༸སྐྱབས་རྗེ་འབོ་དཀར་ཡང་སྲིད་རིན་པོ་ཆེ་བར་མ་རབ་བྱུང་སྡོམ་བཞེས་ཀྱི་མཛད་རིམ།

 

ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༧ ཉིན་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་བདུན་པའི་དངོས་གཞི་ཉིན་དྲུག་པའི་ཐོ་རེངས་དུས་ཚོད་ ༥ པའི་ཐོག་ སྐྱབས་རྗེ་འབོ་དཀར་ཡང་སྲིད་རིན་པོ་ཆེ་རབ་བྱུང་གི་རྟགས་བཞེས་ཕྱོགས་ཐད་ལ་དཔལ་༸རྒྱལ་དབང་ཀརྨ་པ་ལ་གསོལ་འདེབས་ཞུས་པ་བཞིན་རྒྱལ་དབང་མཆོག་ནས་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བདུན་པའི་སྐབས་གནས་ཆོག་གསུང་པའི་ཉིན་གནས་མཆོག་རྡོ་རྗེ་གདན་དུ་སྐྱབས་མགོན་གཽ་ཤྲཱི་རྒྱལ་ཚབ་རིན་པོ་ཆེའི་ཞལ་སྔ་ནས་བར་མ་རབ་བྱུང་གི་སྡོམ་པ་བཞེས་དགོས་སྐོར་བཀའ་ཕེབས་པ་བཞིན།
དེ་རིང་ཞོགས་པ་ཆུ་ཚོད་ལྔ་པའི་ཐོག་འབོ་དཀར་མཁན་རིན་པོ་ཆེ་བློ་གྲོས་དོན་ཡོད་དང་སྐྱབས་རྗེ་འབོ་དཀར་ཆུང་སྲིད་རིན་པོ་རྣམ་པ་སྐུ་འཁོར་མཆོད་རྟེན་ནང་དུ་ཕེབས་ཏེ་འཛམ་གླིང་ས་ཡི་ལྟེ་བ་གནས་མཆོག་གྱུར་མ་ག་དྷའི་མཆོད་སྡོང་གི་ནང་རྟེན་སྟོན་པའི་སྐུ་བརྙན་མཐོང་གྲོལ་ཡིད་བཞིན་ནོར་བུ་ལ་ན་བཟའ་དང་སྐུ་དྲུང་དུ་ལྷུང་བཟེད་འབུལ་རྒྱུའི་གྲ་སྒྲིག་དང་བསྟུན་༸སྐྱབས་རྗེ་གཽ་ཤྲཱི་རྒྱལ་ཚབ་རིན་པོ་མཆོག་དང་། སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ། སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་རྣམ་པའི་སྐུ་འཁོར་དང་བཅས་ཆེད་དུ་ཆིབས་བསྒྱུར་བསྐྱངས། སྟོན་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་སྐུ་བརྙན་མཐོང་གྲོལ་རིན་པོ་ཆེ་ལ་རེག་ན་འཇམ་པའི་ན་བཟའ་སྒྲོན་འབུལ་དང་། ཚ་གྲང་གི་ནད་རིགས་འཇོམས་པའི་ཨ་རུ། བ་རུ། སྐྱུ་རུ་སོགས་སྨན་སྣ་ཚོགས་དང་། མྱོང་ན་རོ་བརྒྱ་ལྡན་པའི་ཤོང་ཐོག་སྣ་ཚོགས་ཀྱིས་ལྷུང་བཟེད་ཕྱུར་བུར་གཏམས་ཏེ་ཕུལ། དེ་རྗེས་སྟོན་མཆོག་དོན་ཀུན་གྲུབ་པས་སྲོད་ལ་བདུད་བཏུལ་གུང་ལ་མཉམ་པར་གཞག་ཐོ་རངས་ལ་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་བྱང་ཆུབ་སྙིང་པོར་ལྗང་མདོག་གི་ལོ་འདབ་རབ་ཏུ་རྒྱས་པའི་བྱང་ཆུབ་ལྗོན་ཤིང་དྲུང་། ས་གཞི་གཙང་ཞིང་ཡིད་དུ་འོང་བའི་ཐོག་མཛེས་སྡུག་རྣམ་པར་བཀྲ་བའི་མེ་ཏོག་གིས་བརྒྱན་པའི་མཆོད་ཁྲིའི་ཐོག་སྐུ་གསུང་ཐུགས་རྟེན་གྱི་མཚོན་པའི་མཆོད་པའི་བྱེ་བྲག་སྣ་ཚོགས་བཤམས་པའི་མདུན་དུ་སྐྱབས་རྗེ་རྒྱལ་བའི་རྒྱལ་ཚབ་རིན་པོ་མཆོག་བཞུགས་ཁྲིར་བཞུགས་མཛད་ཅིང་། གཡས་གཡོན་ནས་རིམ་པར་སྐྱབས་རྗེ་གར་དབང་རིན་པོ་ཆེ་དང་ཡོངས་དགེ་མི་འགྱུར་རིན་པོ་རྣམ་པ་དབུས་པས་འདུས་མང་བཞུགས་ཟིན་རྗེས་སྐྱབས་རྗེ་འབོ་དཀར་ཡང་སྲིད་རིན་པོ་ཆེ་ནས་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་མཆོག་ལ་མནྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས། དབུ་མཛད་ནས་ཐུབ་བསྟོད་དང་སོ་ཐར་སྒོམ་རྒྱུན་གྱི་གསོལ་འདེབས་གསུངས། སྐྱབས་རྗེ་རྒྱལ་ཚབ་ཚབ་རིན་པོ་ཆེ་མཆོག་ནས་འབོ་དཀར་ཆུང་སྲིད་རིན་པོ་མཆོག་ལ་བར་མ་རབ་བྱུང་གི་སྡོམ་པ་སྩལ་ཞིང་རིམ་པར་དབུ་སྐྲའི་གཙུག་ཕུད་བཞེས། ཆོས་གོས་དང་ཤམ་ཐབས་གདིང་བ་བཅས་ལ་བྱིན་རླབས་མཛད་རྗེས་ཁྱིམ་པའི་རྟགས་འདོར་ཅིང་རབ་བྱུང་གི་རྟགས་གཟན་ཤམ་དང་ཆོས་གོས་གསོལ་བཞེས་མཛད་རྗེས་སྐྱབས་རྗེ་འབོ་དཀར་ཆུང་སྲིད་རིན་པོ་ཆེ་ལ་༼༽མཚན་གནང་མཛད། རྒྱལ་དབང་བཅུ་བདུན་པ་མཆོག་གིས་གནང་བའི་མགུལ་དར་དང་སྒྲོལ་མའི་སྐུ་བརྙན། སྐྱབས་རྗེ་དྲུང་གཽ་ཤྲཱི་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་སྟོན་རྫོགས་པའི་སངས་རྒྱས་ཀྱི་སྐུ་སྤུས་ལེགས་ཤིག་བཅས་འབོ་དཀར་ཡང་སྲིད་རིན་པོ་ལ་གནང་། མཐར་བཀྲ་ཤིས་བརྒྱད་པ་སོགས་བཀྲ་ཤིས་པའི་ཚིག་གིས་མཐའ་བརྒྱན། རིན་པོ་ཆེ་རྣམ་པ་ལྷན་དུ་སྐུ་པར་སྒྲོན་འབུལ་ཞུས་རྗེས་ཆུ་ཚོད་དྲུག་དང་ཕྱེད་ཐོག་ཕེབས་འཁོར་དུ་བཞུགས་ཏེ་སྨོན་ལམ་ཆོས་རར་ཆིབས་བསྒྱུར་བསྐྱངས། གནས་ཚུལ་མདོར་བསྡུས་སུ་བཀོད་པ་པོ་ལྷ་ཐོག་ཐུབ་སྦྱིན་ནོ། །


20200207_ Celebratory Event in the Tergar Main Shrine Room

Right-Column-Pics33.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་