སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་གི་ཕྱག་ཆེན་སྨོན་ལམ་གྱི་བཀའ་ཁྲིད་ཉིན་གཉིས་པའི་ཆོས་ཐུན་དང་པོ།

 

ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༢ ཚེས་ ༢༣ གྱི་སྔ་དྲོའི་ཆར་སྒྲུབ་རྒྱུད་བསྟན་པའི་མངའ་བདག་༸སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་ཆེན་པོ་མཆོག་སྤོས་སྣ་དང་། རྒྱ་གླིང་གིས་སྔོན་བསུས་ཏེ་བཞུགས་ཁྲིར་འཁོད་རྟིང་དབུ་མཛད་ནས་རྡོ་རྗེ་འཆང་ཐུང་མའི་གསོལ་འདེབས་སོགས་ཀྱིས་བཀའ་ཆོས་ཀྱི་སྔོན་འགྲོའི་བྱ་བ་རྣམས་ལེགས་པར་སྒྲུབ་པར་བྱས། དེ་ནས་༸སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་བཀའ་ཆོས་དངོས་གཞིར་འཇུག་ནས་གསུང་དོན། བཀའ་ཁྲིད་ཉིན་སྔོན་མར་ཐེག་པ་ཆེན་པོ་སྤྱིའི་སྨོན་ལམ་དང་། གནས་ལུགས་ཕྱག་རྒྱ་ཆེན་པོ་སྒོམ་དགོས་པའི་རྒྱུ་མཚན་སོགས་ཞུས་ཟིན་པའི་སྐོར་གསུངས། 

དེ་རྗེས་སྒོམ་པ་དངོས་གཞི་ཉམས་སུ་ལེན་པའི་ཚུལ་ལ།

ཕྱག་ཆེན་སྨོན་ལམ་གྱི་རྩ་བར། །གཞི་ལ་སྒྲོ་འདོགས་ཆོད་པ་ལྟ་བའི་གདེང། །དེ་ལ་མ་ཡེངས་སྐྱོང་བ་སྒོམ་པའི་གནད། །སྒོམ་དོན་ཀུན་ལ་རྩལ་སྦྱོང་སྤྱོད་པའི་མཆོག །ལྟ་སྒོམ་སྤྱོད་པའི་གདེང་དང་ལྡན་པར་ཤོག །ཅེས་པའི་སྐབས་སུ་ཡོད་མེད་ཀྱི་མཐའ་གཉིས་ཀ་སྤངས་ནས་ལྟ་བ་ལ་གདེང་ཐོབ་དགོས་པ་དང་། ནང་སེམས་ཉིད་ཕྱག་རྒྱ་ཆེན་པོ་ལ་མ་གཡེང་བར་བྱས་ནས་སྒོམ་དགོས་པའི་ཚུལ། དེ་བཞིན་སྤྱོད་པ་ནི་སྒོམ་པའི་དོན་དེ་ཉིད་གོང་ནས་གོང་དུ་སྤེལ་བའི་སླད་ཡིན་པ་སོགས་ལྟ་སྒོམ་སྤྱོད་གསུམ་སྐོར་ཤིན་ཏུ་ཟབ་ཅིང་རྒྱས་པར་གསུངས། 

རྩ་བར། །ཆོས་རྣམས་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་སྟེ། །སེམས་ནི་སེམས་མེད་སེམས་ཀྱི་ངོ་བོས་སྟོང༌། །སྟོང་ཞིང་མ་འགགས་ཅིར་ཡང་སྣང་བ་སྟེ། །ལེགས་པར་བརྟག་ནས་གཞི་རྩ་ཆོད་པར་ཤོག །ཅེས་པའི་སྐབས་སུ་འཁྲུལ་པའི་རྩ་བ་བདག་ཏུ་འཛིན་པ་ཡིན་པ་དང་། དེ་སྤོང་བའི་ཆེད་སྟོན་པ་བཅོམ་ལྡན་འདས་ཀྱིས་ནང་པའི་གྲུབ་མཐའ་སྨྲ་བ་བཞིའི་ལྟ་བ་རིམ་བཞིན་བསྟན་པའི་སྐོར་རྒྱས་པར་གསུངས། 

རྩ་བར། །ཡོད་མ་མྱོང་བའི་རང་སྣང་ཡུལ་དུ་འཁྲུལ། །མ་རིག་དབང་གིས་རང་རིག་བདག་ཏུ་འཁྲུལ། །གཉིས་འཛིན་དབང་གིས་སྲིད་པའི་ཀློང་དུ་འཁྱམས། །མ་རིག་འཁྲུལ་པའི་རྩད་དར་ཆོད་པར་ཤོག །ཅེས་པའི་སྐབས་ཕྱི་རོལ་གྱི་སྣང་བ་ཐམས་ཅད་ནང་སེམས་ཀྱི་ཆོ་འཕྲུལ་ཡིན་པ་དང་། སེམས་དེ་ཡུལ་ཏུ་འཁྲུལ་ཞིང་། དེ་ལ་བརྟེན་ནས་གང་ཟག་གཞན་གྱིས་ལོག་པར་རྟོག་ཚུལ། འོན་ཀྱང་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོ་དང་ཐེག་པ་ཆུང་ངུ་གང་གི་སྐབས་སུའང་ཐམས་ཅད་སེམས་ལ་ཐུག་པར་གསུངས་པས་སྤྱིར་ནང་པ་སངས་རྒྱས་པ་ཐམས་ཅད་སེམས་ཙམ་པ་ཡིན་པར་གསུངས།

རྩ་བར། །ཡོད་པ་མ་ཡིན་རྒྱལ་བས་ཀྱང་མ་གཟིགས། །མེད་པ་མ་ཡིན་འཁོར་འདས་ཀུན་གྱི་གཞི། །འགལ་འདུ་མ་ཡིན་ཟུང་འཇུག་དབུ་མའི་ལམ། །མཐའ་བྲལ་སེམས་ཀྱི་ཆོས་ཉིད་རྟོགས་པར་ཤོག །ཅེས་པའི་སྐབས་ཕྱི་རོལ་གྱི་སྣང་བ་ཐམས་ཅད་སེམས་ཙམ་ཡིན་པར་གསུངས། འོན་ཀྱང་སེམས་ཀྱི་རང་བཞིན་ནི་སངས་རྒྱས་ཉིད་ཀྱིས་ཀྱང་གཟིགས་པ་མེད་པས་ཡོད་པ་མིན་པ་དང་།  གནས་ལུགས་ཕྱག་རྒྱ་ཆེན་པོ་ཇི་ལྟར་སྒོམ་པའི་ཚུལ། དེ་བཞིན་སྒོམ་རྒྱུད་ལ་སྐྱེས་པའི་སྐོར་རྣམས་དང་།  ཡང་སེམས་དེའང་མེད་པ་མ་ཡིན་ཞིང་དེ་མ་རིག་པའམ་མ་རྟོགས་པ་ལ་བརྟེན་ནས་འཁྲུལ་ཚུལ་དང་། དེ་རྟོགས་ན་ཉན་ཐོས་ཀྱི་འབྲས་བུ་ནས་བཟུང་ཐེག་ཆེན་པོའི་འབྲས་བུ་སྐུ་བཞི་ཡེ་ཤེས་ལྔ་སོགས་ཐོབ་པའི་ཚུལ། 

ཡང་གནས་ལུགས་ཕྱག་རྒྱ་ཆེན་པོ་དེ་ཉིད་རྟག་པ་སོགས་གང་གི་ངོ་བོར་ཡང་གྲུབ་པ་ཞིག་རྙེད་པ་མེད་པས་ཡོད་པ་མིན་པ་དང་། དེ་ཉིད་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་པས་མེད་པ་ཡང་མ་ཡིན་པས་དེ་ལ་ཡོད་མེད་ཟུང་དུ་འཇུག་པ་དང་། དེ་ལ་རབ་ཏུ་མི་གནས་པའི་དབུ་མ་ཞེས་སོགས་ཡོད་མེད་གང་ཡང་མ་ཡིན་ཚུལ་ཞིབ་ཕྲ་གསུངས།  

རྩ་བར། །འདི་ཡིན་ཞེས་པ་གང་གིས་མཚོན་པ་མེད། །འདི་མིན་ཞེས་བྱ་གང་གིས་བཀག་པ་མེད། །བློ་ལས་འདས་པའི་ཆོས་ཉིད་འདུས་མ་བྱས། །ཡང་དག་དོན་གྱི་མཐའ་ནི་ངེས་པར་ཤོག །ཅེས་པའི་སྐབས་སེམས་ཀྱི་གནས་ལུགས་དེ་ཉིད་ལ་མིང་ལ་སོགས་པས་ཀྱང་མཚོན་དུ་མེད་མོད། རྫོགས་པའི་སངས་རྒྱས་ཀྱིས་ཐབས་མཁས་པའི་སྒོ་ནས། སྟོང་པ་ཉིད་དང། ཡང་དག་པའི་མཐའ། དེ་ཁོ་ན་ཉིད་སོགས་མིང་དུ་མ་བཏགས་པར་མཛད་ཡོད་པ་དང་།  སེམས་ཀྱི་གནས་ལུགས་ཕྱག་རྒྱ་ཆེན་པོ་དེ་ཉིད་ལ་རིགས་པ་སོགས་བཏང་ནས་དགག་པར་བྱ་བ་དང་། བདག་ཏུ་འཛིན་པ་ལ་སོགས་པ་རྣམས་འཁྲུལ་པ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་དགག་ཏུ་ཡོད་པ། སེམས་ཀྱི་གནས་ལུགས་དེ་ཉིད་ནི་དོན་དམ་པ་ཡིན་པས་དེ་ལ་རིགས་པ་སོགས་གང་གིས་ཀྱང་བཀག་ཏུ་མེད་པས་བློ་ལས་འདས་པ་ཞེས་དང་།  དེ་བཞིན་གཞུང་དུ་ཡང་དག་དོན་གྱི་མཐའ་ཞེས་པ་ནི་རྫོོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་འཁོར་ལོ་རིམ་པ་གསུམ་ལ་གསུངས་ཚུལ་མི་འདྲ་བ་དུ་མ་ཡོད་པ་དང་།  དེ་བཞིན་རྒྱུད་སྡེ་མི་འདྲ་བ་དུ་མ་ནས་གསུངས་ཡོད་མོད། འོན་ཀྱང་གནས་ལུགས་ཕྱག་རྒྱ་ཆེན་པོ་དེ་ཉིད་ནི་དེ་དག་ཐམས་ཅད་ཀྱི་སྙིང་པོ་གཅིག་ཏུ་འདུས་པ་ཡིན་ཞེས་གསུངས། 

རྩ་བར། །འདི་ཉིད་མ་རྟོགས་འཁོར་བའི་རྒྱ་མཚོར་འཁོར། །འདི་ཉིད་རྟོགས་ན་སངས་རྒྱས་གཞན་ན་མེད། །ཐམས་ཅད་འདི་ཡིན་འདི་མིན་གང་ཡང་མེད། །ཆོས་ཉིད་ཀུན་གཞིའི་མཚང་ནི་རིག་པར་ཤོག །ཅེས་པའི་སྐབས་སུ་སྤྱིར་ནང་པ་སངས་རྒྱས་པས་ཆོས་རྣམས་གཏན་ལ་ཕབ་པའི་ཚེ་སྐབས་རེ་ཤིན་ཏུ་རྒྱས་བཤད་བྱས་ནས་འཆད་རྒྱུ་ཡོད་པ་དང་། ཡང་སྐབས་རེ་ཤིན་ཏུ་བསྡུས་ནས་འཆད་པས་སྐབས་འདིར་སངས་རྒྱས་དང་སེམས་ཅན་གཉིས་ཀྱི་ཁྱད་པར་ཡང་རིག་དང་མ་རིག་ཡིན་ཞེས། ཚིག་རྐང་གཉིས་ཀྱི་ནང་ལ་བསྡུས་པའི་སྐོར་དང་།  དེ་བཞིན་ཆོས་ཐམས་ཅད་གནས་ལུགས་ལས་གཞན་དུ་གྱུར་པ་ཞིག་མེད་པས་ཞི་བ་མྱང་འདས་དང་འཁོར་བས་བསྡུས་པའི་ཆོས་ཀུན་གནས་ལུགས་ལས་གཞན་དུ་འགྱུར་བ་མེད་ཅེས་དང་།  སྐབས་འདིར་ཀུན་གཞི་ནི་སྤྱིར་ཀུན་གཞིའི་རྣམ་གཞག་དུ་མ་ཡོད་མོད། སྐབས་འདིར་ནི་བདེ་གཤེགས་སྙིང་པོ་ལ་གོ་དགོས་ཞེས་གསུངས། 

རྩ་བར། །སྣང་ཡང་སེམས་ལ་སྟོང་ཡང་སེམས་ཡིན་ཏེ། །རྟོགས་ཀྱང་སེམས་ལ་འཁྲུལ་ཡང་རང་གི་སེམས། །སྐྱེས་ཀྱང་སེམས་ལ་འགགས་ཀྱང་སེམས་ཡིན་པས། །སྒྲོ་འདོགས་ཐམས་ཅད་སེམས་ལ་ཆོད་པར་ཤོག །ཅེས་པའི་སྐབས་རྟོགས་ཀྱང་གནས་ལུགས་ཕྱག་རྒྱ་ཆེན་པོ་དང་། འཁྲུལ་ཡང་གནས་ལུགས་ཕྱག་རྒྱ་ཆེན་པོ་དེ་ཀ་རང་ཡིན་པའི་སྐོར་དང་།  དེ་བཞིན་སྒྲོ་འདོགས་ཁོ་རང་ཡང་སེམས་ཡིན་པ་དང་། ་ སྒྲོ་འདོགས་གཅོད་པ་དེ་ཡང་སེམས་ཡིན་པས་ཐམས་ཅད་སེམས་ཀྱི་སྟེང་དུ་གཅོད་དགོས་ཚུལ་ གསུངས། 

རྩ་བར། བློས་བྱས་རྩོལ་བའི་སྒོམ་གྱིས་མ་བསླད་ཅིང༌། །ཐ་མལ་འདུ་འཛིའི་རླུང་གིས་མ་བསྐྱོད་པར། །མ་བཅོས་གཉུག་མ་རང་བབ་འཇོག་ཤེས་པའི། །སེམས་དོན་ཉམས་ལེན་མཁས་ཤིང་སྐྱོང་བར་ཤོག །ཅེས་པའི་སྐབས་སུ་སྒོམ་དངོས་ལ་འཇུག་པའི་སྐབས་སུ་ཡིན་པས་ཐོག་མར་འདུ་འཛི་སྤོང་དགོས་ཚུལ་དང་།  འདུ་འཛི་དེ་ཡང་རྣམ་རྟོག་འཁྲུལ་པའི་དབང་གིས་རང་ཉིད་སྐྱིད་པོ་བྱ་འདོད། ཕྱུག་པོ་ཆགས་འདོད། མིང་སྙན་པར་གྲགས་འདོད། དེ་བཞིན་གནས་སྐབས་ཀྱི་བདེ་བ་ཐོབ་འདོད། རང་ཉིད་གཅིག་པུ་བདེ་བ་དོན་དུ་གཉེར་བ་རྣམས་ཡིན་ཞིང་།  འདུ་འཛི་སྤོང་བའི་དོན་དུ་གནས་དབེན་པ་བསྟེན་ནས་ཞེན་པ་བྱ་རྒྱུ་མེད་པའི་སྐོར་དང་། 

དེ་ནས་སྒོམ་དངོས་གཞིའི་སྐོར་ཟབ་ཅིང་རྒྱས་པར་གསུངས་ཤིང་། ལྷག་པར་དུ་གཉུག་མ་ཞེས་པ་ནི་མ་བཅོས་པའི་དོན་དང་། གཉུག་མའི་ངང་དུ་མཉམ་པར་བཞག་པ་དེའང་བླ་མ་ཉམས་མྱོང་ཅན་ཞིག་ཡོད་དགོས་ཚུལ། ལམ་ཐབས་དང་ཤེས་རབ་གཉིས་ཀྱི་སྒོ་ནས་མཉམ་པར་བཞག་པ་གཉིས་ཡོད་ཅིང་། ཤེས་རབ་ཀྱི་སྒོ་ནས་མཉམ་པར་བཞག་པ་ནི། ཕྱག་ཆེན་སྨོན་ལམ་འདི་ཉིད་ལས་གསུངས་པ་འདི་དང་། ཐབས་ཀྱི་སྒོ་ནས་མཉམ་པར་བཞག་པ་ནི། བླ་མའི་རྣལ་འབྱོར་སྒོམ་པ་དང་། རྡོར་སེམས་སྒོམ་བཟླས་བྱ་བ་དང་། དེ་བཞིན་ཆོས་སྐྱོང་སྲུང་མ་རྣམས་ལ་འཕྲིན་བཅོལ་ནས་མཉམ་པར་བཞག་པ་སོགས་ཡིན་པ་དང་། མ་ཟད་གནས་ལུགས་ཕྱག་རྒྱ་ཆེན་པོ་རྒྱུད་ལ་སྐྱེས་ནས་ཀྱང་རྒྱུན་མ་ཆད་པར་སྒོམ་དགོས་པའི་སྐོར་ཤིན་ཏུ་བཀའ་ཁྲིད་ཟབ་རྒྱས་སྩལ་ཅིང་ཆོས་ཐུན་དང་པོ་གྲུབ་པར་བྱས་སོ།

དེ་ནི་གསར་འགྱུར་གྱི་ཚུལ་དུ་བཀའ་ཁྲིད་ཀྱི་སྙིང་བསྡུས་ཙམ་ཞིག་གངས་ལ་ཉི་ཤར་ནས། 

Rinpoche’s second day teaching was very profound and it is impossible to cover all the important points he made. This article only provides a part of what was said. The complete teaching is available on YouTube https://www.youtube.com/watch?v=6azo354pM4Y&t=46s

20180223AM_Aspiration of Mahamudra Teaching3-2

Right-Column-Pics35.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་