འཕགས་མ་བདེ་བྱེད་མའི་གཟིམ་སྤོས་ཀྱི་སྐོར།

དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གི་བཀའ་སློབ་ལམ་སྟོན་ཇི་བཞིན། རྒྱ་བལ་འབྲུག་གསུམ་གྱི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བཙུན་མའི་དགོན་སྡེ་ཁག་དྲུག་ཙམ་ནས། དུས་རབས་འདིར་བོད་ཀྱི་བཙུན་མ་རྣམས་ཀྱི་མདུན་ལམ་དང་གནས་སྟངས་གཉན་འཕྲང་ཅན་ཞིག་དང་དཀའ་སྡུག་དུ་མ་ཞིག་གི་ནང་དུ་ལྷུང་ཡོད་པས་དེ་རྣམས་སེལ་ཕྱིར་རབ་བྱུང་བཙུན་མའི་སྡེ་རྣམས་ཀྱི་ཤེས་ཡོན་ཡར་རྒྱས་གོང་འཕེལ་དུ་གཏོང་རྒྱུ་དང་། བོད་གངས་ཅན་གྱི་ཆེས་རིན་ཐང་དང་བྲལ་བའི་རིག་གཞུང་གི་ཡ་གྱལ་སྤོས་བཟོ་བྱ་ཚུལ་ལ་སོགས་པ་རྣམས་ད་ལྟ་རླུང་ནང་གི་མར་མེ་བཞིན་འཇིག་རྟེན་འདི་ནས་ཡལ་ལ་ཉེ་བའི་སྐབས། དེ་ལྟའི་རིག་གཞུང་རྣམས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོར་དམིགས་ཏེ་ཕྱི་ལོ་ ༢༠༡༦ ནས་འགོ་འཛུགས་ཀྱིས་ལོ་ལྟར་བཞིན་བཙུན་མ་རྣམས་ནས་གཟིམ་སྤོས་གསར་སྐྲུན་གྱི་ལས་ལ་འཇུག་པ་བཞིན།

ད་ལན་ཕྱི་ལོ་ ༢༠༡༧ ལོ་འདིར་ཡང་ཟླ་ ༡ ཚེས་ ༢༢ ནས་འགོ་བཟུང་སྟེ་ཟླ་ ༢ ཚེས་ ༡༩ བར་ཟླ་བ་གཅིག་ཙམ་གྱི་རིང། སྤོས་བཟོའི་འགན་འཛིན་གཙོ་བོ་མཁན་པོ་ལེགས་བཤད་དང་། ཁོང་གི་ཕྱག་རོགས་སུ་ཨ་ནེ་བྱང་ཆུབ་སྒྲོལ་མ་དང་། ཐའི་ཝན་ནས་ཕེབས་པའི་དགེ་རྒན་Ruyue གསུམ་དང་།

ཁྱད་པར་སྤོས་བཟོའི་ལམ་སྟོན་མཛད་པོ་ཧོང་ཀོང་དུ་བཞུགས་པ་ལྷ་རྗེ་ཟླ་བ་ལགས་ཀྱི་བཀོད་པ་ཇི་བཞིན། སྐྱེ་དགུའི་བདག་མོ་ཆོས་གླིང་ནས་བཙུན་མ་གསུམ། ཀརྨ་སྒྲུབ་བརྒྱུད་དར་རྒྱས་གླིང་ནས་བཙུན་མ་གསུམ། སྒྲུབ་སྡེ་དཔལ་མོ་ཆོས་ཀྱི་ལྡིང་ཁང་ནས་བཙུན་མ་གསུམ།   ཁྲ་འགུ་སྒྲོལ་མ་ལྷ་ཁང་ནས་བཙུན་མ་གསུམ། ཐེག་མཆོག་གླིང་ནས་བཙུན་མ་གཉིས། ཀརྨ་བསམ་གཏན་གླིང་ནས་བཙུན་མ་གཉིས་བཅས་ཁྱོན་བསྡོམས་བཙུན་མ་བཅུ་དྲུག་ནས་སྦྱར་སྤོས་མི་འདྲ་བ་བདེ་བྱེད་དྲི་བསང་ཉིས་སྦྱོར་ཞེས་པ་ཞིག་དང་། བདེ་བྱེད་སྤོས་སྦྱོར་བཅུ་གསུམ་མ་ཞེས་པ་གཉིས་དང་། བདུག་རྫས་བདེ་བྱེད་བདུག་རྫས་ཞེས་པ་གཅིག །སུར་པན་བདེ་བྱེད་སྤོད་སྦྱོར་གསུམ་པ་ཞེས་པ་གཅིག་བཅས་དངོས་རིགས་མི་འདྲ་བ་བཞི་ཙམ་བཟོས་ཡོད་།

བཟོ་ཚུལ་དེའང་ལྷ་རྗེ་ཟླ་བ་ལགས་ནས་གསུངས་དོན་དུ། སྤོས་དང་བདུག་རྫས་ཀྱི་སྐོར་ལས་བདེ་བྱེད་སྤོས་སྦྱོར་བཅུ་གསུམ་མ་ནི། རྫས་རིགས་རྣམས་དུས་རབས་བཅུ་བདུན་གྱི་མཇུག་ཙམ་ཏུ་བྱོན་པའི་གསོ་བ་ཪིག་པ་ལ་ཤིན་ཏུ་མཁས་པའི་དེའུ་དམར་དགེ་བཤེས་ཐུབ་བསྟན་ཕུན་ཚོགས་ཀྱིས་མཛད་པའི་བཟོ་རིག་པ་ཏྲ་ཇི་བཞིན་ཡིན་ཞེས་དང་།  སྤོས་བཟོའི་བྱ་བ་དངོས་ལ་འཇུག་ཚུལ་ནི། ལྷ་རྗེ་ཉིད་རྒྱ་གར་དུ་མ་ཕེབས་གོང་བོད་དུ་ལོ་དུ་མའི་རིང་ལ་གནའ་བོའི་སྤོས་བཟོ་བྱ་ཚུལ་གྱི་སྐོར་སློབ་སྦྱོང་མཛད་མྱོང་བ་དང་། དངོས་སུ་ལག་ལེན་ཡང་ལན་དུ་མར་བསྟར་མྱོང་བས་ཉམས་མྱོང་ཟབ་མོ་ཡོད་པར་བརྟེན་རྫས་རྣམས་རེ་རེ་བཞིན་ཚད་ཇི་ལྟར་གཞལ་དགོས་པ་དེ་དག་་ལྷ་རྗེ་ཉིད་ནས་དངོས་སུ་ཚད་དང་ལྡན་པ་འཇལ་ཏེ་སྤོས་གཞོང་ནང་དུ་བླུག །དེ་ནས་བཙུན་མ་རྣམས་ནས་རིམ་གྱིས་ལག་རྣམས་འདག་རྫས་ཀྱིས་ལེགས་པར་འཁྲུད། ཁ་རས་དང་སྒྲིག་ཆས་རྣམས་ཚུལ་བཞིན་དུ་གྱོན་ཞིང་རབ་ཏུ་གཙང་བའི་སྒོ་ནས་བཟོས། དེའང་སྤོས་ཀྱི་རྫས་འགའ་ཞིག་རྡོ་གཞོང་ནང་དུ་བསྣུར དགོས་པ་དེ་དག་བདུན་ཕྲག་གཅིག་ལྷག་བཙུན་མ་རྣམས་ནས་དཀའ་ངལ་དང་ལེན་གྱིས་བརྫིས་ཏེ་འཕྲུལ་ཆས་ཀྱི་རིགས་བེད་རྩད་ནས་མ་སྤྱད་པར་སྔར་སྲོལ་བཞིན་ལག་བཟོ་ཁོ་ནས་སྒྲུབ་ཡོད་ཅེས་དང་། དེ་བཞིན་བདེ་བྱེད་དྲི་བསང་ཉིས་སྦྱོར་དང་། བདེ་བྱེད་བདུག་རྫས་དང། བདེ་བྱེད་སྤོད་སྦྱོར་གསུམ་མ་དེ་རྣམས་སྐྲུན་ཚེའང་གོང་བཞིན་རྫས་རྣམས་ཀྱི་ཚད། ལྷ་རྗེ་ཉིད་ཀྱིས་འཇལ་ཞིང་ཤིན་ཏུ་གཙང་བའི་སྒོ་ནས་བཙུན་མ་རྣམས་ནས་ལེགས་པར་བཟོ་ཚུལ་གསུངས།

གོང་གི་དངོས་རིགས་དེ་དག་རྣམས་ཀྱི་ངོ་སྤྲོད་མདོར་བསྡུས་ནི། ༡༽ བདེ་བྱེད་དྲི་བསང་ཉིས་སྦྱོར་ནི། སྦྱོར་བ་ཤུག་པ་དང་བ་ལུ། ཕན་ཡོན་མཁའ་རླུང་གཙང་སེལ་དང་། རིམས་ནད་འགོག་པ་སོགས་བྱེད། སྤྱོད་སྟངས་མེ་སྤར་ཏེ་དྲི་ཞིམ་ཉེ་སྐོར་དུ་འཁྱིལ་བ་བྱ་དགོས།

༢༽ བདེ་བྱེད་སྤོས་སྦྱོར་བཅུ་གསུམ་མ་ནི། སྦྱོར་བ་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་བཟོ་རིག་པ་ཏྲ་བཞིན། ན་གི །ལི་ཤི། སུག་སྨེལ། ཁ་ཆེ་གུར་གུམ། སྤོས་དཀར། གུ་གུལ་སོགས་རྩ་ཆེའི་སྨན་སྣ་སྤུས་ལེགས་བཅུ་གསུམ་ལས་སྦྱོར་བཟོ་བྱས། ཕན་ཡོན་མཁའ་རླུང་གཙང་སེལ་དང་། རིམས་ནད་འགོག་པ་། རླུང་ནད་ཞི་ཞིང་སེམས་ཁམས་སྙོམས་པ། གཉིད་གཡེར་བ་སོགས་ལ་ཕན། སྤྱོད་སྟངས་མེ་སྤར་ཏེ་དྲི་ཞིམ་ཉེ་སྐོར་དུ་འཁྱིལ་བར་བྱ་དགོས།

༣༽ བདེ་བྱེད་བདུག་རྫས་ནི། སྦྱོར་བ་ཤུག་པ། ཕན་ཡོན་མཁའ་རླུང་གཙང་སེལ་དང་། ནད་རིམས་སྔོན་འགོག་སོགས་བྱེད། སྤྱོད་སྟངས་མེ་ལ་བསྲེགས་ཏེ་དྲི་ཞིམ་ཉེ་སྐོར་དུ་འཁྱིལ་བར་བྱ་དགོས།

༤༽ བདེ་བྱེད་སྤོད་སྦྱོར་གསུམ་པ། སྦྱོར་བ་ཙི་ཏྲ་ཀ གཡེར་མ། གོ་སྙོད། ཕན་ཡོན་ཕོ་བའི་མེ་དྲོད་གསོ་བ། དང་ག་འབྱེད་པ། ཟས་འཇུ་བ། དྭངས་སྙིགས་འབྱེད། དྲོད་སྐྱེད་པ། ལུས་ཟུངས་སྙོམས་པ། དུག་སེལ་བ་སོགས་བྱེད། སྤྱོད་སྟངས་ཟས་དང་ཁུ་བར་བཏབ་ནས་བཟའ་བཏུང་བྱ་དགོས། ད་དུང་འུ་སུའི་ལོ་མའམ། སྒོག་རྫས་ཕོ་བ་རིས་མཉམ་བསྲེས་སམ། ལན་ཚྭ་འོས་འཚམས་མཉམ་བསྲེས་བྱས་ན་དེ་བས་རོ་བཅུད་ཆེ་བ་ཡིན། 

ཐོན་ཁུངས། བདེ་བྱེད་མའི་དགུན་ཆོས་སྤོས་སྦྱོར་ཚན་པས་བོད་ཀྱི་སྲོལ་རྒྱུན་བཞིན་ལག་བཟོ་བྱས།

འབྲེལ་གཏུག་བྱ་ཡུལ། ( Aryakshema@dharma-treasure.org )

ཙུམ་ཕྲུག་གངས་ལ་ཉི་ཤར་ནས།

20170225_Special Incenes making by nuns
Right-Column-Pics31.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་