སྐྱབས་རྗེ་༸རྒྱལ་ཚབ་རིན་པོ་ཆེ་ནས་རྩ་གསུམ་དྲིལ་སྒྲུབ་གྱི་ཚེ་དབང་སྩལ་བ།

ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༢༦ ཉིན་༸སྐྱབས་རྗེ་རྒྱལ་བའི་རྒྱལ་ཚབ་ཆེན་པོ་ནས་འདུས་པ་ཀུན་ལ་དབུ་ཞྭ་མཐོང་གྲོལ་ཪིན་པོ་ཆེའི་མཇལ་ཁ་བཀའ་དྲིན་ལེགས་པར་བསྐྱངས་རྗེས་སླར་ཡང་རྩ་གསུམ་དྲིལ་སྒྲུབ་ཀྱི་ཚེ་དབང་ཟབ་མོ་སྩལ་གནང་མཛད། དེ་ཡང་དབང་སྒྲུབ་སོགས་སྟ་གོན་སྔོན་དུ་སོང་ཟིན་ཏེ། དབང་དངོས་གཞི་འགོ་འཛུགས་ལ་ཉེ་བ་ན་ཐོག་མཪ་༸སྐྱབས་རྗེ་རྒྱལ་བའི་རྒྱལ་ཚབ་མཆོག་ནས་ཐོག་མའི་ཀུན་སློང་ཇི་ལྟར་བཅོས་ཚུལ་དང་རྩ་གསུམ་དྲིལ་སྒྲུབ་གྱི་བྱུང་རིམ་མདོར་བསྡུས་ལ་ཤིན་ཏུ་གནད་ཆེ་བ་ཞིག་གསུངས་པ་འདི་ལྟར།

དེ་ལ་དེ་རིང་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་མགོན་པོ་ཚེ་དཔག་ཏུ་མེད་པའི་གོ་འཕང་ཐོབ་པའི་ཆེད་དུ་སྨིན་བྱེད་ཀྱི་ཚེ་དབང་ཞུ་བཞིན་ཡོད་ཅེས་ཐུགས་བསྐྱེད་དེ་གསན་པར་ཞུ། དང་པོ་རྩ་གསུམ་དྲིལ་སྒྲུབ་ནི། བླ་མ་མགོན་པོ་ཚེ་དཔག་མེད། ཡི་དམ་སྤྱན་རས་གཟིགས། ཆོས་སྐྱོང་མགོན་པོ་བེར་ནག་གསུམ་སྐུ་གཅིག་གི་ངང་དུ་རྫོགས་པ་ཞིག་ཡིན། དེ་ཡང་ཐོག་མར་དཔལ་ཀརྨ་པ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེ་ཉིད་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཏིང་ངེ་འཛིན་གྱི་ངང་ལ་མཉམ་པར་བཞུགས་པའི་སྐབས་སུ་གུ་རུ་ཪིན་པོ་ཆེའི་བྱིན་རླབས་ཞུགས་ནས་རྩ་བ་གསུམ་སྐུ་གཅིག་ལ་རྫོགས་པའི་དག་སྣང་ཤར། དེའི་གཟུངས་སྔགས་དེའང་ཐུགས་ལ་གསལ་ལེར་ཤར་ནས་བྱུང་བ་རེད། དེའི་རྗེས་སུ་ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེར་ཡང་གནས་གཅིག་ཏུ་བཞུགས་ཚེ་རྩ་བ་གསུམ་གཟུངས་སྔགས་དང་བཅས་པ་ཐུགས་རྒྱུད་ལ་ཤར་བ་དང་བྱིན་རླབས་ཞུགས་པ་སོགས་དག་སྣང་བྱུང་། དེ་རྗེས་ཀརྨ་པ་དགུ་པ་དབང་ཕྱུག་རྡོ་རྗེས་དེ་ཉིད་སྒྲུབ་པའི་ཆོ་ག་མཛད། ཕྱག་བཞེས་ཉམས་ལེན་གནང་། དེའི་རྗེས་སུ་གཏེར་སྟོན་ཆོས་རྗེ་གླིང་པས་གཏེར་ནས་སྟོན་པར་གནང་། དེ་ཡང་ཀརྨ་པའི་ཐུགས་རྒྱུད་ལ་ཤར་བ་ཇི་བཞིན་ཆོ་ག་དེ་ཉིད་རྒྱས་པ་མ་གཏོགས་གཞན་ལྷ་སྔགས་སོགས་མཚུངས་པ་བྱུང་། དེ་ནས་ཀརྨ་པའི་ཐུགས་རྒྱུད་ལ་ཤར་བ་དེ་དང་། གཏེར་སྟོན་ཆོས་རྗེ་གླིང་པའི་གཏེར་མ་གཉིས་མཉམ་དུ་བསྲེས་ནས་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་ལ་དར་རྒྱས་བྱུང་བ་ཡིན། དེའི་དབང་དེ་ཐོབ་ན་བླ་མ། ཡི་དམ། ཆོས་སྐྱོང་གི་དབང་དུས་གཅིག་ཏུ་ཐོབ་པས་དབང་གཞན་དག་ལས་ཀྱང་ཕན་ཡོན་ཆེ་བ་དང་གོ་ཆོད་ཆེ་བ་ཡིན་ཞེས་གསུངས།

དེ་ནས་དབུ་མཛད་ཀྱིས་མཆོད་པ་ཡན་ལག་བདུན་པ་དང་མཎྜལ་གྱི་འདོན་པ་འགོ་འཛུགས་པ་དང་ལྷན་དུས་གསུམ་རྒྱལ་བའི་འཕྲིན་ལས་གཅིག་ཏུ་བསྡུས་པ་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གི་དབུས་མཚུར་ཕུ་བླ་བྲང་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་པར་མཛད་ཅིང་བཀྲ་ཤིས་པའི་ལྷ་དར་སྲིད་ན་རིང་བ་ཁ་དོག་སྣ་ལྔ་དང་བཅས་འབུལ་བར་མཛད། དེ་ཚེ་༸སྐྱབས་རྗེ་རིན་པོ་ཆེ་བཞུགས་ཁྲིའི་སྟེང་ནས་མར་བྱོན་ཏེ་གཡས་ཕྱོགས་སུ་བཞེངས་ནས་བཞུགས། མཎྜལ་འདེགས་འབུལ་གྲུབ་པ་དང་༸རྒྱལ་མཆོག་ཡབ་སྲས་གཉིས་ཕན་ཚུན་དབུ་གཏུག་གིས་བྱིན་རླབས་ཞུ་རེས་བྱས། སླར་༸རྒྱལ་མཆོག་ཀརྨ་པ་བཞུགས་ཁྲིར་འཁོད་པ་དང་སྐྱབས་རྗེ་རིན་པོོ་ཆེ་མཆོག་ནས་བཀྲ་ཤིས་པའི་དར་དཀར་འབུལ་བར་མཛད་དེ་བཀའ་དབང་དངོས་གཞི་ལ་འཇུག །

དེ་རྗེས་༸སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་སྨིན་བྱེད་ཀྱི་དབང་དངོས་གཞིའི་སྐབས་སློབ་མ་རྣམས་ནས་དམིགས་པ་ཇི་ལྟར་སྒོམ་དགོས་པ་རྣམས་རེ་རེ་བཞིན་འགྲེལ་བཤད་ཟབ་ཅིང་གནད་ལ་བབ་པ་བསྐྱོན་མཛད་ནས་མཐར་དཔལ་༸རྒྱལ་དབང་ཀརྨ་པ་དབུས་པའི་འདུས་པ་ཀུན་ལ་རྩ་གསུམ་དྲིལ་སྒྲུབ་ཀྱི་ཚེ་དབང་ཟབ་མོ་ལེགས་པར་སྩལ་བར་མཛད། སྨིན་བྱེད་ཀྱི་བཀའ་དབང་ཟབ་མོ་ལེགས་པར་གྲུབ་པ་དང་བཀའ་བརྒྱུད་སྨོན་ལམ་འགན་འཛིན་བླ་མ་ཆོས་གྲགས་དང་དད་ལྡན་སྦྱིན་བདག་འགའ་ནས་བཀའ་དྲིན་བཏང་རག་ཏུ་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་གནང་། མཐར་དབུ་མཛད་ཆེན་མོས་བསྔོ་སྨོན་གྱི་འདོན་པ་དབུ་འཛུགས་མཛད་པ་དང་ལྷན་འདུས་པ་ཀུན་ནས་བསྔོ་སྨོན་གྱིས་རྒྱས་འདེབས་ཏེ་མཇུག་གྲུབ་བོ།

ཙུམ་ཕྲུག་གངས་ལ་ཉི་ཤར་ནས།

Right-Column-Pics37.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་