བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྔོན་འགྲོའི་གསུང་ཆོས་ཉིན་གསུམ་པའི་ཆོས་ཐུན་གསུམ་པ།

 

སྨོན་ལམ་ཆོས་རར་སྤོས་སྣེས་ཕེབས་བསུ་བཅས་༸སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་བཞུགས་ཁྲིར་བཞུགས་ཤིང་ཆོས་ཐུན་གྱི་སྔོན་འགྲོའི་ཞལ་འདོན་གྲུབ་རྗེས་རིན་པོ་མཆོག་ནས་དེ་རིང་ཆོས་ཁྲིད་དེ་ཞི་གནས་དང་ལྷག་མཐོང་གི་རིམ་པ་གཉིས་ལས་ད་ལན་དབུགས་ཀྱི་ཞི་གནས་སྐོར་མདོར་བསྡུས་ཞུས་པ་རེད། སྤྱིར་བཏང་ལྷག་མཐོང་གི་དབང་དུ་བྱས་ན་རིམ་པ་གསུམ་ཡོད། ཉན་ཐོས་ཐེག་པ་དང་མཐུན་པའི་ལྷག་མཐོང་། ཐེག་པ་ཆེན་པོའི་ལྷག་མཐོང་། གསང་སྔགས་རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པའི་ལྷག་མཐོང་དང་གསུམ་ཡོད། ཉན་ཐོས་ཐེག་པའི་ལྷག་མཐོང་དེ་གཙོ་བོ་མི་རྟག་པ་དང་། སྡུག་བསྔལ་བ། སྟོང་པ། བདག་མེད་དང་རྗེས་སུ་འབྲེལ་བའི་ལྷག་མཐོང་ཡིན། ཐེག་པ་ཆེན་པོའི་ལྷག་མཐོང་དེ་ལ་གང་ཟག་གི་བདག་མེད་དང་། ཆོས་ཀྱི་བདག་མེད་རྣམ་པ་གཉིས་གཏན་ལ་ཕབ་ནས་སྟོང་ཉིད་སྤྲོས་བྲལ། སྣང་སྟོང་ཟུང་འཇུག སྟོང་རྟེན་འབྱུང་འགལ་བ་མེད་པ་སྒྲུབ་ཅིང་དེ་ལ་རྒྱུན་བསྐྱངས་ནས་ཉམས་སུ་ལེན་རྒྱུ་དེ་ལ་ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་ལྷག་མཐོང་ཡིན། གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་སུ་ལྷག་མཐོང་གི་རིམ་པ་དེ་ལ་བསྐྱེད་རིམ་དང་རྫོགས་རིམ། གྲོལ་ལམ་ཕྱག་རྒྱ་ཆེན་པོ་ཐུན་མོང་མ་ཡིན་པའི་རིམ་པ་རྣམ་པ་གསུམ་ཡོད། བསྐྱེད་རིམ་གྱི་དབང་དུ་བྱས་ན། གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་སུ་དང་པོ་སྤྱིར་བཏང་ཐེག་པ་ཐུན་མོང་དང་། ཡུལ་གྱི་སྟོང་པ་ཉིད། སྤྲོས་བྲལ་དང་བདག་མེད་པའི་རྣམ་དེ་གཏན་ལ་ཕབ་ནས་ལྷ་ཡི་རྣམ་པ་ལ་སྐུ་བཞེངས་ཀྱི་ཡོད་རེད། འོད་གསལ་སྒྱུ་མ་ལྟ་བུའི་ལྷ་ཡི་རྣམ་པའི་སྐུར་བཞེངས་ནས་བསྐྱེད་རིམ་སྒོམ་གྱི་ཡོད། བསྐྱེད་རིམ་སྒོམ་དུས་བསྐྱེད་རིམ་དེ་ཡང་མེ་ལོང་ནང་ལ་ཤར་བའི་གཟུགས་བརྙན། ནམ་མཁར་ཤར་བའི་འཇའ། དེ་ནས་རྨི་ལམ་ལྟ་བུ་རྣམ་པ་སྒོམ་ཡོང་དུས་དཔེར་ན། བདག་བསྐྱེད་དང་མདུན་བསྐྱེད་ལ་སོགས་པའི་བསྐྱེད་རིམ་གྱི་རྣམ་པར་སྒོམ། ལྷ་ཡི་རྣམ་པར་སྒོམ་པ་དེ་ཡང་མེ་ལོང་དུ་ཤར་བ་ལྟ་བུའི་སྣང་སྟོང་ཟུང་འཇུག་སྒོམ་འོང་དུས་ལྷག་མཐོང་ཆགས་ཀྱི་ཡོད། དེའི་རྣམ་པ་དེ་སེམས་ལ་ཁྲ་ལམ་གྱི་རྣམ་པ་དེ་མ་བརྗེད་པར་བྱས་ན་ཞི་གནས་ཡིན། ཡི་དམ་གྱི་ལྷ་གཅིག་སྒོམ་པ་ཡིན་ན་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་གི་ཡོད། ལྷའི་སྐུར་བཞེངས་པ་དེ་ཡང་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། དང་པོ་ཆོ་ག་དབུ་བཙུགས་དུས་རྙིང་མའི་སྐབས་སུ་ཡིན་ན་ཏིང་ངེ་འཛིན་རྣམ་པ་གསུམ། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། གཉིས་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། གསུམ་པ་རྒྱུའི་ཏིང་ངེ་འཛིན། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་སྐབས་སུ་སྟོང་པ་ཉིད་སྒོམ། གཉིས་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དེ་སྙིང་རྗེ་ཆེན་པོ་བསྒོམས་ནས་སྟོང་པ་ཉིད་ཀྱི་དོན་མ་ཤེས་པའི་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་སྙིང་རྗེ་སྒོམ་སྟེ་སྙིང་རྗེ་བསྐྱེད། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་སྙིང་རྗེ་སྒོམ། སྙིང་རྗེ་དེའི་ངང་ལས་རྒྱུའི་ཏིང་ངེ་འཛིན་ལྷ་སོ་སོའི་ཐུགས་སྲོག་ས་བོན་གྱི་རྣམ་པ་ལ་བརྟེན་ནས་དཀྱིལ་འཁོར་གྱི་ཞལ་ཡོངས་སུ་རྫོགས་པ་ཞིག་བཞེངས་ཡོང་དུས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་སེམས་སོགས་དེ་ལ་རྫོགས་ཀྱི་ཡོད། རྫོགས་སྨིན་སྦྱངས་གསུམ་ཞེས་མདོའི་སྐབས་སུ་རྫོགས་སྨིན་སྦྱངས་གསུམ་དེ་སྔགས་ཀྱི་བསྐྱེད་རིམ་གྱི་སྐབས་སུ་དམིགས་བསལ་དུ་ལྷ་བསྐྱེད་པའི་རིམ་པའི་ཐབས་དམིགས་བསལ་ལ་བརྟེན་ཏེ་ཚོགས་རྣམས་མྱུར་དུ་རྫོགས། སེམས་ཅན་སྨིན་པ་དང་། སྨོན་ལམ་ཡོངས་སུ་རྫོགས། ཞིང་སྦྱངས་པ་དེ་ཚོ་བསྐྱེད་རིམ་གྱི་ནང་དུ་བསྒོམས་ནས་བསྒྲུབ་ཀྱི་ཡོད། དེ་དུས་ཐབས་ཟབ་མོ་ལ་བརྟེན་ནས་གསང་སྔགས་ཀྱི་བསྐྱེད་རིམ་སྒོམ་པ་ཡིན་ན་བྱམས་པ་དང་སྙིང་རྗེ་བྱང་ཆུབ་སེམས་ཡང་ཚང་གི་ཡོད། ཞི་གནས་དང་ལྷག་མཐོང་ཡང་ཚང་གི་ཡོད། དེ་ནས་འབྲས་བུ་ལམ་དུ་བྱེད་པ་ཞེས་འབྲས་བུ་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་དེ་ད་ལྟ་ང་ལ་ཡོད་བསམ་ལམ་དུ་བྱེད་འོང་དུས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་ཕན་ཐོགས་ཀྱི་ཡོད། མཚན་འཛིན་གྱི་རྟོག་པ་དེ་དག་འགགས་ནས་སྣང་བ་ལྷ། གྲགས་པ་སྔགས། དྲན་རྟོག་ཐུགས་ཀྱི་རོལ་པར་སྒོམ་དུས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་མྱུར་སྐྱེད་ཆེན་པོ་ཆགས་ཀྱི་ཡོད། དེ་བསྐྱེད་རིམ་གྱི་སྐབས་ཀྱི་གསང་སྔགས་རྡོ་རྗེ་ཐེག་པའི་ལྷག་མཐོང་རེད། རྫོགས་རིམ་གྱི་སྐབས་སུ་ཡིན་ན་རྩ་དང་རླུང་དང་ཐིག་ལེ་ལ་སོགས་པ་ལུས་ལ་བྱེད་པ་བཅིང་ནས་ལུས་མ་དག་པའི་རྩ་རླུང་ཐིག་ལེ་དེ་དག་བསྡམ་སྟེ་འཆིང་། རྡོ་རྗེའི་ལུས་ཡེ་ཤེས་ཀྱི་རྩ་དང་རླུང་དང་ཐིག་ལེ་ལ་གནད་དུ་བསྣུན་ཡོང་དུས་སྣང་མཆེད་ཐོབ་གསུམ་ལ་སོགས་པའི་ཉམས་རྣམས་རིམ་པར་བཞིན་འབྱུང་ནས་རང་བཞིན་བརྒྱད་ཅུའི་རྟོག་ཚོགས་དེ་དག་འགགས། དེ་འགག་པའི་གཞུག་ཏུ་བདེ་བ་ཆེན་པོའི་ཡེ་ཤེས་སམ་བདེ་སྟོང་ཡེ་ཤེས་དཔེའི་ཐབས་ལུས་ལ་བསྟན། དོན་གྱི་ཡེ་ཤེས་བདེ་སྟོང་ཡེ་ཤེས་དེ་རྒྱུད་ལ་སྐྱེས་ནས་ལྷག་མཐོང་ངོ་མ་དེ་ཆགས་ཀྱི་ཡོད།
གྲོལ་ལམ་ཕྱག་རྒྱ་ཆེན་པོའི་སྐབས་ལ་སྤྱིར་བཏང་ཕྱག་རྒྱ་ཆེན་པོ་ལ་མདོའི་ཕྱག་ཆེན། སྔགས་ཀྱི་ཕྱག་ཆེན། སྙིང་པོ་ལུགས་ཀྱི་ཕྱག་ཆེན་ཏེ་རིམ་པ་རྣམ་པ་གསུམ་གསུངས་ཡོད། ཡོངས་གྲགས་ཀྱི་ཕྱག་ཆེན་ལྟ་བུ་ཡིན་ན་མདོའི་ལུགས་ཀྱི་ཕྱག་ཆེན་རེད། དེའང་མདོ་ཏིང་ངེ་འཛིན་རྒྱལ་པོ་ལ་སོགས་པའི་དགོངས་པ་འདུས། རྒྱུད་བླ་མ་ལས་གསུངས་པའི་བདེ་བར་གཤེགས་པའི་སྙིང་པོ་ལ་སོགས་པ་གསུངས་པའི་དགོངས་དོན་དེ་དག་བསྡུས་ནས་མཉམ་མེད་དྭགས་པོ་རིན་པོ་ཆེའི་བཀའ་ཕྱག་ཆུ་བོ་གཅིག་འདྲེས་ཞེས་གསུངས། བཀའ་གདམས་པ་ནས་བརྒྱུད་པའི་བློ་སྦྱོང་དང་མར་པ་མི་ལ་ནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོའི་ལྟ་བ་དེ་གོ་སླ་བ་དང་། གདུལ་བྱ་རབ་འབྲིང་ཐ་གསུམ་གྱི་སྒོམ་ཆོག་པར་བྱས་ནས་མདོ་ལུགས་ཀྱི་ཕྱག་ཆེན་གསུངས་པ་རེད། དེ་ལ་ཡང་སྔོན་འགྲོ་བློ་ལྡོག་རྣམ་པ་བཞི། ཐུན་མོང་མ་ཡིན་པའི་སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད། ཕྱག ཡིག་བརྒྱ། མནྜལ། བླ་མའི་རྣལ་འབྱོར་ལ་སོགས་པ་བསྒྲུབ། ཁྱད་པར་གྱི་སྔོན་འགྲོ་རྒྱུའི་རྐྱེན། དམིགས་པའི་རྐྱེན། བདག་པོའི་རྐྱེན། དེ་མ་ཐག་པའི་རྐྱེན་བཞི་ལ་སོགས་པ་དེ་ཚོ་ལ་བསམ་བློ་བཏང་། དེ་ནས་གཙོ་བོར་བླ་མའི་མོས་གུས་གནད་དུ་བསྣུན། དེ་ལ་བརྟེན་ནས་སེམས་ཚོར་གྱི་མན་ངག་ལ་བསྟེན། སེམས་ཚོར་གྱི་མན་ངག་ལ་བསྟེན་ནས་སེམས་ཀྱི་ངོ་བོ་ངོ་འཕྲོད་པའི་ཐབས་དེ་ལ་ཐབས་མང་པོ་ཡོད་པ་རེད། སྟོང་ཕྱོགས་ནས་ངོ་སྤྲད་པ། གནས་པའི་ཐོག་ནས་ངོ་སྤྲོད་པ། འགྱུ་ཐོག་ནས་ངོ་འཕྲོད་པ། སྣང་བའི་ཐོག་ནས་ངོ་སྤྲོད་པ། རྣམ་རྟོག་འཁྲུལ་བཞིན་པའི་སྒོ་ནས་ངོ་སྤྲོད་པ་སོགས་ཐབས་མང་པོ་ཞིག་ལ་བརྟེན་ནས་སེམས་ཀྱི་གནས་ལུགས་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འོད་གསལ་ཕྱག་རྒྱ་ཆེན་པོ་དེ་རྟོགས་པའི་ཐབས་མང་པོ་ཡོད། སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་གདན་དུ་མངོན་པར་རྫོགས་པ་སངས་རྒྱས་ནས་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། ། གསུང་བ་བཞིན་དེའི་དོན་དེ་ཡུལ་སྟོང་པ་ཉིད་སྤྲོས་བྲལ་གྱི་ཆ ནས་ཐེག་པ་ཆེན་པོའི་མདོ་ལ་ཁྱད་པར་མེད། ཡུལ་ཅན་སྟོང་ཉིད་ལམ་དུ་བྱེད་པའི་ཐབས་ཁྱད་པར་བ་ལ་བརྟེན་ནས་སྟོང་ཉིད་མངོན་དུ་གྱུར་པ་ལ་ཕྱག་རྒྱ་ཆེན་པོའི་ཐབས་དེ་དམིགས་བསལ་བ་རེད་ཅེས་གསུངས་པ་རེད། མདོ་ལུགས་ཀྱི་ཕྱག་ཆེན་རེད། སྔགས་ལུགས་ཀྱི་ཕྱག་ཆེན་ནཱ་རོ་ཆོས་དྲུག་ལ་སོགས་པ་ཉམས་ལེན་གནང་ནས་སྒོམ་འོང་དུས་འགྱུར་མེད་བདེ་བ་ཆེན་པོའི་ཡེ་ཤེས་སམ་བདེ་སྟོང་ཟུང་འཇུག་དེ་རེད། སྙིང་པོའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་དེ་བླ་མའི་མན་ངག་གི་ཐབས་ལ་བརྟེན་ནས་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སམ་འོད་གསལ་བའི་སེམས། གསལ་སྟོང་ཟུང་འཇུག་གི་རང་བཞིན་ད་ལྟ་ང་རང་ལ་ཡོད་པ་དེ་ངོ་སྤྲོད་ཀྱི་ཐབས་ལ་བརྟེན་ནས་ཁ་ཐུག་ངོ་འཕྲོད་སོང་བ་ཡིན་ན་དེ་སྙིང་པོ་ལུགས་ཀྱི་ཕྱག་ཆེན་ཡིན་པ་རེད། སྙིང་པོ་ལུགས་ཀྱི་ཕྱག་ཆེན་དེ་ཡང་མདོ་ལུགས་ཀྱི་དཔྱད་པ་སྔོན་དུ་སོང་། སྔགས་ལུགས་ཀྱི་ཉམས་ལེན་གང་ལ་གང་འཚམས་སྔོན་དུ་སོང་བའི་སྒོ་ནས་སྙིང་པོ་ལུགས་ཀྱི་ཕྱག་ཆེན་དེ་ཡོང་གིན་ཡོད། དེ་ཤིན་ཏུ་ནས་ཀྱང་ཟབ་པོ་རེད། ཕྱག་རྒྱ་ཆེན་པོ་རིམ་པ་རྣམ་པ་གསུམ་དེ་ཕྱག་ཆེན་ལུགས་ཀྱི་ལྷག་མཐོང་རེད། ཡིན་ན་ཡང་དེ་ཚོ་ཉམས་ལེན་རིམ་པ་རིམ་པ་བཞིན་དུ་གནང་བ་ལ་སྔོན་འགྲོ་ནས་རིམ་པར་བཞིན་དུ་སྦྱང་གནང་དགོས། དེ་ཚོ་ཆ་ཚང་ག་རེ་གསུང་པ་རེད་ཅེ་ན་མན་ངག་མྱོང་ཁྲིད་ཅེས་ཉམས་མྱོང་ཐེབས་ཀྱིན་ཐེབས་ཀྱིན་མྱོང་བ་དང་ཚོར་བ། གོམས་གཤིས་ལ་སོགས་པ་དེ་འདྲའི་ཐོག་ནས་གཏན་ལ་ཕབ་ཅིང་བརྡ་སྤྲད་དེ་འགྲོ་ཐུབ་པར་དགོས། ངས་ད་ལྟ་ཁྱེད་རྣམ་པར་ཞུ་ཁུལ་བྱེད་ཀྱི་ཡོད་རེད་ཁྱེད་རྣམ་པ་ཞུ་མཁན་མང་པོ་རེད། དུས་ཚོད་ཀྱང་ཞེ་དྲག་ཡོད་མ་རེད། དེ་ཡིན་དུས་མྱོང་ཐོག་ངོ་མ་ཇི་མ་ཇི་བཞིན་འགྲོ་ཐུབ་ཀྱི་མ་རེད་དེ་འོན་ཀྱང་ས་བོན་ཙམ་རེད་འགྲོ་རྒྱུ་རེད། ཁྱེད་རྣམ་པས་མུ་མཐུད་ནས་ཉམས་ལེན་མཛད་པ་ཡིན་ན་ངེས་པར་དུ་རྒྱུད་ལ་རྟོགས་པ་སྐྱེ་ཡི་རེད། ངེས་པར་དུ་ཉོན་མོངས་པ་སྡུག་བསྔལ་ཞི་ཐུབ་པ་ཞིག་ཡོང་གི་ཡོད། ཉམས་ལེན་གྱི་མན་ངག་ཐབས་དེ་ཚོ་ལ་བརྟེན་ནས་ཉམས་ལེན་གནང་བ་ཡིན་ན་བརྒྱུད་པའི་བྱིན་རླབས་ཡོད་རེད། ང་རང་ཚོ་དྭགས་པོ་བཀའ་བརྒྱུད་འདི་ལ་དམིགས་བསལ་དུ་སྒོམ་པ་ཉམས་ལེན་གྱི་བརྒྱུད་པ་འཛིན་མཁན་དེ་འདྲ་ཞིག་རེད། ཐུན་མོང་མ་ཡིན་པའི་བརྒྱུད་པའི་གདམས་ངག་ཡོད། ཐུན་མོང་མ་ཡིན་པའི་བརྒྱུད་པའི་གདམས་ངག་འདི་ལ་རང་ཚོའི་ཤུགས་རྒྱབ་སྟེ་ཉམས་ལེན་གནང་བ་ཡིན་ན་ངེས་པར་དུ་ཁྱེད་རྣམ་པའི་རྒྱུད་པ་ཉམས་དང་རྟོགས་པ་རིམ་པ་བཞིན་དུ་འཁྲུངས་ཀྱི་རེད། བརྒྱུད་པའི་བྱིན་རླབས་ཡོད་རེད། དེ་ཐུགས་ལ་ཞོག་མཛོད། ཅེས་བྱང་སེམས་ཐེག་པ་དང་། གསང་སྔགས་རྡོ་རྗེ་ཐེག་པ། འོད་གསལ་ཕྱག་རྒྱ་ཆེན་པོའི་ལུགས་སོགས་ཀྱི་ལྷག་མཐོང་ངོ་སྤྲོད་གནང་རྗེས་རིམ་པར་སྔ་ཐུན་གྱི་སྐབས་སུ་ནང་སྦྱོང་སྩལ་བ་ལ་བཀའ་འདྲི་གནང་། ཉིན་གུང་ཞལ་ལག་རྨི་ལམ་སྒྱུ་མ་ལྟ་བུ་བཞེས་མཁན་ཡོད་མེད་སྐོར་ལ་བཀའ་འདྲི་གནང་ཞིང་དེའང་ཐུན་བར་གྱི་སྤྱོད་ལམ་རྨི་ལམ་སྒྱུ་མ་ལྟ་བུ་དང་སྦྱར་དགོས་ཚུལ་གསུངས། དེ་ཡང་ཐུན་སྔ་མ་རྣམས་ལས་སྒོམ་ཁྲིད་གནང་བ་རྣམས་རྒྱུད་ལ་སྦྱར་ནས་མྱོང་བ་ཐོན་པ་བྱེད་དགོས་ཚུལ་གསུངས། ཁ་སང་གོང་དུ་ལོ་དང་ཟླ་བ་ཞག་དུས་ཚོད་གཏན་ལ་ཕབས་དུས་གང་ཡང་གྲུབ་པ་བཞིན། དེ་ལྟར་རེ་རེ་ནས་བརྟག་ཅིང་དཔྱད་དེ་གཏན་ལ་ཕབ་པ་ཡིན་ན་གང་ཡང་གྲུབ་པ་མེད། གང་ཡང་མ་གྲུབ་པ་དེ་ག་རང་སྟོང་པ་དང་བདག་མེད་པའི་རང་བཞིན་རེད། དེ་ནས་སྟོང་ཉིད་སྒོམ་སྐབས་ཞེད་སྣང་ཡོང་མིན་སྐོར་ལ་བཀའ་དྲི་གནང་རྗེས་ང་དང་བདག་ཏུ་འཛིན་པ་ཡོད་མེད་ལ་དཔྱད་སྒོམ་མཛད་དུ་བཅུག མ་ཡེངས་པར་ང་འདུག་གམ་མི་འདུག་ལྟོས་ཤིག རང་གི་ལུས་ཀྱི་ཆ་ཤས་རེ་རེ་ནས་བསམ་བློ་ཐོངས་དང་། ཁ་སང་ཞག་དང་དུས་སོགས་གཏན་ལ་ཕབ་པ་བཞིན་གང་ཡང་རྙེད་ཡོད་མ་རེད། མ་རྙེད་ན་ཡང་མ་རྙེད་པ་དེ་རང་གི་ཐོག་ཏུ་ཞོག འདི་ལ་དཔྱད་སྒོམ་སྤེལ་མ་ཟེར་བ་རེད། དེ་ལྟར་ཡུན་ནས་ཡུན་དུ་གོམས་ཤིང་མྱོང་བ་རྒྱུད་ལ་ཐོན་པར་བྱས་ནས་སྒོམ་ན་བདག་མེད་པ་དང་སྟོང་པ་ཉིད་རྟོགས། དེ་ལྟར་ཚོགས་གསོག་སྒྲིབ་སྦྱོང་ལ་འབད་ཅིང་རྒྱུན་བསྲིང་ནས་སྒོམ་ན་རང་རྒྱུད་ཀྱི་མ་རིག་པའི་རྟོག་ཚོགས་རྣམས་རིམ་གྱིས་འགག་སྟེ་མཐར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ཀྱི་རེད། ཅེས་དང་། འདུས་མང་གིས་ཁོང་གི་ཞལ་ལ་མཇལ་བཅུག་སྟེ་སྤྱན་གཡས་གཡོན་མཐོང་གི་ཡོད་མེད་དང་། དེ་བཞིན་ཤངས་དང་ཞལ། སྙན་གཡས་གཡོན་ནས་རིམ་པར་མཐོང་གི་ཡོད་མེད་སྐོར་ནས་ཐེག་ཆེན་གྱི་ལྷག་མཐོང་ངོ་སྤྲོད་གནང་།
དེ་ནས་མཐའ་མ་དེ་ལ་དེ་སྔོན་ཞུས་པའི་ཉས་ཐོས་ཐེག་པའི་ལྷག་མཐོང་། བྱང་སེམས་ཐེག་པའི་ལྷག་མཐོང་། གསང་སྔགས་རྡོ་རྗེ་ཐེག་པའི་ལྷག་མཐོང་དེ་དག་རྒྱུད་ལ་སྦྱར་ཞིང་ཉམས་སུ་ལེན་ཚུལ་སྐོར་ལ་གསུང་སྐབས། དང་པོ་ཞི་གནས་དང་འབྲེལ་བའི་ལྷག་མཐོང་སྒོམ་ཚུལ་དེ་དང་པོ་ཞེ་སྡང་ལྟ་བུ་ཞིག་ཤུགས་ཆུང་དུ་གཏོང་ཐབས་ལ་མི་ཞིག་གིས་རང་ཉིད་ལ་མཐོང་ཆུང་བྱེད་སྐབས་དབུགས་ལ་སེམས་གཏད་དེ་ཞི་གནས་སྒོམ་ན་རིམ་པར་སྔར་གྱི་ཞེ་སྡང་ཤུགས་ཆུང་རུ་འགྲོ་ཞིང་དེ་ལྟར་ཡུན་དུ་གོམས་པར་བྱས་ན་རྐྱེན་ངན་གང་བྱུང་བ་ཡིན་ན་ཡང་གཉེན་པོ་བསྟེན་ཐུབ་པ་ཡོང་།
གཉིས་པ་ཉན་ཐོས་ཐེག་པ་དང་མཐུན་པའི་ལྷག་མཐོང་སྒོམ་ནས་ཉོན་མོངས་ལམ་དུ་གང་འདྲ་བྱེད་དགོས་སམ་སྙམ་ན། ཉོན་མོངས་དང་དཀའ་སྡུག་གང་ཞིག་བྱུང་ན་དེ་དུས་ཚོར་བ་ཁོ་རང་ལ་བལྟ་ན་འགྲིག་གི་རེད། དེ་ལ་བལྟ་སྐབས་ཤུགས་ཆེ་རུ་འགྲོ་སོང་ན་ཁ་སྤོས་ནས་ལྟོས།
རིམ་པ་གསུམ་པ་དེ་ཐེག་པ་ཆེན་པོའི་ལྷག་མཐོང་སྒོམ་ནས་ཉོན་མོངས་དང་སྡུག་བསྔལ་ལམ་དུ་གང་འདྲ་བྱེད་དགོས་སྙམ་ན། ཉོན་མོངས་དང་སྡུག་བསྔལ་ཤར་བྱུང་ན་དྲི་བ་ཐོངས། སུས་སུ་ལ་ཉོན་མོངས་སྡུག་བསྔལ་བསྐྱེད་ཀྱི་ཡོད་མེད་གཟིགས། དེ་སྟོང་པ་ཉིད་ཡིན་དུས་རྨི་ལམ་ནང་གི་མི་ཞིག་གིས་རྨི་ལམ་ནང་གི་མི་ཞིག་ལ་ཞེ་སྡང་བྱེད་པ་ནང་བཞིན་རེད། དེ་ལྟར་སྟོང་ཉིད་སྒོམ་དགོས།
དེ་ལྟར་ཉོན་མོངས་སྡུག་བསྔལ་ལམ་དུ་ཁྱེར་བ་ལ་ཐབས་རིམ་པ་གསུམ་ཡོད། ཞི་གནས་ཀྱི་སྒོ་ནས་དབུགས་ལ་སེམས་གཏད། ཉན་ཐོས་ཐེག་པའི་ལྷག་མཐོང་སྒོམ་ནས་ཉོན་མོངས་དང་སྡུག་བསྔལ་རང་དང་སྤྱིའི་མཚན་ཉིད་ལ་བལྟ་རྒྱུ། ཐེག་པ་ཆེན་པོའི་སྟོང་ཉིད་དང་བདག་མེད་པ་བསྒོམ་རྒྱུ་དེའི་རིམ་པ་གསུམ་པོ་དེ་སྤེལ་མ་གནང་དགོས་ཞེས་གསུངས། དེ་ལྟར་ཉམས་ལེན་རིམ་པར་གནང་ན་གཅིག་གྲོགས་གཅིག་གིས་བྱེད། གཅིག་གི་བོགས་གཅིག་གིས་ཐོན་གྱི་རེད། དེ་ལྟར་ཉམས་ལེན་གནང་ན་ནང་སེམས་ལ་གྲོལ་བ་ཐོོབ་པ། ཞི་བ་ཐོབ་པ། བྱམས་པ་དང་སྙིང་རྗེ་ངམ་ངམ་ཤུགས་ཀྱི་སྐྱེས་ཡོང་གི་ཡོད། བདག་མེད་རྟོགས་པའི་ཤེས་རབ་དང་དྲན་པ་དེ་ཚོ་ཡང་ངམ་ངམ་ཤུགས་ཤུགས་ཀྱི་ཡོང་གི་ཡོད། དེ་ལྟར་བྱས་ན་རང་གཞན་ཚང་མ་ཕན་པ་ཡོང་གི་ཡོད། དེ་རིང་གི་ཆོས་ཐུན་དེ་ཙམ་འཇོག་རྒྱུ་ཡིན། ཞེས་གསུང་སྟེ་ཆོས་ཐུན་གྲོལ།
སྒོམ་ཁྲིད་ཆུ་ཚོད་གཅིག་ལྷག་གི་རིང་ཉན་ཐོས་ཐེག་པ་ནས་གསང་སྔགས་རྡོ་རྗེ་ཐེག་པ་དང་འོད་གསལ་ཕྱག་རྒྱ་ཆེན་པོའི་བར་གྱི་ཞི་གནས་དང་ལྷག་མཐོང་ཇི་ལྟར་སྒོམ་དགོས་ཚུལ་དང་། རྒྱུད་ལ་སྦྱར་ཚུལ། མྱོང་བ་ཇི་ལྟར་ཐོན་མིན། རྐྱེན་ངན་གྲོགས་སུ་བསྒྱུར་བའམ་ཉོན་མོངས་ལམ་དུ་ཇི་ལྟར་བྱེད་དགོས་ཚུལ་སོགས་ཟབ་ཅིང་རྒྱ་ཆེ་བ་གསུངས་ཀྱང་འདིར་གལ་གནད་ཆེ་བ་འགའ་ཞིག་ཉུང་བསྡུས་ཀྱི་ཚུལ་དུ་ཕབ་འབྲི་བྱེད་པ་པོ་ལྷ་ཐོག་ཐུབ་སྦྱིན་ནོ། །

20200130PM_Teaching on Meditation

Right-Column-Pics37.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་