གྲུབ་དབང་༸སྐྱབས་རྗེ་མཉན་པ་རིན་པོ་ཆེ་མཆོག་གི་ཕྱག་ཆེན་གངྒ་མའི་བཀའ་ཁྲིད་ཉིན་གསུམ་པའི་ཆོས་ཐུན་གཉིས་པ།

བར་གསེང་གི་རྗེས་སུ་སླར་ཡང་ཆོས་ཞུ་བ་རྣམས་ལེགས་པར་རང་རང་གི་གྲལ་དུ་འཁོད་རྗེས་༸སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་ཆོས་ཐུན་སྔ་མས་མཚམས་ནས་མུ་མཐུད་དེ་བཀའ་ཁྲིད་བསྐྱངས།

དེ་ཡང་རྩ་བའི་གཞུང་དུ། དོན་འདིར་མི་མོས་སྐྱེ་བོ་བླུན་པོ་རྣམས། །སོགས་ཀྱི་ཚིགས་བཅད་གཅིག་དང་ཚིགས་རྐང་གཅིག་གི་སྐབས་སུ་གནས་ལུགས་ཕྱག་རྒྱ་ཆེན་པོ་རྟོགས་པ་ལ་ལྟ་གྲུབ་ཁས་ལེན་གྱིས་སྒོ་ནས་ནམ་ཡང་རྟོགས་མི་ནུས་ཤིང་། ངེས་པར་དུ་བླ་མའི་བྱིན་རླབས་ལྡན་དགོས་པའི་བཀའ་ཁྲིད་ཆེས་ཟབ་མོ་གནང་བ་འདི་ལྟར། “མན་ངག་གི་ལུགས་སུ་ལྟ་གྲུབ་ཁོ་ནས་སྟེང་ནས་གནས་ལུགས་ཀྱི་དོན་རྟོགས་མི་ནུས། དེ་རྟོགས་པ་ལ་བླ་མ་བརྒྱུད་པའི་མན་ངག་ལ་བརྟེན་ནས་རྒྱུད་ལ་བྱིན་རླབས་འཇུག་དགོས་པ་ནི་ཤིན་ཏུ་གལ་གནད་ཆེ་བ་ཡིན། བྱིན་རླབས་དེ་ཡང་བླ་མ་ལ་སྐྱབས་སུ་མཆི་ཞེས་པ་ལྟ་བུ་ཙམ་མིན་པར་བླ་མའི་སྐུ་མདུན་ནས་ཟབ་མོའི་མན་ངག་ལེགས་པར་ཞུས། དེའི་དོན་ལ་རང་གི་རྩེ་གཅིག་ཏུ་ཉམས་སུ་ལེན་པ་རྗེ་བཙུན་མི་ལ་རས་པ་ལྟ་བུ་བྱུང་ནས་བླ་མའི་བྱིན་རླབས་རང་གི་རྒྱུད་ལ་འཇུག་ཅིང་རང་སེམས་གྲོལ་བར་གྱུར། དཔེར་ན་ཀཾ་ཚང་ལྟ་བུ་ལ་མཚོན་ན་རྡོ་རྗེ་འཆང་ནས་བཟུང་རང་གི་རྩ་བའི་བླ་མའི་བར་དུ་བརྒྱུད་པ་བར་མ་ཆད་པ་་ལས་བྱུང་བའི་མན་ངག་ཟབ་མོ་རྣམས་ལེགས་པར་ཞུས། དེ་ནས་རང་གཅིག་པུ་གནས་དབེན་པ་རི་ཁྲོད་གངས་ཁྲོད་སོགས་སུ་ཕྱིན་ནས་སྒྲུབ་པ་རྩེ་གཅིག་ཏུ་བརྩོན་དགོས། གལ་ཏེ་དེ་ལྟར་བྱུང་ན་བུ་སློབ་མ་བས་ཀྱང་ཡང་སློབ་བཟང་ཞེས་པ་དེ་བྱུང་། དེ་ཡང་རྟགས་དང་བཙན་ས་མ་ཟིན་གྱི་བར་གནས་ལུགས་ཕྱག་རྒྱ་ཆེན་པོ་སྒོོམ་དགོས་ཏེ། རྗེ་བཙུན་མི་ལ་རས་པས། དེ་བླ་མ་བརྒྱུད་པའི་བྱིན་རླབས་དང་། །རང་གཅིག་པུ་སྒོམ་པའི་སྒོམ་པའི་ཡོན་ཏན་གྱིས། །དཔལ་ནཱ་རོ་ཆེན་པོའི་བརྒྱུད་པས་རྟོགས། །དོན་མ་ནོར་རྒྱལ་བའི་དགོངས་པ་སྒོམ། །ཡིད་གཉུག་མའི་དོན་ལ་སྦྱངས་འབྱོངས་ནས། །འཁྲུལ་སྣང་གི་འཇིགས་པ་དབྱིངས་སུ་ཡལ། །ཆོས་སྡེ་སྣོད་གསུམ་པོ་ཞལ་ཕྱེ་ཡང་། དོན་དེ་ལས་མེད་པ་ཁོ་ཐག་ཆོད་། །ཅེས་གསུངས་སོ། ཞེས་གནས་ལུགས་ཕྱག་རྒྱ་ཆེན་པོ་རྟོགས་པ་ལ་བརྒྱུད་པའི་བྱིན་རླབས་ལྡན་དགོས་ཚུལ་ཟབ་ཅིང་རྒྱས་པར་གསུངས།

གཞུང་དུ་ཀྱེ་ཧོ། འཁོར་བའི་ཆོས་ནི་དོན་མེད་སྡུག་བསྔལ་རྒྱུ། །ཞེས་ཚིགས་བཅད་གཅིག་གིས་སྐབས་སུ་འཇིག་རྟེན་ཚེ་འདིའི་བྱ་བ་སྙིང་པོ་མེད་པར་དགྲ་འདུལ་བ། གཉེན་སྐྱོང་བ་ལ་སོགས་དོར་ནས་གནས་ལུགས་སྒོམ་པའི་སྒོ་ནས་སྙིང་པོ་ལེན་དགོས་ཞེས་གསུངས།

ཡང་གཞུང་དུ། གཟུང་འཛིན་ཀུན་འདས་ལྟ་བའི་རྒྱལ་པོ་ཡིན། །ཞེས་ཚིགས་བཅད་གཉིས་ཀྱིས་སྙིང་པོའི་དོན་ཉམས་སུ་ལེན་ཚུལ་བསྟན་པར་གསུངས། དེ་ཡང་གཟུང་འཛིན་ཀུན་ལས་འདས་པ་ལྟ་བའི་རྒྱལ་པོ་དང་། །ཡེངས་པ་མེད་སྒོམ་པ་རྒྱལ་པོ་ཡིན་པ་དང་། དེ་བཞིན་བྱ་རྩོལ་མེད་པ་སྤྱོད་པའི་རྒྱལ་པོ་ཡིན་ཚུལ་རྣམས་རྒྱལ་བ་རྒོད་ཚང་པའི་མདུང་བསྐོར་བརྒྱད་ལས་ལྟ་སྒོམ་སྤྱོད་གསུམ་གྱི་མདུང་བསྐོར་རྣམས་དང་སྦྱར་ནས་བཀའ་ཁྲིད་ཆེས་ཟབ་རྒྱས་གནང་། རྒྱལ་བ་རྒོད་ཚང་པའི་ལྟ་སྒོམ་སྤྱོད་གསུམ་གྱི་མདུང་བསྐོར་གསུམ་ནི་འདི་ལྟར། །གནས་ལུགས་གཏན་ལ་འབེབས་དང་། །འཁོར་འདས་འགལ་བ་མེད་པ་དང་། །ཐག་ཆོད་འགྱུར་མེད་བློ་སྣ་གསུམ། །ལྟ་བ་མཁའ་རུ་མདུང་བསྐོར་གསུམ། །རྩ་ཆད་རང་ས་ཟིན་པ་དང་། །ཚོགས་དྲུག་བཅོས་བསླད་མེད་པ་དང་། །དྲན་འཛིན་རྩོལ་བ་བྲལ་བ་གསུམ། །སྒོམ་པ་མཁའ་རུ་མདུང་བསྐོར་གསུམ། །ཉམས་ཞུམ་ཐོགས་ཐུགས་མེད་པ་དང་། །འཇིགས་ཞུམ་བག་ཚ་མེད་པ་དང་། །གཟུང་འཛིན་ཕྱོགས་ལས་རྒྱལ་བ་གསུམ། །སྤྱོད་པ་མཁའ་རུ་མདུང་བསྐོར་གསུམ། །ཞེས་གསུངས་སོ། ། དེ་ལྟར་གནས་ལུགས་པྱག་རྒྱ་ཆེན་པོ་རྟོགས་པ་ལ་ལྟ་གྲུབ་ཀྱི་ཁས་ལེན་གྱི་སྒོ་ནས་རྟོགས་མི་ནུས་པར་ངེས་པར་བླ་མའི་བྱིན་རླབས་རྒྱུད་ལ་འཇུག་དགོས་པ་དང་། ལམ་ཉམས་སུ་ལེན་པའི་ཚེ་ལྟ་སྒོམ་སྤྱོད་པའི་རྒྱལ་པོ་ཇི་ལྟར་ཡིན་པའི་སྐོར་བཀའ་ཁྲིད་ཆེས་ཞིབ་རྒྱས་གནང་བར་མཛད།

མཐར་ཆོས་ཞུ་བ་ཡོངས་ལ་གནས་ལུགས་འོད་གསལ་ཀྱི་ངང་དུ་མཉམ་པར་བཞག་ཅེས་བཀའ་གནང་ནས་ཆོས་ཞུ་བ་ཡོངས་ནས་ཀྱང་སྐར་མ་ལྔ་ཙམ་སྒོམ་གྱི་ངང་དུ་བཞུགས། དེ་ནས་དཔལ་ལྡན་བླ་མ་རིན་པོ་ཆེ་ལ་གསོལ་འདེབས་་ཚར་འགའ་དང་རྗེ་གསུམ་པ་རང་བྱུང་རྡོ་རྗེས་མཛད་པའི་ཕྱག་ཆེན་སྨོན་ལམ་མཐའ་རྒྱན་ནས་སྔ་དྲོའི་ཆོས་ཐུན་གྲུབ་བོ།

བཀའ་ཁྲིད་དང་གནས་ཚུལ་སྙིང་བསྡུས་ཞིག་གངས་ལ་ཉི་ཤར་ནས།

20190111AM_The Ganges Mahamudra_Teaching 6-5

Right-Column-Pics8.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་