སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེས་སྩལ་བའི་སྒོམ་ཁྲིད་སྐོར་གྱི་གསུང་ཆོས་ཉིན་གཉིས་པའི་ཆོས་ཐུན་དང་པོ།

སྤྱི་ལོ་ ༢༠༡༨ ཟླ་ ༢ པའི་ཚེས་ ༢༣ ཉིན་རྒྱབ་གྲྭ་བཙུན་དང་དད་ལྡན་ཆོས་ཞུ་བ་ཡོངས་བཞུགས་གྲལ་དུ་འཁོད་རྗེས་སྤྱན་རྒྱ་སྤོས་སྣེའི་བསུ་མ་དང་བཅས་༸སྐྱབས་རྗེ་ཡོངས་དགེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་བཞུགས་ཁྲིར་གདན་དྲངས། དབུ་མཛད་ཀྱིས་རྡོ་རྗེ་འཆང་ཐུང་མ་ནས་རིམ་བཞིན་ཆོས་ཁྲིད་ཀྱི་སྔོན་འགྲོ་གྲུབ་རྗེས། 

སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་མཆོག་གིས། བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་ཐབས་སྐོར་གསུང་དོན། 

ཐུགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་གསན་པར་འཚལ། ཆོ་ག་ཆོས་སྤྱོད། ཕྱག་སྐོར་བ་སོགས་དགེ་བའི་ལས་གང་གནང་ན་བྱང་ཆུབ་སེམས་ཀྱི་རྩིས་ཟིན་པར་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།  དེ་ཡིན་ཙང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་གསན་པར་ཞུ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ་སྦྱོར་དངོས་མཇུག་གསུམ་ལས་སྦྱོར་བ་སྐྱབས་འགྲོའི་སྐོར་མདོར་བསྡུས་ཞུས་ཟིན་པ་ཡིན། དེ་རིང་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་སྐོར་ནས་མདོར་བསྡུས་ཞུ་རྒྱུ་ཡིན། བྱང་ཆུབ་སེམས་རྒྱུད་ལ་སྐྱེ་བ་ལ་བྱམས་སྙིང་རྗེ་སྒོམ་དགོས་རེད། དང་པོ་བྱམས་སྙིང་རྗེ་རྒྱུད་ལ་སྐྱེ་ཐབས་ལ་རྒྱུ་འབྲས་མན་ངག་བདུན་དང་། བདག་གཞན་བརྗེ་བ་སོགས་ཐབས་མང་པོ་ཡོད་རེད། མདོར་ན་རང་རང་སོ་སོའི་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གང་ཡོད་པ་དེ་ལ་བསམ་བློ་ཐོངས། རང་ལ་བདེ་བ་འདོད་པ་དང་སྡུག་བསྔལ་མིི་འདོད་པ་ཧ་གོ་བའི་ཐོག་ནས་གཞན་ལའང་བདེ་བ་དང་བདེ་བའི་རྒྱུ་ལྡན་ན་སྙམ་པ་བྱམས་པ་དང་།  སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་ན་སྙམ་པ་དེ་སྙིང་རྗེ་རེད། དང་པོ་བྱམས་པ་དང་སྙིང་རྗེ་སྒོམ་དུས་ལས་སླ་བོའི་ཐོག་ནས་སྒོམ་དགོས་རེད། ཕ་མ་དང་དེ་བཞིན་གྲོགས་པོ་གྲོགས་མོ། ཁྱི་ཕྲུག་དང་ཞི་མི་སོགས་སེམས་ཐག་ཉེ་བའི་རིགས་དང་། སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ལ་དམིགས་ཏེ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པར་བསམ་སྟེ་བློ་གོམས་པར་བྱ་དགོས། དེ་བྱམས་སྙིང་རྗེ་སྐྱེ་སླ་བའི་ཡུལ་ཞིག་ངོས་བཟུང་བ་རེད། ད་མཉམ་དུ་སྒོམ་རྒྱག་རྒྱུ་ཡིན། སྙིང་རྗེ་སྐྱེ་སླ་བ་ཞིག་སེམས་ལ་ཟུངས། དེའི་གང་ཟག་དེས་བདེ་བ་འདོད་ཀྱང་བདེ་བ་བསྒྲུབ་མི་ཤེས། སྡུག་བསྔལ་མི་འདོད་ཀྱང་དེའི་རྒྱུ་སྤངས་མི་ཤེས་པ་ཡིན་པར་ཡིད་ལ་ཟུངས། དེའི་གང་ཟག་དེ་བདེ་བ་དང་བདེ་བའི་རྒྱུ་དང་ལྡན། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་བསམ་ཏེ་སྒོམས། དེ་བཞིན་སེམས་ཅན་གཞན་ཡང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཡིན་ཙང་སེམས་ཅན་ཐམས་ཅད་ལ་དེ་ལྟར་བསམ་ཐུབ་ན་བྱམས་པ་ཚད་མེད་དང་སྙིང་རྗེ་ཚད་མེད་ཆགས་ཀྱི་ཡོད་རེད། དེ་བྱམས་སྙིང་རྗེ་བྱང་ཆུབ་སེམས་སྐྱེ་ཐབས་རེད། ད་ལྟ་ང་ཚོས་སེམས་ཅན་ཐམས་ཅད་སངས་རྒྱས་སར་འགོད་ཐུབ་ཐབས་ཡོད་མ་རེད་དེ་དེ་ལྟར་བྱ་གི་ཡིན་བསམ་པའི་བསམ་པ་རྒྱ་ཆེན་པོ་བསྐྱེད། དེ་ལྟར་ན་ཀུན་སློང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་རེད། ད་ལྟ་སྨོན་ལམ་འཚོགས་སྐབས་ཀྱང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཡིན་བསམ་རིམ་གྱིས་སེམས་བསྐྱེད་ན་བྱང་ཆུབ་སེམས་རྒྱུད་ལ་སྐྱེས་པ་དེ་འདྲ་ཡོང་གི་རེད། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གི །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་སྐད་ཅིག་གཅིག་སྐྱེས་ན་ཡང་ཕན་རླབས་ཧ་ཅང་ཆེན་པོ་ཡོད་པ་རེད། ཅེས་དང་། སྒོམ་གྱི་དངོས་གཞིའི་སྐོར་གསུང་དོན། 

ད་དངོས་གཞི་དམིགས་པ་མེད་པ་རེད། དེ་རིང་ཡང་ཞི་གནས་སྐོར་ཞུ་རྒྱུ་ཡིན། ཁ་སང་ཐུན་དང་ཐུན་མཚམས་ལ་ཉམས་ལེན་གནང་ཤོག་ཞུས་པ་ལྟར་ཉམས་ལེན་གནང་མཁན་ག་ཚད་ཡོད། ཡག་པོ་འདུག །དེ་རིང་ལུས་གནད་སྐོར་ཉུང་ཙམ་ཞུས་ན། ལུས་རྣམ་སྣང་ཆོས་བདུན་ཞུ་བ་དེ་ལ་ཐབས་ལམ་གྱི་ཆོས་བདུན་དང་། གྲོལ་ལམ་གྱི་ཆོས་བདུན་གཉིས་ཡོད་རེད། གྲོལ་ལམ་ཆོས་བདུན་ལ་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་མ་བཅས་ནའང་ཆོག་པ་རེད། ཕྱག་མཉམ་བཞག་དང་ངལ་གསོ་གང་རུང་དང་། སྒལ་ཚིགས་དྲང་པོར་བསྲང་རྒྱུ་དེ་གལ་ཆེ་ཤོས་རེད། དཔུང་པ་རྒྱང་ལྷོད་རན་པ། མགྲིན་པ་བསྡམ་པ་ལྟ་བུ་མ་ཡིན་པར་ལྷོད་པོར་ཞོག །མཆུ་དང་སོ་མ་བསྡམ་ལྕེ་ཡ་རྐན་ལ་རེག་ཙམ་ལས་ལྷོད་པོར་ཞོག །མིག་བཅོས་མ་མ་ཡིན་པར་ལྷོད་པོར་ལྟོས། ལས་དང་པོ་བ་ལ་མིག་བཙུམ་ནའང་ཆོག །ནམ་རྒྱུན་གསུང་རྒྱུན་ལ་གཟུགས་པོ་དྲང་པོ་ཡིན་མིན་དེ་སྨིན་མཚམས་སུ་ཤིང་ཐོག་ཅིག་བཟུང་སྟེ་མར་མངག་ན་པང་ཐོག་ཏུ་ཐད་ཀར་ལྷུང་ན་འགྲིག་གི་ཡོད་རེད། 

ད་གདམ་ག་གཉིས་ཡོད། གདམ་ག་ཞུས་ན་ཐུགས་ལ་ངེས་པ་དང་མི་བརྗེད་པ་ཕན་ཐོགས་ཀྱི་རེད། དང་པོ་དྲན་པའི་སྐོར་དང་། གཉིས་པ་དྲན་པ་ཉམས་ལེན་གྱི་སྐོར་རེད། དང་པོ་ལྟ་བ་དང་གཉིས་པ་སྒོམ་པ་རེད། དེ་གཉིས་གང་ཞུ་ན་ཕྱག་རྐྱོངས་ཤོག །ལགས་སོ་ཉམས་ལེན་གནང་འདོད་ཡོད་འདུག །དྲན་པ་ཉེ་བར་བཞག་པ་བཞི་ནི་ལུས། ཚོར་བ། སེམས། ཆོས་དྲན་པ་ཉེ་བར་བཞག་པ་ཞེས་དཔེ་ཆའི་ནང་དུ་མང་པོ་གསུང་ཡོད་རེད། ལུས་ཚོར་སེམས་དང་ཆོས་རྣམས་ལ། །མཚན་ཉིད་གཉིས་སུ་ཡོངས་བརྟགས་པས། །ལུས་ཚོར་བ་སེམས་ཆོས་དེ་རྣམས་ལ་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་མི་རྟག་པ་ལ་སོགས་པ་དང་། ཞི་གནས་ཀྱི་ཆ་དང་སེམས་གཏིང་ནས་ཚོར་བ་དེ་མི་རྟག་པ་ཡིན་མིན་དེ་འདྲ་བསམ་དགོས་མ་རེད་ཚོར་བ་ངོ་ཤེས་ཙམ་འཇོག་རྒྱུ་རེད། ལྷག་མཐོང་སྐབས་ཚོར་བ་ཞེས་པ་དེ་མི་རྟག་པ་སྟོང་པ་བདག་མེད་པ་སོགས་ལ་བསམ་བློ་གཏོང་རྒྱུ་ཡོད་རེད། ཁ་སང་དྲན་པ་ངོ་སྤྲོད་ཞུས་པ་བཞིན་དྲན་པ་ཁོ་རང་གིས་ཁོ་རང་ངོས་ཟིན་ན་འགྲིག་གི་རེད། སྤྱིར་བཏང་ང་ཚོར་གསལ་ཞིང་རིག་པ་ཡོད་རེད་དེས་གསལ་ཞིང་རིག་པ་ཤེས་ན་ཏིང་ངེ་འཛིན་འགྱུར་གྱི་རེད། 

དྲན་པ་རྩལ་སྦྱང་དགོས་རེད། དེ་རིང་ལུས་དྲན་པ་ཉེར་བཞག་དང་ཚོར་བ་དྲན་པ་ཉེར་བཞག་གཉིས་མཉམ་དུ་ཞུ་རྒྱུ་ཡིན། ལག་པས་ཚ་གྲང་གང་འདུག་ཧ་གོ་བ་དེ་ཚོར་བ་དྲན་པ་ཉེ་བར་བཞག་པ་རེད། ཕྱག་ཐལ་མོ་སྦྱར་ཏེ་རེག་བྱ་ཧ་གོ་བར་གྱིས། ཤུགས་ཆེན་པོ་དགོས་མ་རེད་དྲན་ཙམ་དྲན་ཙམ་གྱིས། ཕྱག་འཕུར་འཕུར་གཏོང་ཚོར་བ་གང་ཡོད་ན་འགྲིག་གི་རེད་ཚོར་བ་མེད་ན་མེད་པ་དེ་ལ་སེམས་གཏོད། ལུས་དྲང་པོ་བསྲང་སྟེ་སྤྱི་གཙུག་ནས་རྐང་པའི་བར་ལུས་ཀྱི་གནས་རྣམས་སུ་རེ་རེ་ནས་ཚོར་བ་གང་འདུག་ན་དེ་ལ་སེམས་གཏོད། ཚོར་བ་མི་འདུག་ན་དེ་ག་རང་ཞོགས། དོན་དག་གང་བྱུང་ན་ཧ་གོ་བའི་ཐོག་ཏུ་བཞག་ན་ནོར་མ་ནོར་གང་ཡིན་ནའང་འགྲིག་གི་རེད། སྒོམ་གྱི་ངོ་བོ་དྲན་པ་རེད་དྲན་པས་ཟིན་པའི་སེམས་ལ་གང་ཤར་ན་འགྲིག་གི་རེད། དྲན་པ་ནི་ནམ་མཁའ་བཞིན་དུ་འགྱུར་བ་མེད་པ་ཞིག་རེད། དེ་བཞིན་བཟང་ངན་གྱི་རྟོག་ཚོགས་གང་བྱུང་ན་ནམ་མཁའི་སྤྲིན་ཚོགས་ནང་བཞིན་རེད། ད་སྤྱན་ཕྱེ་སྟེ་ཐུགས་རང་བབ་ངང་དུ་བཞུགས་རོགས། ད་ནང་༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེས་ཚིག་ཉུང་ཉུང་དོན་འདུས་ཀྱི་སྒོམ་ཟབ་པོ་གནད་ལ་འཁེལ་བ་མན་ངག་དང་ཉམས་མྱོང་གི་གནད་དང་ལྡན་པ་དཔེ་ཟབ་པོ་ཞིག་གསུང་བྱུང་། ག་རེ་གསུང་བྱུང་ཟེར་ན་ཞི་གནས་དང་སྒོམ་གྱི་ཉམས་ལན་ངོ་མ་དེ་ལ། བློས་བྱས་རྩོལ་བའི་སྒོམ་གྱིས་མ་བསླད་ཅིང་། །ཐ་མལ་འདུ་འཛིའི་རླུང་གིས་མ་བསྐྱོད་པ། །མ་བཅོས་གཉུག་མར་རང་བབ་འཇོག་ཤེས་པའི། །སེམས་དོན་ཉམས་ལེན་མཁས་ཤིང་སྐྱོང་བར་ཤོག །དེ་ལ་ཞི་གནས་ཀྱི་སྒོམ་རྒྱག་སྟངས་ཞིབ་ཚགས་པོ་གནད་ཆ་ཚང་འདུས་པ་ཞིག་གསུང་བྱུང་། དེ་ཡིན་དུས་ཕྱག་ཆེན་ཉམས་ལེན་སྐྱོང་ཐབས་ལ་གནད་རྣམ་པ་གསུམ་དེ་མ་ཡེངས་མི་སྒོམ་བཟོ་མེད་གསུམ་རེད། ཕྱག་ཆེན་སྨོན་ལས་བློས་བྱས་རྩོལ་བའི་སྒོམ་གྱིས་མ་བསླད་ཅིང་གསུང་དུས་མ་སྒོམ། སྒོམ་རྒྱག་རྒྱུ་ཡོད་མ་རེད་གསུང་པ་རེད། ད་ང་ཚོ་ཞི་གནས་སྒོམ་དུས་སྒོམ་དགོས་ཡོད་མ་རེད། ཞི་གནས་སྒོམ་སྐབས་སེམས་ལ་གང་དྲན་བྱུང་ན་དེ་ག་རང་འཇོག་རྒྱུ་རེད། ལྷ་སྒོམ་པ་དང་འདྲ་གི་མ་རེད། ཕྱག་རྒྱ་ཆེན་པོ་སེམས་ལ་གང་ཤར་ན་དེ་རང་འཇོག་རྒྱུ་དང་མ་ཤར་ནའང་དེ་ག་རང་འགྲིག་གི་རེད། སངས་རྒྱས་ཀྱི་སྐུ་ལ་དམིགས་པའི་ཞི་གནས་ཞེས་པ་ཞིག་བསྒོམ་རྒྱུ་ཡོད་རེད་དེའང་སངས་རྒྱས་ཀྱི་སྐུ་གང་འདྲ་ཞིག་ཤར་ན་འགྲིག་གི་རེད། དེ་བཞིན་སྒོམ་ཟེར་དུས་ད་ནང་༸སྐྱབས་རྗེ་གཽ་ཤྲཱི་རྒྱལ་ཚབ་རིན་པོ་ཆེས་གསུང་བ་བཞིན་བདེ་བ་དང་། གསལ་བ་དང་། མི་རྟོགས་པ་ལ་སོགས་པ་བདེ་ཉམས་དང་འཇམ་ཉམས་མི་རྟོག་པའི་ཉམས་གསུམ་ཡོད་རེད།  ཞེན་པ་མེད་པའི་བདེ་ཆེན་རྒྱུན་ཆད་མེད། །མཚན་འཛིན་མེད་པའི་འོད་གསལ་སྒྲིབ་གཡོགས་བྲལ། །བློ་ལས་འདས་པའི་མི་རྟོག་ལྷུན་གྱིས་གྲུབ། །རྩོལ་མེད་ཉམས་མྱོང་རྒྱུན་ཆད་མེད་པར་ཤོག །གསུང་པ་བཞིན་བདེ་གསལ་མི་རྟོག་པའི་ཉམས་གསུམ་རེད་དེ་ཚོ་ལ་བཟོ་རྒྱུ་ཡོད་མ་རེད། སྒོམ་ཆེན་ཞིག་གིས་སྒོམ་རྒྱག་འོང་དུས་སེམས་པ་དེ་ལྷོད་ཤིག་ཤིག །བདེ་འབོལ་འབོལ་ཡོང་བ་དེ་འདྲ་རེད། ནུབ་ཕྱོགས་པས་སྒོམ་རྒྱག་དུས་བདེ་བོ་གསལ་པོ་ཞིག་བཟོ་ནས་གད་མོ་ཤོར་གྱི་མེད་ནའང་འཛུམ་ཤིག་ཤིག་བྱས་ཏེ་རྒྱག་གི་རེད། ཤར་ཕྱོགས་པས་སྒོམ་རྒྱག་དུས་སེམས་རྩེ་གཅིག་ཏུ་ནང་དུ་སྡུད་དེ་སྒོམ་རྒྱག་གི་རེད། གཡས་གཡོན་ནས་སྐད་རྒྱབ་ན་ངས་སྒོམ་རྒྱག་གི་ཡོད་སྐད་མ་རྒྱག་ཅེས་བཤད་ཀྱི་རེད་དེ་ཆེད་དུ་བསྒོམ་དགོས་མ་རེད། ད་ལྟ་ཆོས་ཐུན་དེ་ཙམ་ཡིན་གསོལ་ཇ་ཞིམ་པོ་བཞེས་རོགས། ཞེས་གསུང་སྟེ་ཉིན་གཉིས་པའི་ཉིན་རྒྱབ་ཀྱི་ཆོས་ཐུན་སྔ་མ་གྲོལ་སོང་། 

ཁོང་གིས་སྒོམ་ཁྲིད་ནི་སྒོམ་གྱི་སྐོར་ལ་ཆ་རྒྱུས་ཡོད་མཁན་ཡིན་ན་དེ་ལ་རྟོགས་པ་ན་འཕར་བ་དང་སྒོམ་གྱི་བོགས་འདོན་སོགས་ཕན་རླབས་ཆེ་བ་མ་ཟད། སྒོམ་ལ་ཐོག་མར་འཇུག་མཁན་ལས་དང་པོ་པ་རྣམས་ལའང་ཁ་གསལ་ཞིང་ཉན་བདེ་བ་སེམས་ལ་ངེས་སླ་བ། གོ་བརྡ་འཕྲོད་པ། སུ་ཡིན་ན་སེམས་ལ་བསམ་བློ་གཏོང་སའི་ཡུལ་རྙེད་པ་སོགས་དགེ་མཚན་དུ་མ་ལྡན་པ་ནི་ཁོང་གི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཏུ་འཁུམས། 

ཐུབ་བསྟན་སྦྱིན་པ་ནས།

20180223PM_Aspiration of Mahamudra Review&Meditation3-2

Right-Column-Pics3.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་