ཕྱག་ཚོད་ ༩:༣༠ སྟེང་དུ་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད། རྒྱལ་བའི་ཐུགས་སྲས་ཆེན་མོ། གསང་བདག་མི་ཡི་རྣམ་རོལ་༧སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་དྲུང་གོ་ཤྲི་ཆེན་པོ་མཆོག་དང་དབུ་ཞྭ་མཐོང་གྲོལ་ཆེན་མོ་སྟོང་གསུམ་དྲི་བཟང་འཐིལ་བའི་སྤོས་དང་སྙན་ཞིང་རྣ་བ་འཇེབས་པའི་རྒྱ་གླིང་དང་བཅས་སེར་སྦྲེངས་ཟབ་རྒྱས་ཀྱིས་སྨོན་ལམ་ཆེན་མོའི་དཀྱིལ་འཁོར་དུ་གདན་དྲངས་ཏེ།
མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲི་ཁམས་གསུམ་ཟིལ་གནོན་གྱི་རྡོ་རྗེའི་གདན་སྟེང་དུ། མཇལ་ཙམ་དད་གུས་སྐྱེ་བའི་དགྱེས་འཛུམ་གྱི་པད་དཀར་སྐུ་ཡི་བཀོད་པ་ལེགས་པར་བཞུགས་མཛད་ནས། དེའི་རྗེས་སུ་སེར་སྐྱ་སྟོང་ཕྲག་ལྔ་ལྷག་ལ་དབུ་ཞྭ་མཐོང་གྲོལ་ཆེན་མོ་བསྒྲོན་མཇལ་གནང་། དེ་ཡང་དབུ་ཞྭ་མཐོང་གྲོལ་ཆེན་མོ་བསྒྲོན་མཇལ་མཛད་པ་ནི་རྒྱལ་བ་བཀའ་བརྒྱུད་པའི་རྒྱལ་བ་ཡབ་སྲས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ལས་ངན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པའི་ཆོས་ཕྱོགས་ཀྱི་མཛད་སྒོ་ཞིག་རེད། དེ་ཡང་ཕན་ཡོན་ནི། གྲུབ་ཆེན་ཀརྨ་པཀྴིའི་ཞལ་སྔ་ནས། །ཞྭ་དང་མི་རུ་འབྲེལ་བ་ན། །གང་མཐོང་བ་ལ་ངན་སོང་མེད། ཅེས་གསུངས་པ་ལྟར་དང་། གཞན་ཡང་། སྐལ་མཆོག་རྣམས་ཀྱིས་མཐོང་བའི་མོད་ཉིད་ལ། །ས་དང་ལམ་གྱི་ཡོན་ཏན་སྩོལ་བར་མཛད། །སྐལ་མེད་སྡིག་ཅན་དག་གིས་མཐོང་བའི་ཚེ། །བསྐལ་སྟོང་སོགས་བསགས་སྡིག་སྒྲིབ་འཛད་པར་བྱེད། །ཚེ་འདིའི་ཕུན་ཚོགས་ཇི་ལྟར་འདོད་པ་རྣམས། །ཁྱོད་ལ་དམིགས་ནས་གསོལ་བ་བཏབ་པའི་ཚེ། །ཡིད་ལ་རེ་བ་ཇི་བཞིན་འགྲུབ་པར་འགྱུར། །ཞེས་ཉམས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་ཚེགས་མེད་དུ་སྐྱེ་ཞིང་། ལས་ངན་སྡིག་སྒྲིབ་ཐམས་ཅད་དག་པར་འགྱུར་བ་དང་། བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་བ་གསུངས་ཡོད།
དེའི་མོད་ལ་རས་ཆུང་རྡོ་རྗེ་གྲགས་པ་ནས་༧སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་ཆེན་པོའི་བར་དུ་བརྒྱུད་པའི་མ་གཅིག་གྲུབ་པའི་རྒྱལ་མོའི་ཚེ་དབང་ལེགས་པ་གྲུབ་རྗེས་སུ། བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་བཞི་བཅུ་པའི་སྐབས་སུ་རྒྱལ་བའི་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་༧རྒྱལ་དབང་ཀརྨ་པའི་བཀའ་དགོངས་ཐམས་ཅད་གཙུག་ཏུ་བཀུར་དང་ཐུགས་ལ་འཆང་ནས་སྨོན་ལམ་སྔོན་འགྲོའི་སྐབས་རྣམ་སྣང་མངོན་བྱང་གི་བཀའ་དང་སྨོན་ལམ་དངོས་གཞི་སྐབས་སུ་དབུ་བཞུགས་མཛད་དེ་ཐུགས་བསྐྱེད་སྨོན་ལམ་གྱིས་བརྒྱན་པ་དང་། དེང་སྨོན་ལམ་ཆེན་མོའི་ཉིན་མཐའ་མའི་དགེ་བ་ལ་ཡང་དབུ་ཞྭ་མཐོང་གྲོལ་ཆེན་མོ་བསྒྲོན་མཇལ་དང་ཚེ་དབང་བཅས་ཀྱིས་སྒོ་ནས་བཀའ་སློབ་བཀའ་དྲིན་བསྐྱངས་གནང་བའི་བཀའ་དྲིན་གཏང་རག་གི་ཡོན་དུ་དམིགས་ཏེ་སྲིད་ན་རིང་བའི་ལྷ་དར་དཀར་པོས་སྣ་དྲངས་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྟེན་དུ་མཎྜལ་ཟབ་རྒྱས་འདེགས་འབུལ་གནང་སྟེ། བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་བཞི་བཅུ་པའི་ཉིན་མཐའ་མའི་སྔ་དྲོའི་མཛད་རིམ་དགེ་ཚོགས་ཀྱིས་ཕྱོགས་ཀུན་ཏུ་གཡོ་བའི་སྒོ་ནས་ལེགས་པར་གྲུབ།
སླར་ཡང་དགུང་མོའི་ཕྱག་ཚོད་ ༧:༠༠ ཐོག་ལ་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་བཞི་བཅུ་པའི་ཐོག་བར་གཉིས་ཀྱི་དགེ་བ་ལེགས་པར་གྲུབ་ཟིན་ནས་ཆེས་མཐའ་མའི་དགེ་བར་མར་སྨོན་ལམ་ཆེན་མོའི་མཛད་རིམ་ལ། སྐུའི་ལྕམ་སྲིང་དངོས་གྲུབ་དཔལ་འཛོམས་དང་ས་གནས་ཀྱི་གནད་ཡོད་མི་སྣ་འགའ་གཙོས་པའི་དམིགས་བསལ་སྐུ་མགྲོན་རྣམས་དང་། ༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་དང་བླ་སྤྲུལ་དགེ་བའི་བཤེས་གཉེན་དབུས་པའི་ཕྱོགས་བཅུའི་སྡེ་བཞིའི་འཁོར་ཚོགས་སླར་ཡང་ལྷན་འཛོམས་གནང་ཏེ་དབུ་འཛུགས་མཛད།
ཁྲ་འགུ་དགོན་པའི་མཁན་པོ་ལོ་ཙཱ་བ་སྒྲེ་འེས་ཀརྨ་ཆོས་འཕེལ་དང་འབོ་དཀར་བཤད་གྲྭ་འོད་འབར་འཆི་མེད་གླིང་གི་སློབ་དཔོན་ཆོས་དབྱིངས་རྣམ་གཉིས་ནས་བཀའ་བརྒྱུད་སྨོན་ལམ་ཐེངས་བཞི་བཅུ་པའི་མར་མེ་སྨོན་ལམ་གྱི་མཛད་རིམ་བཞིན་དུ་སྒྲོགས་སྦྱང་གནང་། མཛད་རིམ་དང་པོར་བཀའ་བརྒྱུད་སྨོན་ལམ་གྱི་དབུ་མཛད་རྣམས་ནས་ལེགས་སྦྱར་སྐད་དུ་སྐྱབས་འགྲོ་དང་བསྔོ་སྨོན་གསུང་།
མཛད་རིམ་གཉིས་པ་ཁྲ་འགུ་བཛྲ་བིདྱ་གཙུག་ལག་སློབ་གཉེར་ཁང་གི་བཙུན་པ་རྣམས་དང་སྒྲུབ་སྡེ་དཔལ་མོ་ཆོས་ཀྱི་ལྡིང་ཁང་གི་བཙུན་མ་རྣམས་ནས་དཀོན་མཆོག་གསུམ་གྱི་གདངས་དབྱངས་གྱེར་འདོན་གནང་།
མཛད་རིམ་གསུམ་པ་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་དབུ་མཛད་རྣམས་ནས་སྤྱན་རས་གཟིགས་ཀྱི་སྒོམ་བཟླས་འགྲོ་དོན་མཁའ་ཁྱབ་མ་གསུང་།
མཛད་རིམ་བཞི་པ་ཁྲ་འགུ་བཛྲ་བིདྱ་གཙུག་ལག་སློབ་གཉེར་ཁང་གི་བཙུན་པ་རྣམས་དང་སྒྲུབ་སྡེ་དཔལ་མོ་ཆོས་ཀྱི་ལྡིང་ཁང་གི་བཙུན་མ་རྣམས་ནས་༧དཔལ་༧རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གིས་མཛད་པའི་གསང་གསུམ་ཐུགས་རྗེ་མ་དབྱངས་སུ་གྱེར་འདོན་གནང་།
མཛད་རིམ་མཐའ་མ་མར་མེ་སྨོན་ལམ་དངོས་གཞི་རྒྱལ་དབང་མཆོག་གི་གསུང་དང་རྗེས་སུ་བཟློས་པའི་སྒོ་ནས་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་བཞི་བཅུ་པ་ཐོག་མཐའ་བར་གསུམ་དུ་མཇུག་ལེགས་པར་གྲུབ་པའི་རྣམ་དཀར་དགེ་ཚོགས་ཆེན་པོས་མཐར་བརྒྱན་ནས་མཇུག་བསྡུའོ། །
སླར་སྨོན་དོན་དུ།
རྟེན་འབྱུང་བརྟན་གཡོའི་བཅུད་ཀྱི་སྙིང་ཁུར་དྭངས་མ་བསྟན་འགྲོའི་གཙུག་རྒྱན་ཀུན་གྱི་རྗེ།།
མ་བསྒྲིགས་ལས་སྨོན་རྟེན་འབྲེལ་བཟང་པོས་མཚམས་སྦྱར་ལྡན་པའི་གངས་ཅན་བསྟན་འགྲོའི་སྲོག།
གསང་གསུམ་ཆོས་ཉིད་ཟློས་གར་ཆེན་མོས་བསྟན་དང་འགྲོ་བའི་རྒུད་པའི་གཡང་ལས་སྐྱོབས།།
འགྱུར་མེད་རྟག་བརྟན་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་ཕྱོགས་ཀུན་ཁྱབ་པའི་བཀྲ་ཤིས་ཤོག།
རྒྱལ་ཀུན་སྙིང་རྗེའི་རང་གཟུགས་ཀརྨ་པ། །
རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་ཀརྨ་པ། །
རྒྱལ་ཀུན་གདུང་འཚོབ་དབང་འགྱུར་ཀརྨ་པ། །
ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་ཞབས་བརྟན་གསོལ། །
སྤྱི་ལོ་ ༢༠༢༦ ཟླ་བ་ ༡ ཚེས་ ༣ ཉིན་ལ་གུས་ཉི་མ་དོན་འགྲུབ་ནས་བྲིས་པར་དགེའོ།
































