བཤད་གྲྭའི་སློབ་གཉེར་བ་རྣམས་ནས་ཉིན་གཉིས་ཀྱི་རིང་ལ་རྩོད་གླེང་གནང་བ།

དེ་ཡང་སེམས་དཔའ་ཆེན་པོ་ཞི་བ་ལྷས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། བཅས་ཏེ་ཡུན་རིང་གནས་གྱུར་གཅིག།།ཞེས་གསུངས་པ་བཞིན་ཁམས་གསུམ་འགྲོ་བ་ཡོངས་ཀྱི་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ཀུན་རྟོག་ཉོན་མོངས་པའི་སྨག་ཚོགས་ཀུན་རྩད་ནས་འཇོམས་ཤིང་། ཚེ་འདི་ཕྱི་གཉིས་ཀྱི་འཕྲལ་ཕུགས་ཀྱི་ཕན་བདེ་མ་ལུས་པ་སྣང་བར་བྱེད་པའི་གཞི་མ་ནི་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་བཤད་པ་དང་སྒྲུབ་པའི་སྡེ་རྣམ་གཉིས་ཁོ་ན་ལས་ཐབས་གཞན་མ་མཆིས།

དེས་ན་རྒྱལ་བསྟན་རིན་པོ་ཆེ་རྣམ་གཉིས་ནི་སྐྱེ་འགྲོ་ཡོངས་ཀྱི་ཕན་བདེ་དམ་པའི་དཔྱིད་དཔལ་གྱི་སླད་ནམ་ཡང་འཇིག་རྟེན་འདི་ནས་མི་ཉམས་པར་གནས་དགོས་པ་ནི་མེད་ཐབས་མེད་པ་ཡིན། དེ་ཡང་བསྟན་པའི་བདག་པོ་སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་འཇུག་སློབ་མའི་ཚོགས་རྣམས་ཀྱིས་འཛིན་སྐྱོང་སྤེལ་གསུམ་ཁོ་ན་རག་ལས་ཤིང་། དེ་ལྟར་འཛིན་སྐྱོང་སྤེལ་གསུམ་བྱ་བའི་ཚུལ་ནི། འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱི་ཞལ་སྔ་ནས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་དང་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་འོ། །ཞེས་གསུངས་པ་བཞིན་རྟོགས་པའི་བསྟན་པ་ནི་ནང་སྒོམ་པ་ཚུལ་བཞིན་དུ་ཉམས་སུ་ལེན་པའི་སྒོ་ནས་འཛིན་དགོས་པ་དང་། ལུང་གི་བསྟན་པ་ནི་འཆད་པ་དང་རྩོད་པ་དང་རྩོམ་པ་གསུམ་གྱི་སྒོ་ནས་འཛིན་དགོས། འཆད་རྩོད་རྩོམ་གསུམ་ནི་ལུང་གི་བསྟན་པ་འཛིན་པ་ལ་མེད་ན་ཐབས་མེད་པའི་ཆ་ཤས་ཞིག་ཡིན།

དེ་ཡང་སྤྱིར་སྔོན་ནས་བོད་དུ་རང་རེ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཕྱོགས་ལ་རྟོགས་པའི་བསྟན་པ་སྒྲུབ་པའི་ཕྱོགས་ནི་གཙོ་བོ་ལོ་གསུམ་ཕྱོགས་གསུམ་གྱི་ནང་དུ་ཉམས་སུ་ལེན་ཞིང་། ལུང་གི་བསྟན་པ་བཤད་པ་ནི་གཙོ་བོ་གཙུག་ལག་རིག་པའི་འབྱུང་གནས་བཤད་གྲྭ་ཆེན་མོ་རྣམས་ཀྱི་ནང་དུ་འཆད་རྩོད་རྩོམ་གསུམ་བྱ་བའི་སྲོལ་ཡོད། ཕྱིས་རྒྱ་གར་དུའང་སྙིགས་མའི་དུས་འདིར་སྒྲུབ་བརྒྱུད་རྣམས་ཀྱི་མགོན་སྐྱབས་གཅིག་པུ་བ་༸རྒྱལ་དབང་ཀརྨ་པ་སྐུ་འཕྲེང་བཅུ་དྲུག་པ་ཆེན་པོ་མཆོག་གིས་འབྲས་ལྗོངས་རུམ་བཏེག་ཏུ་༸དཔལ་ཀརྨའི་གདན་ས་བཤད་སྒྲུབ་ཆོས་འཁོར་གླིང་དང་ཀརྨ་ཤྲཱི་ནཱ་ལཎྜའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཕྱག་བཏབ་པ་ནས་བཟུང་། གང་གི་ཐུགས་བསྐྱེད་རྨད་དུ་བྱུང་བ་བརྟེན་ནས་རང་རེ་ཀརྨ་ཀཾ་ཚང་གི་ཕྱོགས་སུ་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་པའི་སྡེ་དང་། བཤད་པའི་སྡེ་མི་ཉམས་པར་སྔར་ལས་ཀྱང་ལྷག་པ་འཕེལ་ནས་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྒྲུབ་བརྒྱུད་རིན་པོ་ཆེ་འདི་ཉིད་རྒྱ་བལ་འབྲུག་གསུམ་གཙོ་བྱས་པའི་འཛམ་གླིང་ཡུལ་གྲུ་ཀུན་ཏུ་དར་རྒྱས་འབྱུང་ཡོད།

ལྷག་པར་དུ་ལོ་ཤས་སྔོན་ནས་རང་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་དཔལ་༸རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཆེན་པོས་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བཤད་པའི་སྡེའི་ཕྱོགས་ལ་ཆེས་ཐུགས་རྗེའི་གཟིགས་པ་ཆེན་པོས་ཐུགས་འཁུར་རྒྱ་ཆེན་པོ་བཞེས་ཤིང་། སྔར་གྱི་ཡིག་ཆ་རྙིང་པ་རྣམས་ལ་གཟིགས་ཞིབ་ཀྱི་སྒོ་ནས་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བཤད་གྲྭ་ཁག་རྣམས་ལ་སྦྱང་བྱའི་གཞུང་དང་ལོ་ཚད་རྣམས་ལེགས་པར་གཏན་ལ་ཕབ་པ་དང་། བཤད་གྲྭ་ཁག་ལ་ཐོས་བསམ་སློབ་གཉེར་བྱ་བཞིན་པའི་དགེ་འདུན་རྣམས་ལ་མཁས་པའི་ཚུལ་དགུའི་ནང་ཚན་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་ལས་རྩོད་པའི་ཡན་ལག་རིགས་ལམ་ཡར་རྒྱས་ཡོང་ཆེད་དུ་འགྲོ་གྲོན་ཕོན་ཆེར་བཏང་ནས་འགྲན་བསྡུར་གྱི་རྣམ་པ་ཡོད་པར་མཛད་པ་དང་། དེ་བཞིན་རང་ལུགས་ཐུན་མོང་མ་ཡིན་པའི་ཡིག་ཆ་བསྡུས་གྲྭ་དང་གྲུབ་མཐའ་སོགས་ཕྱོགས་སྒྲིག་བྱ་བ་སོགས་ཀྱིས་བཀའ་དྲིན་གཞལ་དུ་མེད་པར་བསྐྱངས་པར་མཛད།

དམིགས་བསལ་དུ་༸རྒྱལ་དབང་མཆོག་གིས་འཆད་པ་ནི་ཤིན་ཏུ་གནད་འགག་ཆེན་པོ་ཡིན་པས་དེའི་རྩལ་ཡར་རྒྱས་གོང་འཕེལ་ཡོང་ཆེད་དུ། དིང་གི་རྒྱལ་སྤྱིའི་མཐོ་རིམ་སློབ་གྲྭ་ཁག་གི་བགྲོ་གླེང་དང་མཐུན་པར་དགག་ཕྱོགས་དང་སྒྲུབ་ཕྱོགས་ཀྱི་རྣམ་པའི་སྒོ་ནས་རྩོད་གླེང་ཞིག་ངེས་པར་ཡོད་དགོས་ཞེས་བཀའ་སློབ་ཟབ་མོ་གནང་བར་མཛད། ཕྱི་ལོ་ ༢༠༡༥ ༸རྒྱལ་དབང་མཆོག་གི་བཀའ་སློབ་ལམ་སྟོན་དང་སྐུ་དངོས་ཀྱི་གཟིགས་ཞིབ་མཛད་ནས་བཤད་གྲྭ་ཁག་གི་དགེ་འདུན་པ་བརྒྱད་ནས་བརྗོད་གཞི་དབུ་མ་རང་སྟོང་དང་གཞན་སྟོང་གི་སྟེང་ལ་དངོས་སུ་དགག་སྒྲུབ་ཀྱི་རྩོད་གླེང་བྱ་ཐུབ་པ་བྱུང་། དེ་ནས་བཟུང་ལོ་ལྟར་བཞིན་བཀའ་བརྒྱུད་དགུན་ཆོས་ཀྱི་སྐབས་སུ་བཤད་གྲྭ་ཁག་གི་དགེ་འདུན་པ་རྣམས་ནས་བརྗོད་བྱ་སྣ་ཚོགས་པའི་ཐོག་ལ་རྩོད་གླེང་མུ་མཐུད་ནས་བྱ་བཞིན་མཆིས།

ལོ་འདིར་སྤྱིར་བཀའ་བརྒྱུད་དགུན་ཆོས་ཆེན་མོ་ཕྱི་ལོ་ ༢༠༡༨ མཇུག་ཏུ་ལེགས་པར་བསྒྲུབས་ཟིན་མོད། འོན་ཏང་རྩོད་གླེང་དེ་ཉིད་དམིགས་བསལ་དུ་ཕྱི་ལོ་ ༢༠༡༩ བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྐབས་ཕྱི་ཚེས་ ༡༦ དང་ ༡༧ བཅས་ཉིན་གཉིས་ཀྱི་རིང་དགོང་དྲོ་སྨོན་ལམ་གྲུབ་འཕྲལ་དུ་གནང་ཡོད།

བརྗོད་བྱ་ནི་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གིས་གཏན་འབེབས་མཛད་པ་ལྟར། འཇིག་རྟེན་པའི་ལྷ་སྐྱབས་སུ་བསྟེན་རུང་དང་མི་རུང་གི་སྐོར། བཤད་སྒྲུབ་གཉིས་པོ་གང་ཞིག་གཙོ་ཆེ་བའི་སྐོར་གཉིས་ཡིན།

རྩོད་སྐྱོང་དང་རྩོད་གླེང་བ་རྣམས་ནི་སྔར་༸རྒྱལ་དབང་མཆོག་གིས་རྒྱ་བལ་ནང་དུ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བཤད་གྲྭ་ཁག་དགུ་ཡོད་པ་ལས་བཤད་གྲྭ་གཅིག་ནས་རྩོད་སྐྱོང་བ་མཛད་དགོས་པ་དང་། གཞན་བརྒྱད་ནས་རྩོད་གླེང་གནང་དགོས་ཞེས་བཀའ་བཟང་ཕེབས་པ་ཇི་བཞིན།

ལོ་འདིར་བརྗོད་བྱ་དང་པོའི་གཙོ་སྐྱོང་བ་གདན་ས་རུམ་བཏེག་༸དཔལ་ཀརྨའི་ཤྲཱི་ན་ལནྜའི་ངེས་སྟོན་པ་མཁན་པོ་སྐལ་བཟང་ཉི་མ་དང་། བརྗོད་བྱ་གཉིས་པའི་གཙོ་སྐྱོང་བ་གདན་ས་རུམ་བཏེག་༸དཔལ་ཀརྨའི་ཤྲཱི་ནཱ་ལནྜའི་མཁན་པོ་ཀརྨ་ཚེ་བརྟན་གཉིས་ཡིན།

བརྗོད་བྱ་དང་པོའི་སྐབས་སུ་དགག་ཕྱོགས་དང་སྒྲུབ་ཕྱོགས་གཉིས་ཀྱི་བཤད་གྲྭ་ཁག་གི་རྩོད་གླེང་བ་རྣམས་ནི། སྒྲུབ་ཕྱོགས་སུ། ༡ འབོ་དཀར་བཤད་གྲྭ་ཐོས་བསམ་ནོར་གླིང་དགའ་ཚལ་སློབ་གཉེར་བ་ཀརྨ་རྒྱ་མཚོ། ༢ ཀརྨ་ལེགས་བཤད་གླིང་གི་སློབ་གཉེར་བ་ཀརྨ་ནོར་བུ། ༣ ལ་བྷ་བཤད་གྲྭ་རིག་པའི་རྡོ་རྗེ་གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་བ་ཀརྨ་ཆོས་ཀྱི་ཡེ་ཤེས། ༤ ཟུར་མང་བཤད་གྲྭ་ལུང་རྟོགས་ནོར་བུ་དགའ་ཚལ་གྱི་སློབ་གཉེར་བ་ཀརྨ་དོན་གྲུབ་རྣམས་ཡིན།

དགག་ཕྱོགས་སུ། ༡ གདན་ས་དཔལ་སྤུངས་ཤེས་རབ་གླིང་བཤད་གྲྭ་ལུང་རིགས་འཇམ་དཔལ་གླིང་གི་སློབ་གཉེར་བ་ཡེ་ཤེས་བྱང་ཆུབ། ༢ གཏེར་སྒར་བཤད་གྲྭ་ངེས་དོན་ལུང་རིགས་འོད་གསལ་གླིང་གི་སློབ་གཉེར་བ་ཐུབ་བསྟན་དགེ་འཕེལ། ༣ བན་ཆེན་བཤད་གྲྭ་ནང་བསྟན་ཐོས་བསམ་གླིང་གི་སློབ་གཉེར་བ་ཆོས་ཀྱི་གྲགས་པ། ༤ ཁྲ་འགུ་བཤད་གྲྭ་བཛྲ་བིདྱཱ་གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་བ་དགྲ་འདུལ་དབང་རྒྱལ་བཅས་ཡིན།

བརྗོད་བྱ་གཉིས་པའི་སྐབས་སུ་དགག་ཕྱོགས་དང་སྒྲུབ་ཕྱོགས་གཉིས་ཀྱི་བཤད་གྲྭ་ཁག་གི་རྩོད་གླེང་བ་རྣམས་ནི། སྒྲུབ་ཕྱོགས་སུ། ༡ གདན་ས་དཔལ་སྤུངས་ཤེས་རབ་གླིང་བཤད་གྲྭ་ལུང་རིགས་འཇམ་དཔལ་གླིང་གི་སློབ་གཉེར་བ་ཕྲིན་ལས་དབང་ཕྱུག ༢ ལ་བྷ་བཤད་གྲྭ་རིག་པའི་རྡོ་རྗེ་གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་བ་ནོར་བུ་རྒྱལ་མཚན། ༣ ཟུར་མང་བཤད་གྲྭ་ལུང་རྟོགས་ནོར་བུ་དགའ་ཚལ་གྱི་སློབ་གཉེར་བ་ཚུལ་ཁྲིམས་འགྱུར་མེད། ༤ ཀརྨ་ལེགས་བཤད་གླིང་གི་སློབ་གཉེར་བ་ཀརྨ་ཆོས་དབྱིངས་འགྱུར་མེད་བཅས་ཡིན།

དགག་ཕྱོགས་སུ། ༡ འབོ་དཀར་བཤད་གྲྭ་ཐོས་བསམ་ནོར་གླིང་དགའ་ཚལ་གྱི་སློན་གཉེར་བ་ཆོས་དབྱིངས་བསྟན་པ། ༢ གཏེར་སྒར་བཤད་གྲྭ་ངེས་དོན་ལུང་རིགས་འོད་གསལ་གླིང་གི་སློབ་གཉེར་བ་ཉི་མ་རབ་གསལ། ༣ ཁྲ་འགུ་བཤད་གྲྭ་བཛྲ་བིདྱཱ་གཙུག་ལག་སློབ་གཉེར་ཁང་གི་བསོད་ནམས་ཕུན་ཚོགས། ༤ བན་ཆེན་བཤད་གྲྭ་ནང་བསྟན་ཐོས་བསམ་གླིང་གི་སློབ་གཉེར་བ་བློ་གྲོས་རིན་ཆེན་བཅས་སོ།

དེ་ལྟར་དངོས་སུ་རྩོད་གླེང་གི་སྐབས་སུ་༸སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་ཆེན་པོ་མཆོག་དང་༸སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་རྣམ་པ་གཉིས་ཀྱི་དབུས་དགེ་འདུན་སྟོང་ཕྲག་དུ་མ་ཕེབས་ཡོད་ཅིང་། དད་ལྡན་མི་དམངས་ཡང་མི་ཉུང་བ་མཉམ་ཞུགས་མཛད་ནས་མཐར་རྩོད་གླེང་དེ་ཉིད་ལེགས་པར་གྲུབ་བོ།

གནས་ཚུལ་མདོ་ཙམ་ཞིག་གངས་ལ་ཉི་ཤར་ནས།

20190116_Monk's Debates

image-270-3.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་