བཀའ་བརྒྱུད་སྨོན་ལམ་ཐེངས་སོ་ལྔ་པའི་གཏོར་མའི་སྐོར།

དེ་ཡང་དཔལ་༸རྒྱལ་དབང་ཀརྨ་མཆོག་གིས་ཕྱི་ལོ་  ༢༠༠༤  ལོ་ནས་བཀའ་བརྒྱུད་སྨོན་ལམ་གྱི་ཐུགས་འགན་ཐོག་མར་བཞེས་སྐབས། རང་རེ་སྒྲུབ་བརྒྱུད་པ་ཀུན་གྱི་མེས་པོ་རྗེ་མར་མི་དྭགས་གསུམ་གྱི་སྣང་བརྙན་གཏོར་མའི་གཟུགས་སུ་ཐོག་མར་བཞེངས་སྐྲུན་མཛད་པ་ནས་བཟུང་ལོ་རེ་བཞིན་བཀའ་བརྒྱུད་སྨོན་ལམ་སོ་སོར་བསྟན་འགྲོར་མཛད་རྗེས་བླ་ན་མེད་པའི་གངས་ལྗོངས་སྐྱེས་ཆེན་རྣམས་ཀྱི་སྐུ་བརྙན་དང་ཡི་དམ་ཆོས་སྲུང་ཁག་གི་སྐུ་བརྙན་གཏོར་མའི་ནང་བཞེངས་པའི་ལམ་སྲོལ་གསར་གཏོད་མཛད་པའི་རྒྱུན་མུ་མཐུད་ད་བར་སྐྱོང་བ་ལྟར། འདི་ལོ་བཀའ་བརྒྱུད་སྨོན་ལམ་སོ་ལྔ་པའི་སྐབས་སུ་ཡང་གཏོོར་མ་ཆེ་ཆུང་འཚམས་པ་བཞི་བཞི་ཕྱོགས་ཕན་ཚུན་དུ་སྒྲིག་སྟེ་དེ་དག་གི་སྟེང་དུ་ཉེ་བའི་སྲས་ཆེན་བརྒྱད་ཀྱི་སྣང་བརྙན་ཏེ། སྲས་ཆེན་བརྒྱད་པོ་ནི། འཇམ་དབྱངས། སྤྱན་རས་གཟིགས། ཕྱག་ན་རྡོ་རྗེ། བྱམས་པ། ཀུན་ཏུ་བཟང་པོ། ས་ཡི་སྙིང་པོ། སྒྲིབ་པ་རྣམ་སེལ། ནམ་མཁའི་སྙིང་པོ་སྟེ་བརྒྱད་དང་། དབུས་སུ་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་སྣང་བརྙན་བསྐྲུན་ཡོད། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་པོ་ནི། སྔ་འགྱུར་རྙིང་མ་བ། བཀའ་གདམས་པ། ལམ་འབྲས་པ། མར་པ་བཀའ་བརྒྱུད། ཤངས་པ་བཀའ་བརྒྱུད། ཞི་བྱེད་པ། སྦྱོར་དྲུག་པ། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་སོ་སོའི་བསྟན་བདག་བླ་མ་རྣམས་ཀྱི་སྣང་བརྙན་བཅོས་ཡོད།  དེ་བཞིན་གཤམ་དུ་མཆོད་པའི་ལྷ་མོ་བརྒྱད་ཀྱི་སྐུ་བརྙན་བཅས་ཡོད། དེ་ལྟར་བཅའ་བའི་དགོས་དོན་ནི། རིས་མེད་རྒྱལ་བསྟན་ཀུན་ལ་དག་སྣང་སྦྱོང་བའི་ཕྱིར་དང་། དེ་ཉིད་ལ་བརྟེན་ནས་མཉམ་མེད་བུ་རམ་ཤིང་པའི་རིང་ལུགས་ལུང་རྟོགས་ཀྱི་ཆོས་ཚུལ་དྲི་མ་མེད་པ་འདི་བཞིན་ཡངས་པའི་འཇིག་རྟེན་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་དུ་གནས་པ་དང། དེ་འཛིན་གྱི་རིས་མེད་པའི་སྐྱེས་ཆེན་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ཅིང། བསྟན་འགྲོའི་མཛད་འཕྲིན་འཕེལ་བ། མཁའ་ཁྱབ་འགྲོ་བ་མ་ལུས་ཞི་བདེའི་དཔལ་ལ་གནས་པ་དང།  འབྱུང་བ་དགྲར་ལངས་ཀྱི་གནོད་འཚེ་མཐའ་དག་ལས་སྐྱོབ་ཅིང། ཞི་བསིལ་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་སྨོན་འདུན་གྱི་སླད་དུ་ཡིན།  བསྟན་འཛིན་རྣམ་རྒྱལ་ནས།

image-270-3.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་