ངེས་དོན་སྒྲོན་མེ་ལས་བླ་མའི་རྣལ་འབྱོར་གྱི་གསུང་ཆོས་ཐུན་བཞི་པ།

ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༠ ཉིན་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ནས། མདོར་ན་གོང་དུ་བླ་མའི་སྐོར་དུ་མ་ཞིག་གསུངས་པ་རྣམས་གང་ཟག་ལ་ཁྱད་པར་ཡོད། དེ་དག་གང་ཟག་ཁྱད་པར་དུ་འཕགས་པའི་རིགས་ཅན་འགའ་དང་། གསང་སྔགས་ཀྱི་སྣོད་རུང་དུ་འགྱུར་བ་དག་ལ་དགོངས་ནས་གསུངས་པ་ལས་ཀུན་གྱིས་གཞུང་ནས་གསུང་བ་ཇི་བཞིན་བྱ་རྒྱུ་ཤིན་ཏུ་དཀའ་བ་ཡིན། ངེས་པར་དུ་ཀུན་གྱིས་དེ་ལྟར་བྱ་དགོས་ཞེས་གསུངས་པའང་མེད།

མོས་གུས་ལམ་དུ་འགྲོ་བའི་ཡན་ལག་ལ་བཞི་ཡོད། དང་པོ་ནི་བླ་མའི་སྐྱོན་ལ་མི་རྟོག་པ། གཉིས་པ་བླ་མས་ཅི་མཛད་ཡོན་ཏན་དུ་ཤེས་པ། གསུམ་པ་རེ་དྭོགས་འགོག་པའི་ཐག་ཆོད་དང་ལྡན་པ། བཞི་པ་མཉེན་གཤིན་པའི་བསམ་པ་དང་མི་འབྲལ་བ་བཅས་སོ། །

དེ་ལ་དང་པོ་བླ་མའི་སྐྱོན་ལ་མི་རྟོག་ཅེས་པ་ནི། གོང་དུ་ཞུས་པ་བཞིན་དང་པོ་བླ་མ་འཚོལ་བའི་ཚེ་སྐྱོན་དང་ཡོན་ཏན་གང་ལྡན་ཡོད་མིན་ལེགས་པར་བརྟག་དགོས། སྤྱིར་དངོས་ཡོད་གནས་ཚུལ་དང་དཔེ་ཆའི་ནང་བཤད་པ་གཉིས་མི་འདྲ་སྟེ། དངོས་ཡོད་གནས་ཚུལ་ཐོག་ལ་སྐྱོན་རྩ་བ་ནས་མི་ལྡན་ཞིང་ཡོན་ཏན་ཀུན་དང་ལྡན་པ་ཞིག་ཤིན་ཏུ་རྙེད་པར་དཀའ། ང་ཚོ་མི་ཐམས་ཅད་སྐྱོན་དང་ཡོན་ཏན་གཉིས་ཀ་ལྡན་པ་ཤ་སྟག་ཡིན། དེས་ན་བླ་མ་འཚོལ་བའི་ཚེ་མཐའ་གཅིག་ཏུ་གཞུང་ནས་གསུང་བའི་ཡོན་ཏན་མ་ལུས་ལྡན་ཞིང་སྐྱོན་ཀུན་དང་བྲལ་བ་ཞིག་དེང་གི་དུས་སུ་རྙེད་པར་དཀའ། དཔེར་ན། འཇིག་རྟེན་པའི་བཟའ་ཚང་ལྟ་བུ་ཞིག་ལ་མཚོན་ན། དང་པོ་རང་གི་འདུག་རོགས་ཞིག་འཚོལ་ཚེ་སོ་སོའི་རེ་བ་བྱས་པ་ཇི་བཞིན་སྐྱོན་མཐའ་དག་དང་བྲལ་ཞིང་ཡོན་ཏན་ཀུན་ལྡན་པ་ཞིག་རྙེད་པར་དཀའ་བ་ཡིན། དེས་ན་ཡོན་ཏན་ངོས་ལེན་བྱེད་པ་བཞིན་སྐྱོན་དེའང་ངེས་པར་དུ་ངོས་ལེན་བྱ་དགོས།

དེ་བཞིན་བླ་མ་བསྟེན་པའི་ཚེ་བསྟེན་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་གསལ་པོ་ཞིག་བཟོ་དགོས། དཔེར་ན། བུང་བས་སྦྲང་རྩི་ལེན་པ་བཞིན་དགོས། བུང་བས་སྦྲང་རྩི་ལེན་སྐབས་རང་ཉིད་ལ་མཁོ་བའི་སྦྲང་རྩི་ལེན་པ་ལས་གཞན་གང་བྱུང་དུ་མི་ལེན། དེ་བཞིན་བླ་མ་མེ་ཏོག་དང་བླ་མའི་ཐུགས་རྒྱུད་ཀྱི་ཡོན་ཏན་རྣམས་རང་ཉིད་ཀྱི་ཡིད་འཕྲོག་པའི་སྦྲང་རྩི་ཡིན། ང་ཚོས་བཅུད་དམ་སྦྲང་རྩི་ལྟ་བུ་དེ་ལེན་དགོས། མེ་ཏོག་གི་མདོག་དང་དབྱིབས་བཟོ་ལྟ་ཇི་ལྟར་ཡིན་ཡང་ཁྱད་པར་མེད། དེས་ན་ང་ཚོས་ལེན་དགོས་རྒྱུ་ནང་གི་བཅུད་དེ་ཉིད་ཡིན། མདོར་ན་འཇིག་རྟེན་པའི་ཚོང་པ་ཇི་བཞིན་ཁེ་ཕན་རྣམས་ལེན་ཞིང་གཞན་མི་མཁོ་བ་རྣམས་འདོར་དགོས། གོང་དུ་བླ་མའི་སྐྱོན་མི་རྟོག་ཅེས་པ་དེ་ཡིན། བླ་མ་ནི་ང་ཚོས་སོ་སོ་སྐྱེ་བོའི་བླ་མ་བསྟེན་དགོས་པ་ལས་སངས་རྒྱས་དང་བྱང་སེམས་རྣམས་བསྟེན་པའི་གོ་སྐབས་མེད། དེས་ན་ང་ཚོས་སོ་སོ་སྐྱེ་བོའི་དགེ་བའི་བཤེས་གཉེན་བསྟེན་རྒྱུ་དང་དེ་དང་འབྲེལ་བ་བྱ་རྒྱུ་གནད་ཆེ། དེ་ནི་དགག་ཕྱོགས་ནས་བཤད་ཅིང་གཉིས་པ་དེ་སྒྲུབ་ཕྱོགས་ནས་བཤད་རྒྱུ་ཡིན།

གཉིས་པ་ཅི་མཛད་ཡོནཏན་དུ་ཤེས་པ་ནི། བླ་མས་མཛད་པ་ཇི་ལྟར་བསྟན་པ་ཡིན་ཡང་དེ་ལས་སློབ་སྦྱོང་ལེན་ཐུབ་པ་བྱ་རྒྱུ་དེ་ཡིན། དོན་རྡོག་སྒྲིལ་ནས་བཤད་ན་དེ་ལྟར་ཡིན། གང་ཡིན་ཞེ་ན་བླ་མ་དང་སློབ་མའི་འབྲེལ་བ་གང་བྱུང་བ་དེ་དུས་ཚོད་ཆུད་ཟོས་སུ་མི་འགྲོ་བ་དང་རྟག་ཏུ་སོ་སོ་རང་ཉིད་ཀྱི་རྒྱུད་ཡར་རྒྱས་གཏོང་ཞིང་སློབ་སྦྱོང་ལེན་པའི་གོ་སྐབས་བཙལ་རྒྱུ་དེ་གནད་ཆེ་ཤོས་ཤིག་ཡིན། མདོར་ན་བླ་སློབ་ཀྱི་ཡིད་ཆེས་དེ་རྐྱེན་གང་གིས་ཡང་མི་འཇོམས་པར་ཡིད་ཆེས་གཏིང་ཚུགས་པ་ཞིག་ལྡན་དགོས། དེ་འདྲ་ནི་འཇིག་རྟེན་ནང་མཐོང་རྒྱུ་ཡོད། དཔེར་ན། འཇིག་རྟེན་ཕོ་མོའི་བརྩེ་གདུང་དང་ཡིད་ཆེས་མི་གཞན་ལྟ་བུའི་རྐྱེན་གང་གིས་ཀྱང་འཇོམས་མི་ནུས་པ་དུ་མ་ཡོད།

གསུམ་པ་རེ་དྭོགས་འགོག་པའི་ཐག་ཆོད་ནི། ང་ཚོས་བླ་མ་ལ་མོས་གུས་དང་རེ་བ་ཆེན་པོ་ཞིག་བྱས་པ་དེ་ཚོང་གི་བཟོ་ལྟ་བུ་མིན་པར། མོས་གུས་བྱ་རྒྱུ་དེ་སོ་སོ་རང་གི་ལས་འགན་ཞིག་ཡིན། དེ་མ་གཏོགས་བླ་མ་ལ་བརྟེན་ནས་གཅིག་བྱུང་ན་མོས་གུས་བྱ་རྒྱུ་དང་། མ་བྱུང་ན་མོས་གུས་མེད་པ་ལྟ་བུ་ཞིག་མིན་པ་དགོས། མོས་གུས་བྱེད་པ་དེ་ཡང་ཚེ་འདི་ཙམ་མིན་པར་སྐྱེ་བ་དང་ཚེ་རབས་ཀུན་དུ་བྱ་དགོས། ཕྱོགས་གཅིག་ནས་བཤད་ན་བློ་ལ་ཤོང་དཀའ་བ་ཡིན། ད་རེས་རེ་བ་མེད་པའི་རེ་བ་ཞིག་རྒྱབ་ནས་རེ་དྭོགས་ཀྱི་འཆིང་བ་ལས་གྲོལ་བ་ཞིག་དགོས།

གསུམ་པ་མཉེན་གཤིན་གྱི་བསམ་པ་དང་མི་འབྲལ་བ་ནི། སོ་སོས་ལྷག་བསམ་རྣམ་པར་དག་པ་དང། བློ་དཀར་གཞུང་དྲང་། སྙིང་བརྩེ་ལྡན་པ་ཞིག་དགོས། དེ་དག་རྣམས་ནི་བསམ་པའི་སྒོ་ནས་བླ་མ་བསྟེན་ཚུལ་ཡིན།

སྦྱོར་བའི་སྒོ་ནས་བླ་མ་བསྟེན་ཚུལ་ནི། བླ་མས་ཅི་གསུང་གི་བཀའ་བསྒྲུབ་རྒྱུ་དང་། ཐུགས་དགོངས་ལ་གང་ཡོད་སྒྲུབ་པ་གཉིས་ཡིན། དེའི་ནང་ཅི་གསུང་བཀའ་སྒྲུབ་པ་དེ་བླ་སློབ་གཉིས་གཙོ་བོ་ཆོས་ཀྱི་འབྲེལ་བ་དེ་ཡིན་དུས། འཇིག་རྟེན་གྱི་ཕྱོགས་ནས་བཀའ་སྩལ་བ་དེ་སྒྲུབ་མ་ཐུབ་ཀྱང་འགྲིག །ཆོས་ཀྱི་ཕྱོགས་ནས་གདམས་ངག་ཅི་སྩོལ་བ་དེ་ངེས་པར་དུ་སྒྲུབ་དགོས། དེ་འདྲ་ཞིག་བྱུང་ན་བླ་མ་དང་སློབ་མ་གཉིས་ཀ་མཚན་ཉིད་དང་ལྡན་པ་ཞིག་ཏུ་གྱུར། དེ་ལྟ་མིན་པར་བླ་མའི་རྗེས་སུ་འགྲོ་བ་དང་ཉེ་འགྲམ་དུ་གནས་པ་ཙམ་གྱིས་སློབ་མར་འགྱུར་མི་ཐུབ། གང་ཡིན་ཞེ་ན། བླ་མ་དེ་ཚེ་རབས་ནས་ཚེ་རབས་བསྟེན་དགོས་པས་ཆོས་ཀྱིས་སྒོ་ནས་འབྲེལ་བ་མེད་ན་རྗེས་སུ་འཛིན་ཐུབ་དཀའ་བ་ཡིན་ཞེས་གསུངས། དེ་ནས་༸རྒྱལ་དབང་མཆོག་ནས་འདུས་པ་ཀུན་ལ་ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད་པའི་ཐུན་བཞི་བླ་མའི་རྣལ་འབྱོར་གྱི་ལྗགས་ལུང་སྩལ་བར་མཛད་དོ། །

ཀརྨ་ཚེ་རིང་ནས་ཕབ།

20170210PM_Torch of True Meaning Session4 Guru Yoga
Right-Column-Pics8.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་