བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྦྱིན་བདག་ཚོགས་མི་དང་བླ་མའི་སྲི་ཞུ་བ་རྣམས་ལ་༸སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་མཆོག་ནས་མཇལ་ཁའི་བཀའ་དྲིན་བསྐྱངས་པ།

དེ་ཡང་ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༡ ཚེས་ ༡༧ ཉིན་དགོང་དྲོ་དུས་ཚོད་བཞི་པ་ཙམ་ལ་འདི་ལོའི་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྦྱིན་བདག་ཚོགས་མི་དང་དྭང་ལེན་སྲི་ཞུ་བ་སྟོང་ཕྲག་ལས་བརྒལ་བ་གཏེར་སྒར་དགོན་གྱི་འདུ་ཁང་ཆེན་མོའི་ནང་དུ་འདུས། དེ་ནས་༸སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་མཆོག་ཕྱི་དྲོའི་ཆའི་སྨོན་ལམ་གྱི་ཚོགས་ཐེངས་དང་པོ་གྲུབ་འཕྲལ་གཏེར་སྒར་དགོན་གྱི་འདུ་ཁང་ཆེན་མོར་ཆིབས་བསྒྱུར་བསྐྱངས་ཤིང་། ཤིན་ཏུ་གཏོང་ཕོད་ཡངས་པའི་སྦྱིན་བདག་ཚོགས་མི་རྣམས་དང་དད་ལྡན་བླ་མའི་སྲི་ཞུ་བ་རྣམས་ལ་འཚམས་འདྲི་དང་སྦྲགས། སྤྱིར་བཀའ་བརྒྱུད་སྨོན་ལམ་ཆེན་མོ་འདི་ཉིད་ཀྱི་འཕྲིན་ལས་ཇི་ལྟར་ཡིན་པ་དང་། དེ་བཞིན་སྨོན་ལམ་ཆེན་མོ་འདི་ཉིད་དུ་སྦྱིན་བདག་གནང་བ་དང་སྲི་ཞུ་བསྒྲུབ་པའི་དགེ་བའི་རྩ་བ་ནི་ནམ་ཡང་འཛད་པ་མེད་པས་ཆེས་ཡིད་གཏིང་ནས་དགའ་བར་འོས་པའི་སྐོར་ལ་བཀའ་སློབ་ཆེས་ཟབ་རྒྱས་གནང་བར་མཛད།

དེ་ཡང་༸སྐྱབས་མགོན་རྒྱལ་བའི་རྒྱབ་ཆེན་པོའི་ཞལ་སྔ་ནས་འདི་ལྟར་གསུངས་ཏེ། “ད་ལན་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་དྲུག་པའི་སྐབས་སུ་༸རྒྱལ་དབང་ཀརྨ་པ་སྐུ་དངོས་སུ་ཕེབས་མ་ཐུབ་མོད། འོན་ཏང་ཁོང་གི་ཐུགས་བསྐྱེད་སྨོན་ལམ་ལ་བརྟེན་ནས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་འདི་ཉིད་སུ་ཞིག་ལའང་བར་ཆད་མེད་པར་བཀྲ་ཤིས་པའི་ངང་ནས་ཚོགས་བཞིན་མཆིས། བཀའ་བརྒྱུད་སྨོན་ལམ་འདིའི་སྐབས་སུ་བླ་མ་དང་སྤྲུལ་སྐུ། མཁན་པོ་དང་སློབ་དཔོན། དེ་བཞིན་དགེ་སློང་། དགེ་ཚུལ། དགེ་བསྙེན་ཕོ་མོ་སོགས་སྐྱ་སེར་སྟོང་ཕྲག་དུ་མ་འཛོམས་ནས་དགེ་བ་ཤིན་ཏུ་རླབས་ཆེན་པོ་བསྒྲུབས་ཡོད།

དེ་ལྟར་བཀའ་བརྒྱུད་སྨོན་ལམ་ཆེན་མོ་འདི་ཐོག་མར་དགེ་བ། བར་དུ་དགེ་བ། མཐའ་མར་དགེ་བ་བྱུང་བ་དེ་ཡང་སྦྱིན་པའི་བདག་པོ་དང་ཕྱག་ལས་གནང་མཁན་སྲི་ཞུ་བ་ཁྱེད་རྣམས་ལ་རག་ལས་ཤིང་། ཁྱེད་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན། སྤྱིར་བཀའ་བརྒྱུད་སྨོན་ལམ་འདི་ཉིད་༸དཔལ་རྒྱལ་བའི་དབང་པོ་ཀརྨ་པའི་སྐུ་བསོད་དང་། སྦྱིན་པའི་བདག་པོ་ཁྱེད་རྣམས་དང་ཕྱག་ལས་གནང་མཁན་སྲི་ཞུ་བ་ཁྱེད་རྣམས་ཀྱི་འབད་པ་ལ་བརྟེན་ནས་གཞན་དང་མི་འདྲ་བར་འཛམ་བུ་གླིང་གང་སར་ཆེས་སྐད་གྲགས་ཆེན་པོ་ཡོད།

བཀའ་བརྒྱུད་སྨོན་ལམ་ཆེན་མོ་འདིའི་ཕན་ཡོན་ནམ་ནུས་པས་འཛམ་བུ་གླིང་གི་མི་རྣམས་ཀྱི་སྡུག་བསྔལ་ཀུན་ཞི་བ་དང་། དེ་ཙམ་མིན་པར་དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་ལ་སོགས་པའི་འགྲོ་བ་སེམས་ཅན་ཀུན་གྱི་སྡུག་བསྔལ་ཞི་བར་བྱེད་ཀྱི་ཡོད། དེ་ལྟ་བུའི་ཕན་ཡོན་དེའང་དུས་འདི་ཙམ་དང་སྐྱེ་བ་གཅིག་ཙམ་མིན་པར། བཟང་པོ་སྤྱོད་པའི་སྨོན་ལམ་ལས། མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །ཞེས་གསུངས་པ་བཞིན་མ་འོངས་པ་དུས་མཐའ་མེད་པའི་བར་དུ་བྱུང་གི་ཡོད། དེ་ལྟ་བུའི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་འདི་ཉིད་ཀྱི་ཕན་ཡོན་དང་ནུས་པ་བསམ་གྱིས་མི་ཁྱབ་པ་བློས་གཞལ་དུ་མེད་པ་ཡིན། དེ་ཡང་ང་ཚོ་ནང་པ་སངས་རྒྱས་པའི་ལུགས་ལ་སེམས་གཙོ་བོ་ཡིན་པས། ཁྱེད་རྣམ་པ་ཀྱང་སེམས་ནང་ནས་སྦྱིན་བདག་དང་སྲི་ཞུ་བའི་ཕྱག་ལས་གནང་བ་ཡིན་དུས་ཁྱེད་རང་ཚོ་ལའང་ཕན་ཡོན་ཚད་མེད་པ་ཐོབ་ཡོད། སྦྱིན་པའི་བདག་པོ་རྣམས་དང་སྲི་ཞུ་བ་ཀུན་ལ་དགེ་འདུན་འདུས་པ་ཡོངས་ཀྱིས་ཚེ་རིང་བ་དང་། ནད་མེད་པ་དང་། བསམ་དོན་ཆོས་བཞིན་དུ་འགྲུབ་པའི་སྨོན་ལམ་བྱ་བཞིན་ཡོད། དེ་བཞིན་ང་རང་གི་ངོས་ནས་ཀྱང་དེ་ལྟར་བྱ་བཞིན་ཡོད། མ་ཟད་སྨོན་ལམ་ཆེན་མོའི་ཞལ་འདོན་བསྟན་རྒྱས་སྨོན་ལམ་ལ་སོགས་པའི་ནང་དུའང་དེ་ལྟར་ཡོད་པས་ཁྱེད་རྣམས་ལ་དེ་ལྟར་འབྱུང་ངེས་པ་ཡིན།

དེ་བཞིན་དུ་སྨོན་ལམ་ཆེན་མོ་འདི་ཉིད་ལ་བརྟེན་ནས་བྱུང་བའི་དགེ་རྩ་བ་རྣམས་ཀྱང་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། བྱེ་བྲག་ཏུ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་ལ་བཀའ་དྲིན་ཆེ་བ་༸གོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོ་མཆོག་གི་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ་དང་། ལྷག་པར་དུ་རང་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་དཔལ་༸རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་མཆོག་གི་སྐུ་ཚེ་ཞབས་པད་བསྐལ་པའི་བར་དུ་བརྟན་པ་དང་། ད་ལྟ་དཔལ་༸རྒྱལ་བའི་དབང་པོ་ཀརྨ་པ་མཆོག་ཕྱི་རྒྱལ་དུ་བཞུགས་ནས་མཛད་འཕྲིན་རྒྱས་བཞིན་ཡོད་པ། མི་རིང་བར་རྒྱ་གར་དུ་ཕེབས་ནས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་འདི་ཉིད་ཁོང་གི་ཐུགས་རྗེ་ཡིས་སྔར་ལས་ལྷག་པ་དང་གཟི་བརྗིད་ཆེ་བ་ཡོང་བར་སྨོན་དགོས།

༸ཀརྨ་པ་སྐུ་ཕྲེང་ཉི་ཤུ་རྩ་ལྔའི་བར་དུ་ཕེབས་པའི་ལུང་བསྟན་ཇི་བཞིན་མ་འོངས་པར་ཀརྨ་པ་སྐུ་ཕྲེང་ཉི་ཤུ་རྩ་ལྔའི་བར་དུ་ཕེབས་ཀྱི་ཡོད་པས། ད་ལྟ་ཁྱེད་རང་ཚོས་བཀའ་བརྒྱུད་སྨོན་ལམ་ཆེན་མོར་སྲི་ཞུ་བསྒྲུབ་པ་འདི་ཉིད་མ་འོངས་པར་ཕེབས་པའི་ཀརྨ་པ་སྐུ་ཕྲེང་རིམ་བྱོན་རྣམས་ཀྱི་མཛད་འཕྲིན་རྒྱས་པའི་རྒྱུ་རྐྱེན་དུ་གྱུར་ནས་ཕན་ཡོན་ཚད་མེད་པ་ཐོབ།

དེ་ལྟར་ཐོབ་པའི་ཕན་ཡོན་དེའང་ཉིན་རེ་བཞིན་དུ་དགའ་བ་སྒོམ་བཞིན་འགྲོ་བ་སེམས་ཅན་གྱི་དོན་དུ་བསྔོ་བ་མཛད་ནས་གོང་སྤེལ་བྱ་དགོས། དཔེར་ན་ང་ཚོས་དངུལ་ཁང་ནང་དུ་དངུལ་བཅུག་ནས་ཉིན་རེ་བཞིན་སྐྱེད་ཀ་འཕེལ་བ་ལྟར་ཡིན། དེ་ཡང་ཕན་ཡོན་དེ་སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པའི་དོན་དུ་བསྔོ་དགོས་པ་དང་། དེ་བཞིན་༸རྒྱལ་དབང་ཀརྨ་པའི་མཛད་འཕྲིན་རྒྱས་པའི་ཆེན་དུ་བསྔོ་དགོས་པ་ཡིན།

མདོར་ན་ད་ལན་བཀའ་བརྒྱུད་སྨོན་ལམ་ཆེན་མོ་འདིའི་སྐབས་སུ་ཁྱེད་རྣམ་པས་དགེ་བ་ཤིན་ཏུ་རླབས་ཆེན་པོ་བསྒྲུབས་པའི་ཕན་ཡོན་འདི་ཉིད་ནི་མ་འོངས་པ་སྐྱེ་བ་སྟོང་ཕྲག་དུ་མར་ཐོབ། དེ་ལྟར་ཆོས་འཇིག་རྟེན་གཉིས་ཀའི་སྒོ་ནས་བྱ་བ་བཟང་པོ་བསྒྲུབས་པ་ཡིན་པས་དེ་ལ་སྙིང་ནས་དགའ་བ་དང་རྗེས་སུ་ཡི་རང་བྱ་དགོས། དེ་ནས་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ།” ཞེས་གསུངས་སོ།

དེ་ནས་༸སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་མཆོག་ནས་སྦྱིན་བདག་དང་སྲི་ཞུ་བ་ཡོངས་ལ་ཐོས་གྲོལ་གྱི་སྔགས་ཀྱི་ལུང་སྩལ་ཅིང་། སྔགས་དེ་ཉིད་ཆེས་ཟབ་ཅིང་བྱིན་རླབས་དང་ལྡན་པ་ཡིན་པས་མི་དང་དུད་འགྲོ་ལ་སོགས་པ་ལ་ཤི་བ་སོགས་བྱུང་ན་སྔགས་འདི་ཉིད་འདོན་པར་བཀའ་སྩལ་མཛད།

མཐར་སྦྱིན་པའི་བདག་པོ་དང་བླ་མའི་སྲི་ཞུ་བ་ཀུན་ལ་མཇལ་ཁ་དང་གསོལ་རས་ཀྱི་བཀའ་དྲིན་བསྐྱངས་པར་མཛད་དོ།

གངས་ལ་ཉི་ཤར་ནས།

20190117_Audience for volunteers and Friends of Kagyu Monlam

Right-Column-Pics23.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་