོ་རྒྱག་དུས་དཀའ་ལས་ཁག་པོ་བཟོ་བཞིན་འདུག དཀའ་ལས་ཁག་པོ་བཟོས་པ་ཡིན་ཙང་སྔ་མ་ཨ་མ་རྒན་མོ་ཞིག་གིས་བླ་མ་ཞིག་ལ་གཅིག་ཞུས་པ་རེད། དགེ་བའི་ཕན་ཡོན་བཤད་ཡོང་དུས་བླ་མ་ཁྱོད་མ་ཚད་རྒན་མོ་ང་ཡང་རེ་བ་འདུག སྡིག་པའི་ཉེས་དམིགས་བཤད་དུས་ང་མ་ཚད་བླ་མ་ཁྱེད་རང་ཡང་ཁག་པོ་འདུག དེ་འདྲ་བཤད་པ་རེད། དེ་འདྲ་བྱེད་དུས་མང་པོ་བཤད་དུས་དེའི་བཟོ་འདྲ་ཆགས་པའི་ཉེན་ཁ་འདུག ། ད་མང་པོ་ཞུ་མི་དགོས་པར་དེ་རིང་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྦྱིན་པའི་བདག་པོ་རྣམས་ཀྱིས་བསགས་པའི་དགེ་བའི་རྩ་བ་འདི་ཙམ་དུ་མ་ཟད་ང་རང་ཚོའི་དུས་གསུམ་གྱི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡོམས་ནས་བསྔོ་བ་བྱེད་དགོས་པ་ཡིན། དེ་ཡང་སངས་རྒྱས་ཕལ་པོ་ཆེའི་མདོ་ལས། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། ། བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དག ། ཅེས་གསུངས་པ་བཞིན་ འགྲོ་བ་ཀུན་གྱི་དགེ་བའི་རྩ་བ་དང་ང་རང་གིས་འདས་པ་ལ་བྱས་ཟིན་པ་དང་ད་ལྟར་བྱེད་བཞིན་པ། མ་འོངས་པར་བྱེད་པར་འགྱུར་བ་དེ་དག་ཐམས་ཅད་གཅིག་ཏུ་བསྡོམས་ཏེ་བསྔོ་བར་བྱེད་པ་ཡིན།  ང་རང་ཆམ་པ་ཕོག་ནས་བདེ་པོ་ཞིག་མི་འདུག་སྟེ་འཇའ་ཚོན་རིན་པོ་ཆེ་ཁོང་གིས་དབུ་འཁྲིད་དེ་སྨོན་ལམ་གྱི་སྦྱིན་བདག་ལོ་དྲུག་གི་རིང་ལ་གནང་བ་རེད། ལོ་དྲུག་གི་རིང་སྦྱིན་བདག་བྱས་ཏེ་ཚོགས་ཡག་པོ་བསགས་པ་དེ་བསྔོ་བ་ཡག་པོ་ཞིག་བྱེད་དགོས་པ་ཡིན་ཙང་འགྲེལ་བཤད་ཡག་པོ་ཞིག་མ་བརྒྱབས་ན་འགྲིག་ས་མི་འདུག་དྲན་ནས་བཤད་པ་ཡིན། དེའི་རྗེས་ལ་བཀྲ་ཤིས་པའི་རྫས་བརྒྱད་ལ་སོགས་པས་སྦྱིན་པའི་བདག་པོ་རྣམས་ལ་བཀྲ་ཤིས་པར་བྱེད་རྒྱུ་དེ་ཡིན། ཞེས་བཀའ་སྩལ་ཏོ། །
ལྷ་ཐོག་ཐུབ་སྦྱིན་ནས་ཕབ།

20170219PM_Offerings to the gurus,Medicine Buddha,Sponsor Appreciation,HHKs Closing Speech
Right-Column-Pics4.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་