༧སྐྱབས་རྗེ་མི་འགྱུར་རིན་པོ་ཆེའི་སྒོམ་ཁྲིད། ཆོས་ཐུན་དང་པོ།

 

སྐབས་སོ་བདུན་པའི་སྨོན་ལམ་སྔོན་འགྲོའི་གསུང་ཆོས། ༧སྐྱབས་རྗེ་མི་འགྱུར་རིན་པོ་ཆེའི་སྒོམ་ཁྲིད། ཉིན་དང་པོའི་སྒོམ་ཁྲིད་ཆོས་ཐུན་དང་པོ།

ཕྱི་ལོ་༢༠༢༠ ཟླ་བ་༡ ཚེས་༢༨ ཉིན། སྔ་དྲོའི་དུས་ཚོད་༧ ༤༥ ཐོག་དཔལ་༧རྒྱལ་དབང་ཀརྨ་པ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་༧སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་མཆོག་ནས་སྤོས་སྣེ་དང་བཅས་ཏེ་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཆོས་རར་གདན་ཞུས་རྗེས་༧སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་མཆོག་བཞུགས་ཁྲིར་འཁོད་དེ་བཀའ་སྩལ་དོན།
བདག་ཅག་རྣམས་ཀྱི་ལམ་གྱི་འདྲེན་པ་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་བཀའ་དགོངས་བཞིན་ད་ལན་གྱི་སྒོམ་ཁྲིད་འདི་དྲན་པ་ཉེ་བར་གཞག་པ་བཞིའི་སྐོར་ཡིན། ལོ་སྔ་མར་ཞི་གནས་ཀྱི་ཆ་གཙོ་བོར་ཞུས་པ་ཡིན། ད་ལན་ལྷག་མཐོང་གི་ཆ་གཙོ་བོར་ཞུ་རྒྱུ་ཡིན། སྤྱིར་བཏང་སངས་རྒྱས་ཀྱིས་ཆོས་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་སོ་སོའི་སེམས་འདུལ་བའི་ཆེད་ཡིན། སེམས་འདུལ་བ་དེ་ཡང་ཞི་གནས་དང་ལྷག་མཐོང་གཉིས་ལ་རག་ལུས། སེམས་དེ་དག་སྒྲོལ་བ་དང་འདུལ་ཐུབ་ན་གང་དུ་བསྐྱོད་ཀྱང་བདེ་བ་དང་ཞི་བ་ཡོད། དེ་ལྟར་མིན་ན་སེམས་ནང་མི་བདེ་བའི་ཚོར་བ་ཤུགས་ཆེན་པོ་ཡོང་བ་མ་ཟད་ཚོགས་པ་སོགས་འཚོག་དུས་ཀྱང་ག་དུས་གྲོལ་ཡོང་བསམས་ནས་ཚོར་བ་མི་བདེ་བ་མང་པོ་འབྱུང་། དེ་ཡང་གཙོ་བོ་འདོད་ཆགས་དང་ཞེ་སྡང་གིས་རྐྱེན་བྱས་ནས་འདོད་པ་ཐམས་ཅད་འགྲུབ་མི་ནུས་པའི་དཀའ་ངལ་ཡོད། དེ་དག་ཐམས་ཅད་ལས་འགྲོལ་བའི་ཆེད་ཉམས་ལེན་གནང་ན་བདེ་བ་དང་ཞི་བ་ཡོང་ངེས་རེད། དེ་འདྲ་སོང་ཙང་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་ཚུལ་མདོར་བསྡུས་ཞུ་རྒྱུ་ཡིན། དྲན་པ་ཉེ་བར་གཞག་པ་བཞི་པོ་དེ་དག་ཉམས་ལེན་ཚུལ་བཞིན་མཛད་པ་ཡིན་ན་རིམ་གྱིས་ས་ལམ་གྱི་ཡོན་ཏན་རྫོགས་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ངེས་རེད། དེ་ཡང་དྲན་པ་ཉེ་བར་གཞག་པ་བཞིའི་ནང་མ་འདུས་པའི་ཉམས་ལེན་མེད་ཅེས་གསུངས་ཡོད།
དེ་དག་ཉམས་སུ་ལེན་པ་ལ་སྦྱོར་བ། དངོས་གཞི། རྗེས་གསུམ་ཡོད། དང་པོ་སྦྱོར་བ་ལ་ཡང་སྐྱབས་འགྲོ་དང་སེམས་བསྐྱེད་གཉིས་ཡོད། དང་པོ་སྐྱབས་འགྲོ་ལ་མདུན་གྱི་ནམ་མཁར་བླ་མ་རྡོ་རྗེ་འཆང་དང་ཡི་དམ་ཆོས་སྐྱོང་སོགས་བཞུགས་པར་མོས་ནས་ཉམས་ལེན་གནང་དགོས། སྤྱིར་བཏང་སངས་རྒྱས་ཀྱི་ཡེ་ཤེས་ལ་ཉེ་རིང་མེད་སྟབས་བླ་མ་རྡོ་རྗེ་འཆང་དངོས་སུ་བཞུགས་ཡོད་སྙམ་ནས་སོ་སོ་ལ་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་གཟིགས་ཡོད་བསམ་སྟེ། དེ་རིང་ནས་ངའི་སྐྱབས་དང་མགོན་དཔུང་དམ་པ་ཁྱེད་ལས་གཞན་མེད་བསམས་ནས་སྐྱབས་འགྲོ་སངས་རྒྱས་ཆོས་ཚོགས་མ་ལན་གཉིས་གསུང་རོགས། རྡོ་རྗེ་འཆང་ཡང་ཇི་ལྟ་བ་བཞིན་སྒོམ་ཁག་པོ་ཡོད། ཡིན་ན་ཡང་སོ་སོའི་བློ་ལ་གང་འཆར་དངོས་སུ་བཞུགས་པར་བསམ་ཡང་འགྲིག དེ་དག་ཉམས་སུ་བླངས་པ་ལ་བརྟེན་ནས་ཉམས་ལེན་གྱི་རིམ་པ་རྣམས་རྒྱུད་ལ་སྐྱེ་བའི་བྱིན་རླབས་གནང་བའི་གསོལ་འདེབས་བྱ་དགོས། གཉིས་པ་སེམས་བསྐྱེད་པ་ནི། ངས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཉམས་ལེན་གྱི་རིམ་པ་རྣམས་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་བྱའོ་སྙམ་པའི་སྒོ་ནས་སྐྱབས་འགྲོ་ལན་གཅིག་གསུངས་ནས་སེམས་ཅན་ཐམས་ཅད་བདེ་བ་སོགས་སེམས་བསྐྱེད་ཚར་གསུམ་གསུང་། སྤྱིར་བཏང་སེམས་བསྐྱེད་ཅེས་པ་འདི་ཀུན་སློང་ཞིག་ཡིན། དཔེར་ན་ང་ཚོ་ས་ཐག་རིང་པོ་ནས་རྡོ་རྗེ་གདན་དུ་བསྐྱོད་ནས་སྨོན་ལམ་ཚོགས་ཀྱི་ཡིན་བསམ་པ་ལྟ་བུ་སེམས་ཀྱི་འཆར་གཞི་ཞིག་ལ་ཡང་བཞག་ཆོག མི་ཐམས་ཅད་ལ་འཆར་གཞི་རེ་རེ་ཡོད། བྱང་ཆུབ་ཀྱི་སེམས་བསྐྱེད་སྐབས་ཀུན་སློང་ངམ་འཆར་གཞི་ལ་ཡང་ཡང་བརྟག་དགོས། དེ་ལྟར་བརྟགས་ནས་རྟོག་པ་བཟང་ངན་ནམ་དུག་གསུམ་དང་འདྲེས་པའི་བློའམ་ཀུན་སློང་སོགས་ངོ་ཤེས་པ་བྱ་དགོས། སེམས་བསྐྱེད་དེ་དག་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། སེམས་བསྐྱེད་དེ་དག་སྐད་ཅིག་མ་གཅིག་ཙམ་རྒྱུད་ལ་སྐྱེས་ན་ཡང་ཧ་ཅང་གི་ཕན་ཡོན་ཆེན་པོ་ཡོད།
གཉིས་པ་དངོས་གཞི་ནི། དང་པོ་ཞི་གནས་མདོར་བསྡུས་ཤིག་ཞུ་ན། སྤྱིར་བཏང་ཞི་གནས་ལ་མང་པོ་ཡོད་ཀྱང་དབུགས་འབྱུང་རྔུབ་ལ་སེམས་གཏད་ནས་ཞི་གནས་སྒོམ་པ་འདི་ཞི་གནས་ལེགས་ཤོས་ཡིན། དེ་ཡང་དབུགས་ཀྱི་གྲངས་ཀ་གཅིག་ནས་བཅུ་ཡི་བར་མི་འཁྲུགས་པར་སེམས་གཏད་དེ་སྒོམ་དགོས། དེ་ཡང་ཆོས་མངོན་པ་མཛོད་ལས་གསུངས་པ་བཞིན་དབུགས་གྲངས་ཀ་རྒྱབ་ནས་སེམས་ཀྱང་དེ་དང་ལྷན་དུ་བཞག་ཐུབ་ན་རྣམ་རྟོག་གཞན་གང་ཞིག་སྐྱེས་ཀྱང་ཁྱད་པར་མེད། རྣམ་རྟོག་གང་ཤར་ཡང་བཀག་མི་དགོས། བཀག་ན་མང་པོ་འཆར་ངེས་རེད། དེ་གང་ཡིན་ཞེ་ན་ང་ཚོའི་སེམས་འདི་ལས་སུ་མ་རུང་བར་སོང་སྟབས་རྣམ་རྟོག་དེ་དག་ཡང་ནས་ཡང་དུ་འཆར་བཞིན་ཡོད། དེ་དག་མ་ཡོང་བའི་ཐབས་ལ་དྲན་པས་ཟིན་ནས་ཉམས་ལེན་གནང་དགོས། ཆོས་ཐུན་འདིར་དབུགས་དབྱུང་རྔུབ་ལ་བརྟེན་ནས་ཞི་གནས་སྒོམ་ཚུལ་མདོར་ཙམ་ཞུས་ཟིན་པ་ཡིན།

བསམ་གཏན་མཐར་ཕྱིན་ནས་ཕབ།

20200128AM_Teaching on Meditation

Right-Column-Pics3.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་