དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གི་བློ་སྦྱོང་ཆིག་ལབ་རིང་མོའི་བཀའ་ཆོས་ཉིན་བཞི་པ།

 

བཀའ་བརྒྱུད་སྨོན་ལམ་ཐེངས་སོ་ལྔ་པའི་ཉིན་བཞི་པ། ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༣ ཚེས་ ༡ སྔ་དྲོའི་ཆར་སྒྲུབ་བརྒྱུད་བསྟན་པའིགཙུག་རྒྱན་བདག་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༸དཔལ་རྒྱལ་བའི་དབང་པོ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཆེན་པོ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་མཆོག་གི་སྣང་བརྙན་མཐོང་གྲོལ་རིན་པོ་ཆེ་དེ་ཉིད། གདན་ས་ཆེན་པོ་རུམ་བཏེག་སོགས་ཀྱི་ཆོས་ཁྲིམས་པ་བཞིས་སྤོས་སྣ་དང་རྒྱ་གླིང་བཅས་པའི་སྒོ་ནས་སྨོན་ལམ་གྱི་གར་སྟེགས་སུ་བཞུགས་ཁྲིར་གདན་དྲངས། དེ་ནས་དབུ་མཛད་ཀྱིས་བཀའ་ཆོས་ཀྱི་སྔོན་འགྲོའི་ཞལ་འདོན་དང་མཎྜལ་གྱི་འདོན་པ་འགོ་བཙུགས་པ་དང་། ཕྱི་ནང་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་སློབ་ཚོགས་བརྒྱ་ཕྲག་འགའ་ཡིས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་མཛད། དེ་རྗེས་ཉིན་སྔོན་མ་བཞིན་ནུབ་ཕྱོགས་ཨ་རི་ནས་དྲྭ་རྒྱ་བརྒྱུད་དེ་༸རྒྱལ་དབང་མཆོག་གིས་ཆིག་ལབ་རིང་མོའི་བཀའ་ཆོས་ཉིན་སྔོན་མའི་ཆོས་མཚམས་ནས་མུ་མཐུད་དེ་གསུངས། 

དེ་ཡང་ཆིག་ལབ་རིང་མོའི་གཞུང་ནི། "དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །ཟེར་བ་དེ་གཅིག་པུས་ཀྱང་ཆོག་མོད། མི་ཀུན་ཡང་ཆ་ཡོད། ཆོས་དོན་དུ་གཉེར་བ་ཙམ་མི་འདུག་ཅེས་པ་ནས། མཐའ་མའི་གཞུང་ཚིག །གཞན་ཅིས་ཀྱང་ཕན་མེད་སྙམ་པའི་རང་ཉིད་ཆིག་ལབ་ཤོར་བ་ཡིན། སྙིང་ནས་མིན་པ་ཆད་པ་ཆོད།" ཅེས་ལ་བཀའ་ཁྲིད་ཟབ་རྒྱས་སྩལ། །

དེའི་སྐབས་སུ་བཀའ་ཁྲིད་སྙིང་དོན་ནི། སྙིང་ནས་ཆོས་སྒྲུབ་མཁན་ཞིག་དང་ཐོས་བསམ་བྱ་མཁན་ཞིག་ཡིན་ན་སྤྱོད་འཇུག་གི་ནང་དུ། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །ཞེས་པའི་གདམས་ངག་ཙམ་གྱིས་ཀྱང་ཆོག་པ་དང་། དེང་སང་ཆོས་པ་རྣམས་ཀྱིས་བློ་ལྡོག་རྣམ་བཞི་སོགས་སྔོན་འགྲོའི་ཆོས་ལ་གནད་འགག་ཆེན་པོ་དེ་ཙམ་མི་མཛད་པར། ཕྱག་རྒྱ་ཆེན་པོ་དང་རྫོགས་པ་ཆེན་པོ་ཞེས་པ་རྣམས་ལ་ཆེས་གལ་ཆེ་ཞིག་ཏུ་འཛིན་གྱི་ཡོད། སྤྱིར་དེ་ལྟར་མིན་པར་ཆོས་དངོས་གཞི་ལས་ཀྱང་སྔོན་འགྲོ་གཟབ་དགོས་ཞེས་གསུངས་པ་བཞིན། སྔོན་འགྲོ་དེ་ཆེས་གལ་ཆེན་པོ་ཡིན་ཚུལ་སྐོར་བཀའ་ཁྲིད་ཞིབ་ཕྲ་མཛད། 

ལྷག་པར་ཆོས་དང་འཇིག་རྟེན་འགལ་བ་ཡིན་ཚུལ་ཆེས་གནད་བསྡུས་ཤིག་གསུངས་ཡོད་པ་འདི་ལྟར། "འཇིག་རྟེན་དོན་དུ་གཉེར་བ་དང་ཆོས་དོན་ཏུ་གཉེར་བ་གཉིས་རྒྱབ་འགལ་ཡིན། དེ་ཡང་འཇིག་རྟེན་པ་རྣམས་ཀྱིས་ཚེ་འདི་ཁོ་ན་དོན་ཏུ་གཉེར་བ་ཡིན་པ་དང་། གཅིག་ཤོས་ནི་ཚེ་ཕྱི་མ་ཕན་ཆད་དོན་ཏུ་གཉེར་བའི་རྒྱུ་མཚན་གྱིས་ཡིན་" ཞེས་གསུངས་སོ།  །

དེ་བཞིན་དིང་སང་འཇིག་རྟེན་པ་རྣམས་ཀྱི་ནང་དུ་ཁྱིམ་ཐབས་འཛིན་ཚུལ་ལ་སོགས་པར་བསླབ་བྱ་རྒྱབ་མཁན་གཙོ་བོ་ནི་རབ་ཏུ་བྱུང་བ་ཡིན་པས། དེ་དག་ནི་འཆི་བ་མ་དྲན་པའི་ཉེས་པ་དང་། འཆི་བ་མི་རྟག་པ་སྙིང་ནས་མ་བསམ་པའི་ཉེས་པ་ཡིན་ཚུལ་དང་། ཆོས་སྒྲུབ་ནས་འཆི་བའི་དུས་རང་གི་རང་ལ་འགྱོད་པ་མེད་པ་ཞིག་དང་། ནམ་ཞིག་རང་ལ་དམ་པའི་ཆོས་སྒྲུབ་པ་ལ་གོ་སྐབས་ཐོབ་ཚེ་གོ་སྐབས་དེ་ཉིད་ཆུད་ཟོས་སུ་མ་བཏང་བར་བྱས་ནས་དམ་པའི་ཆོས་ཚུལ་བཞིན་དུ་སྒྲུབ་དགོས་ཚུལ།  འཆི་བ་མི་རྟག་པ་དེ་ཉིད་དགེ་བཤེས་པོ་ཏོ་བའི་གསུང་དུ་མ་ཞིག་གིས་ནང་དུ་ཡོང་གི་ཡོད་པས། སྤྱིར་འཆི་བ་མི་རྟག་པ་ནི་དགེ་བཤེས་པོ་ཏོ་བས་ཉམས་ལེན་གྱི་མཐིལ་དུ་གནང་བར་མཚོན།  དེས་ན་ཁོང་གི་ཉམས་མྱོང་ཟབ་མོ་དེ་ཉིད་མར་གསུངས་པ་དེ་ང་ཚོས་ཀྱང་ཅི་ཐུབ་ཉམས་ལེན་ལ་འབད་དགོས་ཚུལ་གསུངས། 

ལྷག་པར་དུ་༸རྒྱལ་དབང་མཆོག་གིས་འཆི་བ་མི་རྟག་པ་སྒོམ་ཚུལ་ལ་བཀའ་ཁྲིད་ཆེས་ཟབ་གནད་ཅན་ཞིག་གནང་ཡོད་པ་འདི་ལྟར། "འཆི་བ་མི་རྟག་པ་སྒོམ་ཞེས་པ་དེ་ང་འཆི་འོང་སྙམ་ནས་འཇིགས་སྣང་དང་དངངས་སྐྲག་སྐྱེས་པ་ཙམ་མིན་པར། འཆི་བ་སྒོམ་ཞེས་པ་ནི། དང་པོ་འཆི་རྒྱུ་ཡིན་པར་ཐག་བཅད། དེ་བཞིན་ནམ་འཆི་ཆ་མེད། འཆི་བ་དེ་ཡང་རྐྱེན་གང་གིས་འཆི་བ་ཆ་མེད་པ་གསུམ་གྱིས་སྒོ་ནས་རང་འཆི་ངེས་ཡིན་པར་ཐག་བཅད་ནས། དམ་པའི་ཆོས་སྒྲུབ་པའི་གོ་སྐབས་བཙལ་བ་དེ་ཡིན། དེ་ཡང་འདུས་བྱས་ཀྱི་ཆོས་ཤིག་ཡིན་ནས་བཟུང་སྐད་ཅིག་སྐད་ཅིག་ལ་འཇིག་པར་གྱུར་བས། དེས་ན་སྐར་མ་རེ་རེ་དང། ཆུ་ཚོད་རེ་རེ། ཉི་མ་རེ་རེ་ལ་གོ་སྐབས་ཀྱང་གསར་པ་རེ་ཐོབ་ཀྱི་ཡོད་པས་དེ་ཉིད་ངོས་བཟུང་ནས་ཆོས་སྒྲུབ་པར་བརྩོན་དགོས། དེ་མིན་འཆི་འོང་སྙམ་ནས་འཇིགས་སྣང་སྐྱེས་པ་ཙམ་ཞིག་གིས་ཕན་ཐོགས་ཅི་ཡང་མེད།  ཕྱོགས་གཅིག་ནས་བསམ་ན་འདས་པའི་གནས་ཚུལ་ཇི་ལྟར་བྱུང་བ་རྣམས་མི་རྟག་པ་ཡིན་པར་བརྟེན་ད་ལྟ་འཇིག་ཟིན་ནས་སླར་ཡང་གོ་སྐབས་གསར་པ་ཞིག་ཐོབ་ཀྱི་ཡོད། དེས་ན་གོ་སྐབས་དེ་དང་བསྟུན་ཏེ་སོ་སོའི་ངོས་ནས་ཀྱང་མི་ཚེ་གསར་པ་ཞིག་སྐྱེལ་འགོ་འཛུགས་ཐུབ་པ་ཡིན་ན་འཆི་བ་མི་རྟག་པ་སྒོམ་པའི་གནད་འགག་ཡིན" ཞེས་གསུངས་སོ། །

དེ་རྗེས་ཆིག་ལབ་རིང་མོ་ཞེས་པ་ལ་འགྲེལ་བཤད་མཛད་ཅིང་། དེ་ཡང་སྤྱིར་ཆིག་ལབ་ཞེས་པ་ནི་རང་གིས་རང་ལ་སྐད་ཆ་བཤད་པ་ཡིན་པ་དང་། སྐབས་འདིར་དགེ་བཤེས་པོ་ཏོ་བ་རང་གིས་རང་ལ་ཞུ་དག་དང་སློབ་གསོ་མཛད་ཡོད་པར་མཚོན་པ་དང་། ཕྱོགས་གཞན་ནས་གཞིག་ན་སྤྱིར་དགེ་བཤེས་པོ་ཏོ་བས་དེ་ལྟར་རྟོགས་ཀྱང་། གཞན་རྣམས་ཚེ་འདི་པ་ཁོ་ན་ཡིན་པས་འཆད་ཀྱང་མི་ཉན་པར་བརྟེན་སོ་སོ་རང་ལ་སློབ་གསོ་བསྐྱོན་ཁུལ་གྱིས་མདོར་ན་ཐུགས་སྐྱོ་བའི་བཀའ་ཁྲིད་ཡིན། སྤྱིར་ཆིག་ལབ་རིང་མོའི་གཞུང་འདི་ཉིད་ཡོངས་གྲགས་སུ་དགེ་བཤེས་པོ་ཏོ་བས་མཛད་པར་གྲགས་ཀྱང་། བླ་མ་ཞང་གི་བཀའ་འབུམ་གྱི་ནང་དུ་བཞག་ནས་བླ་མ་ཞང་གིས་མཛད་པར་གསུངས་ཡོད་པས་དེར་དཔྱད་པ་མཛད་དགོས་ཚུལ་སོགས་གསུངས་ནས། དགེ་བཤེས་པོ་ཏོ་བའི་ཆིག་ལབ་རིང་མོའི་བཀའ་ཁྲིད་འདི་ཉིད་ཡོངས་སུ་རྫོགས་པར་གྲུབ་བོ། །

མཇུག་ཏུ་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་ནས་ད་ལན་བཀའ་བརྒྱུད་སྨོན་ལམ་སྐབས་སོ་ལྔ་པར། དྲུང་ཉིད་ཐག་རིང་དུ་བཞུགས་ཡོད་ཀྱང་དྲྭ་རྒྱ་བརྒྱུད་དེ་ཆིག་ལབ་རིང་མོའི་བཀའ་ཆོས་མཇུག་ལེགས་པར་གྲུབ་ཐུབ་པ་ལ་ཐུགས་དགྱེས་པོ་བྱུང་ཡོད་པ་དང་། དེ་བཞིན་ཆིག་ལབ་རིང་མོའི་བཀའ་ཁྲིད་ཟབ་རྒྱས་གནང་བའི་དགེ་རྩ་འདི་ཉིད་ལ་བརྟེན་ནས།  འགྲོ་བ་སེམས་ཅན་ཐམས་ཅད་བདེ་ནས་བདེ་བར་འགྲོ་བ་དང་། སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་དར་རྒྱས་ཡོང་བ། ལྷག་པར་དུ་མཉམ་མེད་དྭགས་པོ་བཀའ་བརྒྱུད་དང་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་དགེ་འདུན་ནང་ཕན་ཚུན་ཐུགས་མཐུན་པའི་སྒོ་ནས་སྒྲུབ་བསྟན་རིན་པོ་ཆེ་དེ་ཉིད་དར་རྒྱས་ཡོང་བ་དང་། དེ་བཞིན་བོད་ཀྱི་ཆོས་བརྒྱུད་རྣམས་ཕན་ཚུན་ཐུགས་མཐུན་པ་དང་། དམིགས་བསལ་དུ་༸རྒྱལ་མཆོག་ཉིད་དང་འབྲེལ་བའི་སྐྱ་སེར་ཕོ་མོ་ཡོངས་ཀྱི་ཐུགས་ཀྱི་ཞེ་འདོད་རྣམས་ཆོས་བཞིན་དུ་འགྲུབ་པའི་བསྔོ་སྨོན་ཟབ་རྒྱས་མཛད།

སླར་ཡང་༸་རྒྱལ་དབང་མཆོག་ནས་དམིགས་བསལ་དུ་༸སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་མཆོག་དང་སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་རྣམ་གཉིས་ལ་ཐུགས་རྗེ་ལེགས་འབུལ་ཞུས་པ་ནི། དེ་ཡང་༸རྒྱལ་དབང་མཆོག་གིས་གསུངས་དོན། ད་ལན་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་ལྔ་པའི་སྔོན་འགྲོའི་གསུང་ཆོས་སྐབས་སུ། ༸སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་ཆེན་པོ་མཆོག་གིས་ཕྱག་ཆེན་སྨོན་ལམ་གྱི་བཀའ་ཁྲིད་ཤིན་ཏུ་ཟབ་རྒྱས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་བྱུང་བ་དང་། དེ་བཞིན་སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་ནས་ཀྱང་སྒོམ་ཁྲིད་ཟབ་མོ་གནང་ཞིང་། རིན་པོ་ཆེ་རང་ཡང་དེ་ལྟར་ཉམས་བཞེས་སུ་མཛད་ནས་མཛད་ཕྲིན་རྒྱས་བཞིན་ཡིན་པས་རིན་ཕོ་ཆེ་རྣམ་གཉིས་ལ་ཐུགས་གཏིང་ནས་ཐུགས་རྗེ་ཆེ་ཞུས། 

དེ་ནས་༸རྒྱལ་དབང་མཆོག་གིས་ཆིག་ལབ་རིང་མོའི་བཀའ་ཆོས་ཟབ་མོ་དེ་ལྟར་སྩལ་བའི་བཀའ་དྲིན་གཏང་རག་གི་ཡོན་དུ། བཀའ་བརྒྱུད་སྨོན་ལམ་ཚོགས་པའི་ངོས་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་། མཐར་༸སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་ཆེན་པོས་སེམས་ཅན་ཚེ་ལས་འདས་པ་རྣམས་ཀྱི་སླད་གཤིན་བསྔོ་དང་། དེ་བཞིན་སེམས་ཅན་ཚེ་དང་ལྡན་པ་རྣམས་ཀྱི་ཆེད་དུ་གསོན་བསྔོ་མཛད་དེ་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་ལྔ་པ་ཉིན་བཞི་པའི་སྔ་དྲོའི་ཆོས་ཐུན་གྲོལ་ལོ། །

བཀའ་ཁྲིད་དང་གནས་ཚུལ་གྱི་གནད་བསྡུས་ཤིག་གསར་འགྱུར་གྱི་ཚུལ་དུ་གངས་ལ་ཉི་ཤར་ནས། 

20180301_Monlam Day4_Teaching On Potowa`s Long Soliloquy4-4

 

Right-Column-Pics13.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་