དངོས་གྲུབ་ལེན་ཆོག་དང་བསངས་རྒྱས་བསྡུས་གཉིས་ཀྱི་སྐོར།

སྤྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༢༦ ཉིན་ཐོ་རེངས་དུས་ཚོད་བཞི་པའི་ཐོག་བཀའ་བརྒྱུད་སྨོན་ལམ་ཆོས་རར་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་དང་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་རྣམ་པ་གཉིས་དབུ་བཞུགས་ཀྱིས་མཆོག་གི་སྤྲུལ་པའི་སྐུ་རྣམ་པ་དང་། མཁན་སློབ་རྣམ་པ། དབུ་རྡོར་ཆོས་གསུམ་དང་། དགེ་བཙུན་འདུས་པ་ཡོངས་ནས་དངོས་གྲུབ་ལེན་ཆོག་གྲུབ་ཟིན་རྗེས་སླར་ཡང་གར་དབང་སྐུ་བཞིའི་དབང་ཕྱུག་གིས་བརྩམས་མཛད་པའི་བསངས་མཆོད་བདུད་རྩིའི་སྤྲིན་ཕུང་བཀྲ་ཤིས་ཆར་འབེབས་གསུངས། སྤྱིར་བསངས་མཆོད་གསུང་དགོས་པའི་རྒྱུ་མཚན་ནི། བསངས་མཆོད་བདུད་རྩིའི་སྤྲིན་ཕུང་ལས། དེ་ཡང་བདག་གཞན་བྱང་ཆུབ་སྒྲུབ་པ་ཡི། །མི་མཐུན་རྐྱེན་རྣམས་ཡོངས་སུ་ཞི་ཕྱིར་དང་། །གྲིབ་དང་མི་གཙང་ནད་གདོན་སེལ་བ་དང་། །འཛམ་གླིང་བདེ་དང་ཚེ་བསོད་སྤེལ་བ་དང་། །དབང་དུ་བྱེད་དང་བྱེས་སུ་འགྲོ་བ་དང་། །ལྷ་ངོ་བསྟོད་ལ་ཉམ་ང་ཞི་ཕྱིར་སོགས། །མདོར་ན་ཕྲིན་ལས་རྣམ་བཞི་ཅི་སྒྲུབ་ཀྱང་། །བསངས་མཆོད་བརྔན་གྱི་རིམ་པ་བགྱིད་པར་བཤད། །ཅེས་གསུངས་པ་ལྟར་སྤྱི་མཚུངས་ཡིན་ཞིང་བྱེ་བྲག་ཏུ་ལོ་གསར་པ་ཚེས་སྐབས་འདིར་ལོ་སྔ་མའི་མི་མཐུན་པའི་རྐྱེན་ཐམས་ཅད་མཇུག་ཡོངས་སུ་བསྡུས་ཤིང་ལོ་གསར་པའི་ནང་དུ་གྲིབ་དང་མི་གཙང་ནད་གདོན་བར་ཆད་སོགས་ཞི་བའི་ཆེད་དུ་ཡིན་ནོ། །

སྒར་བསངས་ཆེན་མོ།

སྒར་བསངས་ཆེན་མོ་ནི། རབ་བྱུང་དྲུག་པའི་ས་འབྲུག །སྤྱི་ལོ་ ༡༣༢༨ ལོར་རྗེ་ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེས་སོག་གི་ཆུ་ཁར་ལྕགས་ཟམ་བཙུགས་སྐབས་འཛམ་བུ་གླིང་གི་གཞི་བདག་རྣམས་ལ་འཕྲིན་བཅོལ་གྱི་ཆེད་དུ་འཛམ་གླིང་སྤྱི་བསངས་ཞེས་པའི་བསངས་མཆོད་བརྩམས་ཤིང་འདོན་སྲོལ་བྱུང་། དེ་རྗེས་རིམ་གྱིས་བཀའ་བརྒྱུད་པའི་བླ་མ་གཞན་གྱིས་ཁ་སྐོང་དང་བསངས་གསོལ་སྣ་ཚོགས་བསྣན་ནས་བདུན་པ་ཆོས་གྲགས་རྒྱ་མཚོའི་སྐུ་དུས་སུ་སྒར་བསངས་ཆེན་མོ་ཞེས་པའི་མཚན་བྱང་ཐོགས། ཀཾ་ཚང་གི་དགོན་པ་ཁག་ནས་བོད་ཟླ་བཅུ་གཉིས་པའི་གནམ་གང་དང་བོད་ཟླ་དང་པོའི་ཚེས་གཅིག་གང་རུང་དུ་འདོན་བཞིན་ཡོད་ལ་དུས་ངེས་མེད་དུ་བདེ་རིམ་གྱི་ཆེད་དུ་ཡང་འདོན་སྲོལ་ཡོད། ལོ་གསར་སྐབས་བཀྲ་ཤིས་བཀའ་རྒྱ་མ་མི་རེ་རེ་བཞིན་དབུ་བསྐུལ་མཛད་ནས་འདོན་དགོས་ཤིང་རྒྱུན་དུ་བཀྲ་ཤིས་ཤླཽ་ཀ་ཁ་ཤས་བརྗོད་མཐར་མཆོད་སྦྱིན་གནས་འདིར་སོགས་ནས་མཇུག་སྡུད་པའང་ཡོད། ཡུལ་སྡེ་རྣམས་ཀྱིས་ཀྱང་བོད་ཟླ་ལྔ་པའི་བཅོ་ལྔ་དང་དྲུག་པའི་བཅོ་ལྔ་སོགས་ལ་རི་བསྟོད་དང་། ཡུལ་མི་རྣམས་གནས་སྐབས་མཐར་ཐུག་བདེ་བ་དང་འབྲུ་ནོར་ལོངས་སྤྱོད་འཕེལ་བའི་ཆེད་དུ་འདོན་སྲོལ་ཡང་ཡོད།

ད་ལན་སྤྱི་ཟླ་ ༢ པའི་ཚེས་ ༢༦ བོད་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུའི་སྔ་དྲོར་སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་དབུ་བཞུགས་ཀྱིས་དཔལ་སྤུངས་ཤེས་རབ་གླིང་གི་མཁན་སློབ་བླ་གྲྭ་ལྔ་བཅུ་ལྷག་ཙམ་ནས་སྒར་བསངས་ཆེན་མོ་ཡིད་བཞིན་དབང་རྒྱལ་དངོས་གྲུབ་ཆར་འབེབས་བཀའ་བརྒྱུད་སྨོན་ལམ་ཆོས་རའི་ཐོག་༸རྒྱལ་དབང་མཆོག་གི་དཔེ་མཛོད་ཁང་དུ་འཚོགས་པར་མཛད།              

                                 ལྷ་ཐོག་ཐུབ་སྦྱིན་ནས།

20170226AM_Garchen Great Smoke offerings
Right-Column-Pics29.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་