སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེས་སྩལ་བའི་སྒོམ་ཁྲིད་སྐོར་གྱི་གསུང་ཆོས་ཉིན་གསུམ་པའི་ཆོས་ཐུན་དང་པོ།

ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༤ གུང་ཡོལ་དུས་ཚོད་གཉིས་པའི་ཐོག་བཀའ་རྙིང་བསྟན་པའི་གསལ་བྱེད་༸སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་མཆོག་ནས་སྒོམ་ཁྲིད་ཉིན་མཐའ་མའི་ཆོས་ཐུན་དང་པོར་བཀའ་སྩལ་དོན། དེ་ཡང་ཁ་རྩང་ཞུས་པ་ལྟར་བྱང་ཆུབ་ཀྱི་སེམས་གསལ་བཏབ་མཛད་དགོས་ཤིང་། དེ་ཡང་རང་ཁོ་ནའི་ཕྱིར་དུ་མ་ཡིན་པར་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་སླད་དུ་བསྒོམས་དགོས་ཏེ། རིགས་དྲུག་སེམས་ཅན་ལ་བདེ་བར་གཤེགས་པའི་སྙིང་པོ་མངོན་གྱུར་དུ་ཡོད་ཅིང་དེ་དག་གི་རྒྱུད་དུ་ཡོད་པའི་བདེ་གཤེགས་སྙིང་པོ་དེ་ཉིད་མངོན་དུ་འགྱུར་བར་བྱས་ཏེ་སངས་རྒྱས་ཀྱི་ས་ལ་འགོད་པར་བྱའོ་སྙམ་པའི་ཀུན་སློང་གི་རྩིས་ཟིན་ཏེ་ཆོས་གསན་པར་བྱ་དགོས།

རང་རེ་ལྷན་དུ་བྱང་ཆུབ་སེམས་བསྐྱེད་སྒོམ་སྟེ་སྐར་མ་གཉིས་ཙམ་བཞུགས་རྒྱུ། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པའི་སྒོ་ནས་གསན་པར་ཞུ། མཁའ་ཁྱབ་ཀྱི་སེམས་ཅན་ཉམ་ཐག་པ་ཐམས་ཅད་གཞི་བདེ་གཤེགས་སྙིང་པོ་དང་ལྡན་ཡང་དེ་ལྟར་མ་རྟོགས་པ་རྣམས་ལ་ཁོ་བོས་ཅི་ནས་ཀྱང་སྒྲོལ་བར་བྱའོ་སྙམ་པའི་ཀུན་སློང་བཅང་དགོས།

སྤྱན་བཙུམ་ནས་ཞི་གནས་སྒོམ་རྒྱུ་ཡིན། དང་པོ། དབུགས་གཏོང་ལེན་གྱི་དམིགས་པ་ལ་སེམས་གཏད་དེ་བཞུགས་རོགས། དེ་མཇུག་ལུས་དང་ཚོར་བ་དྲན་པ་ཉེ་བར་གཞག་པ་བསྒོམ་རྒྱུ་ཡིན། ད་སྤྱི་བོ་ནས་གདོང་བར་སེམས་གཏོད། མགོ་ཡི་རྒྱབ་ནས་ལྟག་པ་བར་སེམས་གཏོད། དེ་བཞིན་ལྟག་པ་ནས་རྒྱབ་ཀྱི་སྟོད་ནས་སྨད་བར་སེམས་རིམ་བཞིན་གཏོད། བྲང་དང་བྲང་ལ་ཡོད་པའི་ཚོར་བ་ལ་སེམས་གཏོད། ཕོ་བར་སེམས་གཏོད། ལག་གཡས་གཡོན་དང་དཔུང་པ་ནས་ལག་མཐིལ་བར་དང། དེ་བཞིན་བརླ་ནས་བཟུང་རྐང་པའི་གཡས་གཡོན་བར་སེམས་གཏོད། ལུས་ཡོངས་སུ་རྫོགས་པར་སེམས་གཏོད་དེ་ཚོར་བ་ཚ་བ་སོགས་དང་ངལ་བ་སོགས་ལ་སེམས་གཏོད། གཉིད་ཁུག་གྲབས་བྱ་བཞིན་ཡོད་ན་གཉིད་ཁུག་གྲབས་བྱ་བའི་ཚོར་བ་དེར་སེམས་གཏོད། སེམས་ནང་ཉོན་མོངས་པ་མ་དགའ་བ། མ་བདེ་བ། ན་ཟུག་གི་ཚོར་བ་ཅི་ཡོད་ན་ཡང་དེ་ཉིད་ལ་སེམས་གཏད་ཚེ་ཆོག  །ལྟ་བ་ཡིན་ན་དེའི་དབང་དུ་ཡིད་འགྲོ། ཆུའི་རྒྱུན་ལ་དམིགས་པ་ཆུ་རྒྱུན་ལ་ཡིད་འགྲོ་ཚུལ་སོགས་ཐོག་མར་སེམས་གཏོད་ཚུལ་སྐོར་ངོ་སྤྲོད་མཛད།

དེ་རིང་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ནས་ཕྱག་ཆེན་སྐོར་ཤོད་དགོས་ཞེས་བཀའ་ཕེབས་པ་བཞིན། ཐོག་མར་ཕྱག་ཆེན་དེར་མདོ་ལུགས་ཀྱི་ཕྱག་ཆེན་དང་། སྔགས་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་དོན་༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་བཀའ་སྩལ་བ་ལྟར། ཕྱག་རྒྱ་ཆེན་པོ་ནི་འཁོར་འདས་ཀྱི་ཕྱག་རྒྱ་ལས་འདའ་བ་ཞིག་ལ་གོ་བ་ཡིན། མདོ་ལུགས་ཕྱག་ཆེན་མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལ་བརྟེན་པ་དང་། བསྟན་བཅོས་ཀྱི་དབང་དུ་བྱས་ཚེ་རྒྱུད་བླ་མ་ལ་བརྟེན་པ་གཙོ་བོར་གསུངས་། སྔགས་ལུགས་ལུས་ཀྱི་རྩ་རླུང་རྣམས་གནད་དུ་བསྣུན་ནས། དོན་ལྷན་ཅིག་སྐྱེས་པ་མངོན་དུ་བྱ་དགོས། ཆོས་དྲུག་ནང་གཙོ་བོ་སྔགས་ལུགས་ཀྱི་ཕྱག་ཆེན་གཙོ་བོར་བྱེད་པ་ཡིན། དེ་ནས་སྙིང་པོའི་ཕྱག་ཆེན་བླ་མའི་མན་ངག་གི་ངོ་སྤྲོད་ཀྱི་ཐབས་ལ་བརྟེན་པ་དེ་ཉིད་ལ་སྙིང་པོའི་ཕྱག་ཆེན་ཞེས་བརྗོད་པ་ཡིན། དེ་ལྟའི་ཕྱག་རྒྱ་ཆེན་པོ་ཀུན་གྱི་དོན་སྙིང་དེ་ངོ་སྤྲོད་ཕྱིར་ཕྱག་རྒྱ་ཆེན་པོ་དེ་གསུང་བ་ཡིན། མདོར་བསྡུས་ན་ངོ་ཤེས་མ་ཤེས་གཉིས་ལ་ཐུག། ངོ་ཤེས་ན་ཐར་པའམ་མྱང་འདས་དང་ངོ་མ་ཤེས་ན་འཁོར་བ་ཡིན། དེ་ལ་ལན་གཉིས་མ་གཏོགས་བཟོ་དགོས་པ། བཅོས་དགོས་པ་སོགས་ཅི་ཡང་མེད། ཇི་སྐད་དུ། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཅེས་གསུངས། ཡང་དག་མཐོང་ན་ཡང་ངེས་པ་ལྟར་བདེ་གཤེགས་སྙིང་པོ་ཁོ་རང་ལ་ལེགས་ཉེས་ཀྱི་ངོ་བོ་ལ་འགྱུར་བ་ཅི་ཡང་མེད། 

འདི་ཉིད་མ་རྟོགས་འཁོར་བའི་རྒྱ་མཚོར་འཁྱམས། །འདི་ཉིད་རྟོགས་ན་སངས་རྒྱས་གཞན་ན་མེད། །སེམས་འདི་ཉིད་ཀྱི་ངོ་བོ་བདེ་གཤེགས་སྙིང་པོ་ཡིན་པས་དེ་ཉིད་ངོ་ཤེས་ན་སངས་རྒྱས་ཡིན། བདེ་གཤེགས་སྙིང་པོ་ངོ་མ་ཤེས་ན་འཁོར་བར་འཁྱམས་པ་ཡིན། དེ་ཉིད་ངོ་ཤེས་པའི་ཐབས་གང་ཞིག་བྱ་དགོས་ཞེས་ན། ཞི་གནས་ཀྱི་སྒོ་ནས་སྒོམ་ཐབས། ལྷག་མཐོང་གི་སྒོ་ནས་སྒོམ་ཐབས། ཞི་ལྷག་ཟུང་འབྲེལ་གྱི་སྒོམ་ཚུལ་སོགས་ལྟ་ཐོག་ནས་སྒོམ་པ་འཚོལ་ཚུལ་གྱི་སྐོར་གསུངས། དེ་རྟིང་ཟུང་འཇུག་གི་སྒོ་ནས་སྒོམ་ཚུལ་ཡིན། ཉེ་སྔོན་ཁོ་བོས་ཉིན་གཉིས་སྒོམ་ཁྲིད་བགྱིས་པ་དེ་ཉིད། སྒོམ་ཐོག་ནས་ལྟ་བ་འཚོལ་བ་དེ་ཉིད་ཡིན། སེམས་ཀྱི་ཉམས་ལེན་དངོས་དེ་མང་ཚོགས་ལ་བཤད་མི་ཆོག །དེ་ལས་དངོས་གཞི་ཉམས་ལེན་དངོས་མ་དེ་ཉིད་རྒྱུན་ལྡན་མང་ཚོགས་ལ་ཞུ་སྲོལ་མེད་སྟབས་མང་ཚོགས་ལ་ངོ་སྤྲོད་བགྱིས་ནའང་ཕན་ཐབས་མེད། དེ་ཉིད་མྱོང་ཐོག་ནས་བསྐྱོད་དགོས། རྒྱུད་སྨིན་ནས་སེམས་ཀྱི་གནས་ལུགས་ངོ་ཤེས་ཚེ་དེ་ཉིད་ཇི་བཞིན་རྟོགས་པ་ཡིན། ཁ་རྩང་ཉིན་གཉིས་རིང་ཐུན་མོང་གི་ཞི་གནས་སྐོར། ཐུན་མོང་གི་ཞི་གནས་ཡིན་པ་གང་ཞིག་ལ་ཕྱག་ཆེན་གྱི་རྩིས་ཟིན་པ་ཞིག་ཡིན། ཕྱག་ཆེན་ཆེན་གྱི་རྩིས་ཇི་ལྟར་ཟིན་ཞེ་ན། མ་ཡེངས། མ་བསྒྲུབས། མ་བཅོས་གསུམ་གྱི་སྒོ་ནས་ཟིན་དགོས་པ་ཡིན་པས་དེ་ཉིད་གཙོ་བོ་ཡིན། གཞན་ཡང་གནས་འགྱུ་རིག་གསུམ་གྱི་སྒོ་ནས་སྒོམ་དགོས་པ་ཡིན། དེ་དག་ཐམས་ཅད་ཚང་བའི་སྒོ་ནས་སྒོམ་ན་གྲོལ་བ་ཐོབ་པ་ཡིན། དེ་ལྟར་བྱུང་ཚེ་བཟང་ངན་ཅི་བྱུང་ཡང་རྐྱེན་གྱིས་མི་བརྫི་བ་ཡིན། ད་གདམ་ག་གཉིས་ཡོད་དེ། དང་པོ་ངོ་ཤེས་མ་ཤེས་གཉིས་དང་། གནས་འགྱུ་རིག་གསུམ་གཉིས་ལས་གང་ཞིག་སྔོན་ལ་བཤད་དགོས། ཀུན་གྱི་འདོད་དོན་ལྟར་གནས་འགྱུ་རིག་གསུམ་སྔོན་ལ་ཞུ་རྒྱུར། གནས་པ་ཞེས་པ་སེམས་དེ་ཉིད་རང་བཞིན་ལ་བཞག་པ་དེ་ཉིད་ལ་གོ་བ་ཡིན། འགྱུ་བ་སེམས་ཉོན་མོངས་ཀྱི་དབང་དུ་སོང་སྟེ་རྣམ་རྟོག་སྣ་ཚོགས་སམ་སེམས་ལ་་མི་དྲན་དགུ་དྲན་འཆར་བ་དེ་ཉིད་ལ་གོ་བ་ཡིན། རིག་པ་ཞེས་པ་དྲན་པ་དེ་ཉིད་ལ་གོ། གོ་བའམ་ཚོར་བ་ལ་དྲན་པ་ཟེར། རིག་པ་ཡོད་ན་གནས་པ་དང་འགྱུ་བ་གཉིས་ཀ་སྒོམ་དུ་འགྲོ་བ་ཡིན། དང་པོ་གནས་པ་སྒོམ་དུ་འགྱུར་ཚུལ་སྐོར་ཞུ་རྒྱུ་ཡིན། དང་པོ་གནས་པ་དེ་ཞི་གནས་མཚན་ལྡན་དང་། དང་པོ་དེ་སེམས་ལྷོད་དེ་འཇོག་དགོས་པ་ཡིན། དེ་བཞིན་རྡོར་གདན་མཆོད་རྟེན་དྲུང་ཕྱག་འཚལ་སྐབས་ལུས་ངལ་ཏེ་བཏུང་བ་དྲན་པ་དང་། དེ་བཞིན་བཀྲེས་སྐབས་ཟས་དང་འཕྲད་ཚེ་ཤིན་ཏུ་སྐྱིད། དེ་སོགས་སིམ་པའི་ཚོར་བ་དུ་མ་ཡོད། དེ་བཞིན་དབུགས་རིང་བཏང་ཡང་བློ་ལྷོད་དུ་གྱུར་པ་ཡིན། སེམས་མ་སྐྱིད་པའི་སྐབས་དབུགས་རིང་དུ་མ་གཏོང་བར་བྱེད། དེ་ལྟར་བློ་ལྷོད་པའི་ངང་འཇོག་དགོས། དམིགས་བསལ་སྒོམ་རྒྱུ་ཅི་ཡང་མེད། ལྷོད་པར་བཞུགས་པས་ལྷོད་པའི་ཚོར་བ་བྱུང་ངམ། ལྷོད་པར་མ་བྱུང་ཚེ་མ་བྱུང་བར་རྟོགས་དགོས་པ་དེ་ཡིན། ཞི་གནས་མཚན་མེད་དམ་ངོ་བོ་ཉིད་ཀྱི་ཞི་གནས་དེ་ཡིན། འདི་ཉིད་གང་ཞིག་ཡིན་ཞེ་ན། དངོས་འབྲེལ་བྱས་ན་ང་ཚོས་བསྒོམས་ཟིན་པ་ཡིན། ད་ལྟ་བློ་ལྷོད་པར་བཞག་པ་དེ་ཉིད་ཡིན།  མ་བསྒོམས་པ་ནི་སྒོམ་པའི་མཆོག །ཅེས་གསུངས་པ་ལྟར་སེམས་ཀྱི་རང་བབ་སྟེང་འཇོག་དགོས་པ་ཡིན། གཙོ་བོ་མ་ཡེངས་པར་བྱ་དགོས། སེམས་ཀྱི་ཁྱད་ཆོས་གསལ་ལྷང་ངེ་ཡོད་པ་ལ་དེ་ཉིད་ལས་སྒོམ་དེ་རྒྱབ་ཅེས་པ་ལོགས་སུ་མེད། མ་ཡེངས་པར་ཡུལ་འདི་དང་འདི་ཞེས་པ་ཅི་ཡང་མེད་པ་ཞིག་གི་ངང་མཉམ་པར་འཇོག་དགོས། སྔོན་མ་དེར་རེ་དྭོགས་ཅི་ཡང་མེད། ཕྱི་མ་དེར་མཚན་མེད་ཞི་གནས་ཡིན་ཞེས་ཞུ་སྐབས་འདི་ཉིད་གང་ཞིག་ཡིན་ནམ་སྙམ་པའི་དོགས་པ་འཆར་འདི་ལ་ཁྱད་ཆོས་ཅི་ཡང་མི་འདུག་སྙམ་པ་ཡོང་སྲིད། ཞི་གནས་མཚན་མེད་ཅེས་པ་དེ་ཉིད་བདེ་སང་ངེ་། ཁྱད་པར་ཅན་ཞིག་ཡོད་སྣང་འཆར། དེ་བཞིན་མ་ཡེངས་པ་ཤིན་ཏུ་གཅེས། བསྟན་འཛིན་རྣམ་རྒྱལ་ནས་ཐད་ཕབ་ཞུས།

20180224PM_Aspiration of Mahamudra Review&Meditation3-3

Right-Column-Pics34.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་