༸གྲུབ་དབང་༸སྐྱབས་རྗེ་སངས་རྒྱས་མཉན་པའི་ཕྱག་ཆེན་གངྒཱ་མའི་བཀའ་ཁྲིད་ཉིན་དང་པོོའི་ཆོས་ཐུན་གཉིས་པ།

༸གྲུབ་དབང་༸སྐྱབས་རྗེ་སངས་རྒྱས་མཉན་པའི་ཕྱག་ཆེན་གངྒཱ་མའི་བཀའ་ཁྲིད་ཉིན་དང་པོོའི་ཆོས་ཐུན་གཉིས་པ།
༸སྐྱབས་རྗེ་རིན་པོ་ཆེ་མཆོག་སླར་ཡང་བཞུགས་ཁྲིར་འཁོད་རྟིང་ཆོས་ཐུན་སྔ་མར་མཚན་སྨོས་པ་དང་འགྱུར་ཕྱག་གི་དོན། དེ་བཞིན་གཞུང་དོན་དངོས་མན་ངག་གཞན་ལ་འདོམས་པར་དམ་བཅའ་བའི་སྐབས་ལ། གནས་ལུགས་ཕྱག་རྒྱ་ཆེན་པོ་ཉམས་སུ་ལེན་པའི་སློབ་མ་སྣོད་དང་ལྡན་པ་ལ་མཚན་ཉིད་དམ་ཡོན་ཏན་བཞི་ལྡན་དགོས་གསུངས་པ་ལས་དཀའ་བ་སྤྱད་པ། བླ་མ་ལ་གུས་པ་གཉིས་ཆོས་ཐུན་དང་པོར་རྒྱས་འགྲེལ་གྱི་སྒོ་ནས་བཀའ་ཁྲིད་ལེགས་པར་གྲུབ་སྟེ། ཆོས་ཐུན་གཉིས་པར་གསུམ་པ་སྡུག་བསྔལ་ལ་བཟོད་པ་ནས་མར་མུ་མཐུད་དེ་བཀའ་ཁྲིད་བསྐྱངས། x
དེ་ཡང་གཞུང་རྩ་བའི་ནང་དུ། །དཀའ་བ་སྤྱད་ཅིང་བླ་མ་ལ་གུས་ལ། །སྡུག་བསྔལ་བཟོད་ལྡན་བློ་ལྡན་ནཱ་རོོ་པ། །སྐལ་ལྡན་ཁྱོད་ཀྱི་བློ་ལ་འདི་ལྟར་བྱོས། །ཞེས་པའི་སྐབས་སུ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཟབ་དང་རྒྱ་ཆེ་བའི་གདམས་ངག་ཅེས་པ་དེ་གོ་ཐུབ་ཚད་དང་། ཉན་མཁན་ཡོད་དོ་ཅོག་ལ་བསྟན་བྱ་མིན་པར་བླ་མ་དང་སློབ་གཉིས་ཀྱི་བར་དུ་ཟབ་མོའི་འབྲེལ་བ་དམ་ཟབ་ཡོད་དགོས་པ་དང་། དེ་བཞིིན་བླ་མ་བརྒྱུད་པའི་བྱིན་རླབས་དེ་ཆུད་ཟོས་སུ་མི་འགྲོ་བར་བྱས་ནས་སེམས་རྒྱུད་ལ་ངེས་པར་ཕན་ཐུབ་པ་ཞིག་བྱ་རྒྱུ་དང་། དེ་ཙམ་ཞིག་མིན་པར་སྐྱེ་བ་ནས་སྐྱེ་བ་ཚེ་རབས་ཚེ་རབས་ཟབ་མོའི་གདམས་ངག་ཉམས་སུ་ལེན་ནས་རབ་བྱུང་ན་ཚེ་གཅིག་ལུས་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་བྱ་དགོས་ཞེས་གསུངས།
མཚན་ཉིད་གཉིས་པ་བླ་མ་ལ་གུས་ཞེས་པ་ནི། མན་ངག་གི་སྐབས་སུ་གནས་ལུགས་ཀྱི་དོན་རྟོགས་པ་ལ་ལྟ་བ་དང་ཁས་ལེན་གྱིས་སྒོ་ནས་རྟོགས་མི་ཐུབ་པར་ངེས་པར་དུ་བླ་མ་བརྒྱུད་པའི་བྱིན་རླབས་འཇུག་དགོས་ཤིང་། དེ་ལྟར་བྱིན་རླབས་རང་རྒྱུད་ལ་འཇུག་པ་ལ་བླ་མ་ལ་མོས་གུས་དགོས་པ་ཡིན། མོས་གུས་དེའང་བླ་མའི་ཡོན་ཏན་ལ་བློ་འདྲོངས་ཤིང་། སྙིང་ཁུང་རུས་པའི་གཏིང་ནས་ཡིད་ཆེས་པ་དང་། དུས་གསུམ་རྒྱལ་བ་ཐམས་ཅད་གཅིག་ཏུ་བསྡུས་ནའང་བླ་མའི་བ་སྤུའི་ཁུང་བུ་འདི་གཅིག་ལས་ལྷག་པ་གང་ཡང་མེད་ཅེས་སྙམ་དགོས་པ་དང་། དུས་ཀྱང་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དང་།མངོན་པར་རྫོགས་པར་སངས་རྒྱས་ཟིན་ནའང་བླ་མའི་སྐུ་གསུང་ཐུགས་དང་བྲལ་བ་མེད་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་སྔོན་བྱོན་བཀའ་བརྒྱུད་གོང་མ་རྣམས་ཀྱི་རྣམ་ཐར་ལ་སློབ་དགོས་ཞེས་གསུངས།
དེ་ལྟར་བླ་མ་སངས་རྒྱས་ལས་ལྷག་པ་མཐོང་བའི་མོས་གུས་ཀྱི་གདེང་ཚོད་ནི་སྔོན་ཡང་དག་པའི་བླ་མ་ལས་གདམས་ངག་ལེགས་པར་ཞུས་ཤིང་། ཚུལ་བཞིན་དུ་ཉམས་སུ་ལེན་ནས་ཐོབ་དགོས་པ་ཡིན། བླ་མ་དེའང་མཚན་ཉིད་དང་ལྡན་པ་ཞིག་གིས་དྲུང་ནས་གདམས་ངག་ཞུ་དགོས། མཚན་ཉིད་ལྡན་ཞེས་པའང་བླ་མ་དེ་ལ་འཁོར་དུ་མ་ཡོད་ཅེས་དང་། ཕྱི་རྒྱལ་ཡུལ་གྲུ་དུ་མར་སྐྱོད་བཞིན་ཡོད་པས་ཤིན་ཏུ་འགྲོ་དོན་ཆེན་པོ་ཡིན་ཞེས་ལྟ་བུ་ཞིག་མིན་པར། བླ་མའི་འགྲོ་དོན་ཞེས་པ་ནི་འཁོར་གྱི་གྲངས་འབོར་ཞིག་ལ་མ་བལྟོས་པར་བླ་མ་རང་ཉིད་ཀྱིས་ཆོས་འཆད། དབང་ལུང་གི་གནད་བཀྲོལ། ལྷག་པར་ཏུའང་མན་ངག་ཟབ་རྒྱས་དེ་འདྲ་ཞིག་གི་སྟེང་ནས་བླ་མ་རང་ཉིད་ཉམས་སུ་ལེན་པ་དེ་ཉིད་གཞན་སློབ་མ་རྣམས་ལ་འཆད་པའི་ཚེ། གཞན་གྱི་སྣང་བ་ཕྱིན་ཅི་ལོག་པ་སྟེ་ཡང་དག་པའི་སྣང་བ་ལ་ཚུར་བསྒྱུར་ཐུབ་ན་དེ་ཉིད་འགྲོ་དོན་ཡིན་པ་དང་། དེ་གང་ཟག་གཅིག་ཙམ་ལ་ཕན་ཐོགས་ནའང་འགྲོ་དོན་ཡིན། དེ་མ་གཏོགས་འགྲོ་དོན་ཞེས་པ་དེ་གྲངས་དུ་མ་དང་། འུར་ཆེན་པོ་ཞིག་ལ་འགྲོ་དོན་ཞེས་པ་མིན་ཞེས་གསུངས།
གསུམ་པ་སྡུག་བསྔལ་བཟོད་ཞེས་པ་ནི། གནས་སྐབས་མགོ་ན་བ་ལྟ་བུ་ཙམ་ལ་བཟོད་པ་སྒོམ་ཞེས་པ་ལྟ་བུ་མིན་པར་རྣལ་འབྱོར་གྱི་དབང་ཕྱུགམི་ལ་རས་པ་ལྟ་བུ་ཟབ་མོའི་དོན་ཉམས་སུ་ལེན་པའི་སྐབས་ལུས་ལ་ཚ་གྲང་དང་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་ཇི་ལྟར་བྱུང་ནའང་དེ་དག་ཐམས་ཅད་ལ་ཇི་མི་སྙམ་པ་དང་། ཚེ་འདི་ལ་ཉམས་ལེན་མཐར་ཕྱིན་ཅིང་ཚེ་དང་སྒྲུབ་པ་སྙོམས་པ་མ་བྱུང་གི་བར་དུ་ངའི་ལུས་ངག་ཡིད་གསུམ་རྣམ་གཡེང་གི་དབང་དུ་དང་། སྒོ་གསུམ་ཕྱིན་ཅི་ལོག་པའི་རྟོག་པའི་དབང་དུ་མི་འགྲོ་བར་སྒོ་གསུམ་འགྲོ་འདུག་སྤྱོད་ལམ་ཅི་དང་ཅི་བྱེད་ཀྱང་བྱང་ཆུབ་སྒྲུབ་པའི་རྒྱུ་རུ་འགྲོ་ཐུབ་པར་བྱའོ་སྙམ་པ་ལྟ་བུ་དེ་ནི་སྡུག་བསྔལ་ལ་བཟོད་པ་ཡིན་ཞེས་གསུངས་སོ། རྗེ་མི་ལས་ཀྱང་། སྙིང་རུས་སྡུག་བསྲན་གྱི་སྒྲུབ་པ་འདི། །ཕ་བླ་མ་མཉེས་པའི་ཞབས་ཏོག་ཡིན། ཞེས་གསུངས་པ་ལྟར་བྱ་དགོས་ཞེས་གསུངས་སོ།
བཞི་པ་བློ་ལྡན་ཞེས་པ་ནི། འགྲོ་བ་ལ་མི་འདོད་པའི་སྡུག་བསྔལ་སྣ་ཚོགས་པ་བསྐྲུན་ཅིང་བྱང་ཆུབ་སྒྲུབ་པའི་རྒྱུ་བྱམས་དང་སྙིང་རྗེ། ངེས་འབྱུང་དང་བྱང་སེམས། བདག་མེད་རྟོགས་པའི་ཤེས་རབ་ལ་སོགས་པའི་ཡོན་ཏན་རང་རྒྱུད་ལ་སྐྱེ་བ་ལ་བར་དུ་གཅོད་བྱེད་གཏི་མུག་བདེན་འཛིན་ལ་སོགས་པའི་ཉོན་མོངས་པའི་བློ་མ་རུངས་པ་རྣམས་ཡིན། དེ་ལྟ་བུའི་ཡོན་ཏན་རྣམས་རང་རྒྱུད་ལ་སྐྱེ་བ་ངེས་པར་དུ་གཏི་མུག་མ་རིག་པ་བདེན་འཛིན་དེ་ཞི་དགོས་པ་ཡིན། དེ་ཞི་བ་ལ་སོ་སོ་རང་གིས་བླ་མ་ལས་ཟབ་མོའི་ཆོས་ཞུས། བླ་མའི་མན་ངག་ཇི་ལྟར་གནང་བ་དེ་ལྟར་ཚུལ་བཞིན་ཏུ་ཉམས་སུ་ལེན་ནས་ཡང་དག་པའི་ཤེས་རབ་བསྐྱེད་དགོས་ཞེས་སོ།
ཤེས་རབ་རྣམ་པར་དག་པ་ཞིག་གིས་གནས་ལུགས་ཀྱི་དོན་ལ་བརྟགས་ཤིང་དཔྱད་པ་ཞིག་དགོས། བློ་གྲོས་སམ་ཡང་དག་པའི་ཤེས་རབ་མི་ལྡན་ན་གནས་ལུགས་ཀྱི་དོན་རྨོངས་ནས་དགེ་སྒྲུབ་སྡིག་སྤང་བྱ་མི་ཤེས། དགེ་བ་སྒྲུབ་ཀྱང་ཡང་དག་པའི་ཤེས་རབ་མེད་པས་དགེ་བ་སྒྲུབ་མི་ཤེས་པའི་དབང་གིས་དགེ་བ་ཡང་དག་པ་ཞིག་སྒྲུབ་མི་ནུས། མི་དགེ་བ་ཞིག་སྤངས་པའི་ཚུལ་བྱས་ཀྱང་རྣམ་དཔྱོད་བློ་གྲོས་ཞན་པའི་དབང་གིས་སྤང་ཚུལ་ཡང་དག་པ་ལ་འཇུག་མི་ནུས། དེ་བཞིན་བླང་དོར་གྱི་གནས་ཕྱིན་ཅི་མ་ལོག་པའི་ལམ་ལ་འཇུག་མི་ནུས་ཞེས་གསུངས།
གོང་བཤད་བཞིན་མཚན་ཉིད་བཞི་ཡོད་པ་ལས་ཤེས་རབ་དེ་ཉིད་ཆེས་གལ་གནད་ཆེ་བ་ཡིན། དེ་ཡང་བློ་གྲོས་ལྡན་པའི་སྒོ་ནས་དཀའ་བ་སྤྱད་པ། བླ་མ་ལ་གུས་པ། སྡུག་བསྔལ་ལ་བཟོད་པ་དགོས་པ་ཡིན། རྣམ་དཔྱོད་ཀྱི་ཤེས་རབ་མེད་ན་བྱ་བ་གང་སྒྲུབ་ཀྱང་ཡང་དག་པ་ཞིག་མི་འོང་། མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང་། མཐོང་དང་མ་མཐོང་ཡོན་ཏན་ནི། །ཀུན་གྱི་རྩ་བ་ཤེས་རབ་ཡིན། །དེ་ལྟར་མངོན་པར་སྒྲུབ་པའི་ཕྱིར། །ཤེས་རབ་ཡོངས་སུ་གཟུང་བར་བྱ། ཞེས་ཚེ་འདི་དང་ཚེ་ཕྱི་མའི་བྱ་བ་གང་སྒྲུབ་ཀྱང་ཤེས་རབ་མེད་ན་མེད་ཐབས་ཡིན་པར་གསུངས་པས་བློ་གྲོས་ནི་ཤིན་ཏུ་གལ་ཆེ་ཞེས་གསུངས།
དེ་བཞིན་ཆོས་ཉམས་སུ་ལེན་པའི་སྐབས་དཔེར་ན་ང་ཚོ་སོ་ཐར་གྱི་སྡོམ་པ་དང་། བྱང་ཆུབ་སེམས་ཀྱི་བསླབ་ཁྲིམས། དེ་བཞིན་གསང་སྔགས་ཀྱི་དམ་ཚིག་གི་རྣམ་གཞག་ལ་སོགས་པ་ལ་ཡང་དག་པའི་ཤེས་རབ་བརྟག་ཅིང་དཔྱད་དེ་སྤང་དགོས་པའི་རྒྱུ་མཚན་བླང་དགོས་རྒྱུ་མཚན་རྣམས་ཁོང་དུ་ཆུད་དེ་ངེས་ཤེས་དྲངས་དགོས། དེ་ལྟར་བྱས་ན་ཡང་དག་པའི་ཤེས་རབ་ཀྱིས་དྲངས་པའི་སོ་ཐར། བྱང་སེམས། གསང་སྔགས་ཀྱི་ཉམས་ལེན་བྱུང་ན་དེ་དག་ཀུན་དངོས་དང་བརྒྱུད་ནས་བྱང་ཆུབ་ཐོབ་པ་དང་། དངོས་དང་བརྒྱུད་ནས་ཉོན་མོངས་ཀྱི་གཉེན་པོར་གྱུར་འགྲོ་བས་བློ་ལྡན་ཞེས་པ་ཆེས་གལ་ཆེན་པོ་ཡིན་གསུངས།
དེ་ལྟར་བླ་མ་ལ་གུས་པ་དང་། སྡུག་བསྔལ་ལ་བཟོད་པ་ལྡན་པ་དང་། ཤེས་རབ་ལྡན་དགོས་པའི་ཚུལ་རྣམས་ཆེས་ཞིབ་ཁྲིིད་མཛད་ཅིང་མཐར་ཆོས་ཞུ་བ་ཡོངས་ལ་སྐར་ཆ་བཅུ་ཙམ་འོད་གསལ་ཏིང་ངེ་འཛིན་གྱི་ངང་དུ་མཉམ་པར་བཞག་ཅིང་སྔ་དྲོའི་ཆོས་ཐུན་ལེགས་པར་གྲུབ་བོ།
སྤྱིར་བཏང་༸སྐྱབས་རྗེ་རིན་པོ་ཆེ་ནས་བཀའ་ཁྲིད་ཟབ་ཅིང་རྒྱས་པར་གསུངས་མོད་། འོན་ཀྱང་བཀའ་ཁྲིད་ཀྱི་སྙིང་བསྡུས་ཙམ་ཞིག་གངས་ལ་ཉི་ཤར་ནས།

20190109AM_The Ganges Mahamudra_Teaching 6-1

 

Right-Column-Pics36.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་