ཨ་དཀོན་རིན་པོ་ཆེའི་རྗེས་དྲན་ཟས་སྦྱིན་ཁང་གི་གནས་སྙིང་།

ཕྱི་ལོ་ ༢༠༡༩ ཟླ་བ་དང་པོའི་ཚེས་ ༡༦ ཉིན། དུས་རབས་ཉེར་གཅིག་པའི་རྣལ་འབྱོར་པ་ཆེན་པོ་༸སྐྱབས་རྗེ་མི་ འགྱུར་རིན་པོ་ཆེ་མཆོག་བཀའ་བརྒྱུད་སྨོན་ལམ་ཉིན་གསུམ་པའི་བློ་སྦྱོང་དོན་བདུན་མའི་སྔ་དྲོའི་ཆོས་ཐུན་གྲུབ་འཕྲལ། སྨོན་ལམ་ཆོས་ར་ནས་ཆིབས་འཕྲུལ་བརྒྱུད་སུ་ཇཱ་ཏ་བི་ཧཱ་རའི་མགྲོན་ཁང་གི་ཉེ་འདབས་སུ་ཚུགས་པའི་ཨ་དཀོན་ རིན་པོ་ཆེའི་རྗེས་དྲན་གྱི་ཟས་སྦྱིན་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་གཟིགས་ཞིབ་ལེགས་པར་བསྐྱངས་ཤིང་ཟས་ཀྱི་ རོ་བཅུད་ཇི་ལྟར་མཆིས་མིན་རྟོག་ཞིབ་སླད་ཅུང་ཙམ་རོལ་བཞེས་དང་། ཉམ་ཐག་ཟས་སྦྱིན་ལོངས་སྤྱོད་པ་པོ་ཀུན་ ལ་ཚ་ལུ་མའི་འབྲས་བུ་རེ་རེ་བཞིན་སྟོབ་པར་མཛད། གཞན་ཡང་ཉམ་ཐག་ཟས་སྤྱོད་པ་དེ་དག་ལ་ཟས་སྦྱིན་གྱི་སྟོན་མོ་འདི་ཉིད་བཀའ་བརྒྱུད་སྨོན་ལམ་ཚུགས་པའི་དུས་ཡུན་ རིང་དབྱིན་ཡུལ་དུ་མཆིས་པའི་ཧརྚ་ནའོ་ཞེས་པའི་ཡིད་ཆེས་ཚོགས་པ་དང་ ( Hart Knowe Trust.) དང་། རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཚོགས་པ་ཐུན་མོང་ཐོག་ནས་ཉིན་ལྟར་རྡོར་གདན་གྲོང་རྡལ་གྱི་ཉེ་འདབས་སུ་ གནས་པའི་ས་གནས་ཡུལ་མི་ཉམ་ཐག་པ་ལྔ་བརྒྱ་ལྷག་ཙམ་ལ་ཟས་སྦྱིན་ཀྲིག་ཅར་སྩོལ་བཞིན་ཡོད། དེ་ཡང་དཔལ་འབྱོར་གྱི་མཐུན་འགྱུར་གོང་གསལ་ཚོགས་པ་དེ་ཉིད་དང་། གོ་སྒྲིག་གི་མཐུན་འགྱུར་བཀའ་བརྒྱུད་སྨོན་ ལམ་ཚོགས་པ་ནས་ཞུ་བཞིན་ཡོད། དེ་ལྟར་བགྱི་དགོས་དོན་ཡང་ཞི་བར་གཤེགས་པ་སྐྱབས་རྗེ་ཨ་དཀོན་རིན་པོ་ཆེ་ གང་ཉིད་ཞལ་འཚོ་ཞིང་གཞེས་སྐབས་བསྟན་འགྲོར་སྨན་པའི་མཛད་རྗེས་དང་། དབྱིན་ཡུལ་གཙོ་བོར་གྱུར་པའི་ནུབ་ཕྱོགས་ཀྱི་ཆོས་ཚོགས་ཁག་ལ་བསྐྱངས་པའི་བཀའ་དྲིན་རྗེས་སུ་དྲན་པ་དང་། ཁྱད་པར་དུ་གང་གི་སྤྲུལ་པའི་ཟླ་ཞལ་མཁའ་ཁྱབ་བསྟན་འགྲོའི་དཔལ་མགོན་དམ་པར་མགྱོགས་ནས་མྱུར་དུ་འབྱོན་ ཕྱིར་ཚོགས་གསོག་སྒྲིབ་སྦྱོང་སླད་ལོ་ངོ་དྲུག་ཙམ་རིང་མུ་མཐུད་ལས་འགུལ་དེ་ལྟར་བརྩམས་པ་ཡིན། རྗེས་དྲན་ཟས་སྦྱིན་ཁང་དེ་ཉིད་དུ་རྒྱུན་དུ་དྭང་བླང་ལས་འགུལ་བ་ཨ་རི། དབྱིན་ཡུལ། ཀོ་ལམ་བྷི་ཡ། ཨར་ཇིན་ཊི་ན། ཨོས་ཀྲེ་ལི་ཡ། ཐེ་ཝེན། ཁེ་ན་ཌ་སོགས་ཕྱི་རྒྱལ་ཡུལ་གྲུ་སྣ་ཚོགས་ནས་སྲི་ཞུ་བ་མི་ངོ་བཅུ་གཉིས་ཙམ་ཆེད་ གཉེར་གྱིས་བཅར་བ་ཡིན་འདུག་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ། བསྟན་འཛིན་རྣམ་རྒྱལ་ནས།

20190116_Rokpa Soup Kitchen
Right-Column-Pics18.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་