དེ་རིང་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༢༧ ཉིན། བསྐལ་བཟང་གིི་སངས་རྒྱས་སྟོང་རྩ་གཉིས་མངོན་པར་རྫོགས་པར་འཚང་རྒྱ་བའི་གནས་མཆོག་རྡོར་གདན་བྱང་ཆུབ་མཆོད་རྟེན་ཆེན་མོའི་ཉེ་འགྲམ་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཆོས་རར་ལོ་ལྟར་བཞིན་ད་ལན་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༤༠ པ་དེ་དབུ་ཚུགས་ཡོད། དེ་ཡང་སྔ་དྲོ་ཆུ་ཚོད་ ༦ པའི་ཐོག་སྨོན་ལམ་ཆེན་པོའི་ཆོས་རྭ་ཆེན་མོར་ཚོགས་བཅར་བ་དད་ལྡན་སེར་སྐྱ་མི་དམངས་ཀུན་འདུསའཛོམས་གྲུབ་རྗེས་ཟུར་མང་སྙན་བརྒྱུད་ཀྱི་མངའ་བདག་༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་མཆོག་ནས་ཐེག་པ་ཆེན་པོ་གསོ་སྦྱོང་གི་སྡོམ་པ་སྩལ། དེ་ནས་སྨོན་ལམ་གྱི་ཞལ་འདོན་དབུ་འཛུགས་གནང་ཞིང་། སྔ་དྲོ་ཕྱག་ཚོད་ ༨ པའི་ཐོག་བཀའ་བརྒྱུད་སྨོན་ལམ་ཚོགས་པས་གོ་སྒྲིག་བྱས་ཏེ་༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་མཆོག་དང་སྨོན་ལམ་གྱི་ལས་སྣེ་འགའ་ཞིག་བཅས་རྡོར་གདན་བྱང་ཆུབ་མཆོད་རྟེན་རིན་པོ་ཆེའི་ནང་སྟོན་པ་ཐུབ་པའི་དབང་པོའི་སྐུ་ལ་ན་བཟའ་རིན་པོ་ཆེ་དང་ལྷུང་བཟེད་འགེངས་པར་ཕུལ།
སྤྱིར་བཀའ་བརྒྱུད་སྨོན་ལམ་ཆེན་མོ་འདིའི་དམིགས་ཡུལ་ནི། རྒྱ་ཆེ་བའི་དད་ལྡན་ཀུན་གྱིས་མཁྱེན་གསལ་བཞིན། ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ་དེ་ཉིད་འཇིག་རྟེན་གྱི་ཁྱོན་ཀུན་ཁྱབ་པ་དང་། དེའི་མཐུས་འཛམ་གླིང་གོ་ལ་ཟླུམ་བུ་འདིས་མཚོན་པའི་འཇིག་རྟེན་གྱི་ཁམས་ཀུན་ཞི་བདེ་རྫོགས་ལྡན་གྱི་དཔལ་ལ་ལོངས་སུ་སྤྱོད་པའི་ཆེད་དུ་ཡིན། སྙན་གྲགས་དང་གཟི་བརྗིད་ཆེ་བའི་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་འདི་ཉིད་ནི། ཐོག་མར་ཕྱི་ལོ་ ༡༩༨༣ ལོར་༧སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་སྐུ་གོང་མ་དང་༧སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་སྐུ་གོང་མ་རྣམ་གཉིས་ཀྱི་རྨད་བྱུང་གི་ཐུགས་བསྐྱེད་བླ་ན་མེད་པ་ལ་བརྟེན་ནས་བྱུང་། ཕྱི་ལོ་ ༢༠༠༤ ནས་བཟུང་རང་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་དཔལ་༧རྒྱལ་དབང་༧ཀརྨ་པ་བཅུ་བདུན་པ་མཆོག་གིས་ཐུགས་རྗེའི་གཟིགས་པ་ཆེན་པོས་སྨོན་ལམ་གྱི་ཐུགས་འགན་ཡོངས་རྫོགས་བདག་གིར་བཞེས་ཏེ། སྨོན་ལམ་ཆེན་མོ་འདིའི་འཛིན་སྐྱོང་དང་དགེ་འདུན་པ་རྣམས་ཀྱི་སྒྲིག་གཞི་དང་སྤྱོད་ལམ་དང་ཞལ་འདོན་གྱི་རིམ་པ་སོགས་ཕྱི་ནང་ཀུན་ལ་ཐུགས་རྗེ་གཟིགས་པ་ཆེན་པོས་ཆོས་མཐུན་གྱིས་འགྱུར་བ་ལེགས་པར་བཏང་བའི་བཀའ་དྲིན་བསྐྱངས། དེ་ལ་བརྟེན་ནས་ད་ལྟའི་ཆར་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཞེས་གྲགས་པ་དོན་ལྡན་འདི་ཉིད་དད་ལྡན་སྐྱེ་བོ་རྣམས་ཀྱིས་ཐོས་ཙམ་གྱིས་རྒྱུད་ལ་ཐར་པའི་ས་བོན་བསྐྲུན་ནུས་པ། ཆོས་བརྒྱུད་གཞན་རྣམས་ཀྱིས་མཇལ་ན་མིག་དཔེར་འོས་པ། བཀའ་བརྒྱུད་གོང་མ་རྣམས་ཀྱི་མཛད་པ་དང་མཐུན་པ། སྟོན་པས་བསྟན་སྟོན་གཉིས་ཀར་བསྔགས་པའི་དམ་ཆོས་འདུལ་བ་དང་མཐུན་པ་བཅས་ཤིན་ཏུ་གྲ་རྒྱས་ལ་ཕུན་སུམ་ཚོགས་པ་གཟུར་གནས་མཁས་དབང་སོགས་སྐྱེ་བ་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་ཡུལ་གཅིག་པུར་གྱུར་ཡོད།
དེ་དག་ལས་སྨོན་ལམ་ཞལ་འདོན་གྱི་རིམ་པའི་སྐོར་ལ་མཚོན་ན་༧རྒྱལ་མཆོག་ཡིད་བཞིན་ནོར་བུ་མཆོག་གི་བླ་མེད་ཀྱི་དགོངས་བཞེས་ཟབ་མོ་ལ་བརྟེན་ནས་བོད་ཀྱི་ཆོས་བརྒྱུད་བྱེ་བྲག་པ་གཅིག་གི་ཞལ་འདོན་ཙམ་མིན་པར། སྟོན་པ་སངས་རྒྱས་ཀྱི་བཀའ་དང་སྒྲུབ་བརྒྱུད་གོང་མ་རྣམས་ཀྱི་གསུང་ཟབ་མོ་གཙོ་བོར་བྱས་ཤིང་རིས་སུ་མ་ཆད་པའི་སྐྱེས་ཆེན་དམ་པ་དག་གི་བྱིན་ཆེན་གསུང་རྣམས་བཞུགས་ཤིང་། ཞལ་འདོན་རྣམས་བོད་ཡིག་མི་མཁྱེན་པའི་རྒྱ་ཆེ་བའི་འཛམ་གླིང་མི་རིགས་གཞན་རྣམས་ཀྱང་ལྷན་དུ་མཉམ་ཞུགས་བྱས་ནས་ཞལ་འདོན་བྱེད་ཐུབ་པའི་ཆ་རྐྱེན་དུ་དམིགས་ཏེ་ཨིན་སྐད་དང་རྒྱ་སྐད་གཙོས་པའི་སྐད་རིགས་མི་འདྲ་བ་བཅུ་ཕྲག་འགའ་ཤས་སུ་འགྱུར་ཡོད། ཞལ་འདོན་གསུང་ཚེ་ཡང་དད་ལྡན་སྐྱེ་བོ་ཀུན་ཡིད་འཕྲོག་པའི་གདངས་དབྱངས་གསར་བཏོད་ཀྱི་རིམ་པ་མང་དུ་མཛད་དེ། རྒྱ་ཆེའི་དད་ལྡན་རྣམས་ཀྱིས་བཀའ་བརྒྱུད་སྨོན་ལམ་གྱི་གདངས་དབྱངས་ཅེས་དམིགས་བསལ་གྱིས་བསྟོད་བསྔགས་བྱ་ཡུལ་དུ་གྱུར། དེ་བཞིན་སྨོན་ལམ་ཆེན་མོར་ཆེད་ཕེབས་ཀྱི་རྒྱ་བལ་འབྲུག་གི་ཀཾ་ཚང་བཀའ་བརྒྱུད་པའི་དགེ་འདུན་པ་རྣམས་ལས་བསྙེན་རྫོགས་སྡོམ་པ་བཞེས་པའི་དགེ་སློང་རྣམས་སྨོན་ལམ་གྱི་རིང་ཆོས་གོས་རྣམ་གསུམ་གདིང་བ་དང་བཅས་པ་བསྣམས་ཤིང་། དགུང་ཚིགས་ལྷུང་བཟེད་ཀྱི་ནང་དུ་བཞེས་པ་སོགས་དམ་ཆོས་འདུལ་བ་གཞིར་བཟུང་གིས་སྤྱོད་ལམ་གནང་བ་ན། དད་ལྡན་ཀུན་གྱི་མིག་ལམ་དུ་སྟོན་པ་བཅོམ་ལྡན་འདས་དངོས་སུ་བཞུགས་པའི་དུས་སྐབས་བཞིན་གྱུར་ཏེ་ཕྱོགས་མཐའི་དད་ལྡན་ཀུན་གྱིས་བསྟོད་བསྔགས་ཀྱི་མེ་ཏོག་རབ་ཏུ་འཐོར། མདོར་ན་༧རྒྱལ་མཆོག་ཡིད་བཞིན་ནོར་བུའི་བླ་མེད་ཀྱི་ཐུགས་བསྐྱེད་ཉག་གཅིག་ལ་བརྟེན་ནས་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་འདི་ཉིད་དད་ལྡན་དང་བ་འདྲེན་པའི་མཛེས་རྒྱན། འབྱོར་ལྡན་བསོད་ནམས་གསོག་པའི་ཞིང་མཆོག་དམ་པར་དངོས་སུ་གྱུར།
ད་ལན་བཀའ་བརྒྱུད་སྨོན་ལམ་ཐེངས་ ༤༠ པའི་སྐབས་སུ། སྨོན་ལམ་གྱི་སྔོན་འགྲོའི་གསུང་ཆོས་སུ་༧སྐྱབས་མགོན་༧རྒྱལ་བའི་རྒྱལ་ཚབ་དྲུང་གོ་ཤྲི་ཆེན་པོ་མཆོག་ནས་༧རྒྱལ་དབང་ཡིད་བཞིན་ནོར་བུའི་བཀའ་དགོངས་བཞིན་སྤྱོད་རྒྱུད་རྣམ་སྣང་མངོན་བྱང་གི་དབང་ཡོངས་སུ་རྫོགས་པ་སྩལ་བའི་བཀའ་དྲིན་བསྐྱངས། སྨོན་ལམ་གྱི་དངོས་གཞིར་༧རྒྱལ་མཆོག་ཡིད་བཞིན་ནོར་བུ་མཆོག་སྐུ་དངོས་ཕེབས་མ་ཐུབ་པར་བརྟེན་སྨོན་ལམ་གྱི་ཚོགས་པས་གསོལ་བ་བཏབ་པ་བཞིན། སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་སྐྱབས་མགོན་༧རྒྱལ་བའི་རྒྱལ་ཚབ་དྲུང་གོ་ཤྲི་མཆོག་བཞུགས་ཤིང་། གཞན་༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་དབུས་པའི་མཆོག་གི་སྤྲུལ་པའི་སྐུ་དུ་མ་དང་། རྒྱ་བལ་འབྲུག་གསུམ་གྱི་བཀའ་བརྒྱུད་དགོན་སྡེ་ལྔ་བཅུ་ལྷག་ཙམ་གྱི་གྲྭ་བཙུན་སྟོང་ཕྲག་དུ་མ་ཕེབས་ཡོད། དེ་བཞིན་རི་བོ་ཧི་མཱ་ལ་ཡི་མི་རིགས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་དུ་མ་ནས་དད་ལྡན་མི་དམངས་དུ་མ་མཉམ་ཞུགས་མཛད་དེ་སྨོན་ལམ་ཆེན་མོ་འདི་ཆེས་བྱིན་རླབས་དང་གཟི་བརྗིད་ཀྱི་ངང་ནས་འཚོག་བཞིན་པ་ལགས།
སྨོན་ལམ་དངོས་གཞི་ཉིན་བཞིའི་རིང་ལ་སྔ་དྲོའི་ཐུན་གཅིག་༧རྒྱལ་མཆོག་ཡིད་བཞིན་ནོར་བུ་མཆོག་ནས་དྲྭ་རྒྱ་བརྒྱུད་དེ་འདུས་པ་ཡོངས་ལ་དཔལ་ལྡན་དུས་གསུམ་མཁྱེན་པའི་ཚོགས་ཆོས་ཀྱི་གསུང་ཆོས་ཟབ་མོའི་བཀའ་དྲིན་བླ་ན་མེད་པ་སྐྱོང་བཞིན་མཆིས་སོ། ། ཉིན་དེའི་གནས་ཚུལ་སྙིང་བསྡུས་གངས་ལ་ཉི་ཤར་ནས།
༧དཔལ་རྒྱལ་དབང་ཀརྨ་པ་མཆོག་ནས་ལོ་འདིའི་སྨོན་ལམ་ཉིན་དང་པོར་བསྩལ་བའི་གསུང་ཆོས།
"དེ་རིང་འདིར་བཀའ་བརྒྱུད་སྨོན་ལམ་ཐེངས་བཞི་བཅུ་པའི་སྐབས་འདིར་ཚོགས་མགོན་དུ་ཕེབས་པའི་༧རྒྱལ་བའི་རྒྱལ་ཚབ་དྲུང་གོ་ཤྲི་ཆེེན་པོ་མཆོག་གཙོ་བོར་གྱུར་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་དང་། མཁན་སློབ་དགེ་བའི་བཤེས་གཉེན། དེ་ཀ་ནང་བཞིན་བཙུན་པ་དང་བཙུན་མ། ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་མི་དམངས་དང་བཅས་པ་ཚང་མ་ལ་བཀྲ་ཤིས་པའི་འཚམས་འདྲི་ཞུ་ཡ་ཡིན།
ད་ལོ་སྨོན་ལམ་གྱི་སྐབས་འདི་ལ་གསུང་ཆོས་བརྗོད་གཞི་དེ་གང་འདྲ་ཞིག་བྱེད་དགོས་ཞེས་བསམ་བློ་བཏང་ཡོང་དུས་ཙ་ནས་ཆོས་རྗེ་དུས་གསུམ་མཁྱེན་པའི་ཚོགས་ཆོས་ཞིག་བཤད་ཐུབ་པ་ཡིན་ན་ཡག་པོ་ཡོང་ས་རེད་བསམ་བསམ་འདྲ་བོ་བྱུང་སོང་། རྒྱུ་མཚན་གང་རེད་ལབ་པ་ཡིན་ན། གཅིག་ནས་ད་ལོ་གནས་མཆོག་རྡོ་རྗེ་གདན་ལ་བཀའ་བརྒྱུད་སྨོན་ལམ་གྱི་སྔོན་འགྲོའི་གསུང་ཆོས་དང་སྟབས་བསྟུན་ཏེ་དཔལ་ལྡན་དུས་གསུམ་མཁྱེན་པ་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་བརྒྱད་བརྒྱ་སུམ་ཅུ་སོ་གཉིས་འཁོར་བའི་དུས་ཆེན་ཁྱད་པར་ཅན་སྲུང་བརྩི་ཞུ་ཐུབ་པ་བྱུང་བ་ཡིན་པ་རེད། དེ་འདྲ་ཡིན་དུས་དེ་དང་སྟབས་བསྟུན་བྱས་ད་རེས་སྨོན་ལམ་གྱི་དངོས་གཞིའི་སྐབས་ལ་ཡ་དཔལ་ལྡན་དུས་གསུམ་མཁྱེན་པ་དང་འབྲེལ་བ་ཡོད་བསྡད་པའི་ཆོས་ཤིག་བཤད་ན་འཚམས་པོ་དང་། ད་དེ་ཡང་སྨོན་ལམ་གྱི་སྐབས་ལ་སྤྱིར་བཏང་གི་དད་ལྡན་མི་དམངས་མང་པོ་འཛོམས་པའི་དུས་ཡིན་དུས་ཙ་ནས། དེ་ཚོ་ལ་གཞུང་ཆེན་པོ་ལྟ་བུ་དང་། ཡང་ན་དེང་དུས་ཀྱི་མཁས་པ་ཚོ་ཡིས་ཞིབ་འཇུག་བྱས་པའི་བརྗོད་བྱ་འདྲ་མིན་འདྲ་བཤད་བསྡད་པ་ལས། ལས་དང་པོ་པ་ལ་སེམས་ལ་ཕན་པའི་ཆོས་བཤད་རྒྱུ་དེ་གལ་ཆེ་བ་ཞིག་དང་། གལ་ཆེ་བ་ཞིག་ཆགས་བསྡད་པ་ཡིན་དུས་ཙ་ནས། དེ་འདྲ་བའི་ཁྱད་ཆོས་ཡོད་པ་ཞིག་བཤད་པ་ཡིན་ན་ཡག་པོ་ཡོང་ས་བསམ་བསམ་འདྲ་བོ་བྱུང་སོང་། ཡང་ཕྱོགས་གཅིག་ནས་བཤད་པ་ཡིན་ན་བཀའ་བརྒྱུད་གོང་མ་རྣམས་ལ་ཚོགས་ཆོས་ཟེར་བ་ཞིག་ཆོས་གསུངས་སྟངས་དམིགས་བསལ་ཞིག་ཡོད་རེད། དེ་ཡང་གཙོ་བོ་མི་དམངས་དཀྱུས་མ་ལ་གསུང་ཡ་གནད་བསྡུས་ལ་གོ་བདེ་བ། སེམས་ལ་ཕན་པ་དེ་འདྲ་ཞིག་བཤད་ཡ་ཡོད་རེད། དཔེར་ན། རྗེ་སྒམ་པོ་པ་ལ་ཚོགས་ཆོས་ཆེན་མོ་ཟེར་ཡ་འདྲ་བོ་དང་། ཚོགས་ཆོས་ལེགས་མཛེས་མ་ཟེར་ཡ་འདྲ་བོ་དང་། ཚོགས་ཆོས་ཡོན་ཏན་ཕུན་ཚོགས་ཟེར་ཡ་འདྲ་བོ་ཚོགས་ཆོས་མང་པོ་ཡོད་པ་རེད། དེ་བཞིན་དུ་བདེ་གཤེགས་ཕག་མོ་གྲུ་པ་དང་། སྐྱོབས་པ་འཇིག་རྟེན་གསུམ་མགོན་དང་། དུས་གསུམ་མཁྱེན་པ་ལ་སོགས་བཀའ་བརྒྱུད་གོང་མ་རྣམས་ལ་ཚོགས་ཆོས་མང་པོ་ཡོད་རེད། དེ་བཞིན་དཔལ་ལྡན་དུས་གསུམ་མཁྱེན་པའི་གསུང་འབུམ་པོ་ཏི་གཅིག་ཙམ་ཡོད་རེད། སྤྱིར་བཏང་བཀའ་འབུམ་གྲངས་ཀའི་ཆ་ནས་བྱེད་ན་གྲངས་མང་པོ་ཆགས་ཀྱི་ཡོད་མ་རེད། ཡིན་ནའང་ཁོང་གི་གསུམ་འབུམ་ནང་ལོགས་ལ་ཚོགས་ཆོས་ཁ་ཤས་ཡོང་བསྡད་ཀྱི་འདུག །ང་ཚོས་ཚོགས་ཆོས་དེ་ཚོ་མཇལ་བ་ཡིན་ན་བཀའ་བརྒྱུད་གོང་མ་རྣམས་ཀྱི་བཀའ་མདོ་རྒྱུད་ཀྱི་དགོངས་པའི་སྙིང་པོ་ག་རེ་ཡིན་པ་ལོན་མཁན་འདྲ་ཞིག་དང་། གསུང་གང་འདྲ་ཞིག་འབྱོན་པ་ཡིན་ནའང་སྒྲུབ་པ་ཉམས་ལེན་མཐར་ཕྱིན་པ་ཡིན་དུས་ཉམས་རྟོགས་ལས་འཁྲུངས་བསྡད་པ་གཅིག་དང་། བྱིན་རླབས་ཀྱི་ཚན་ཁ་མི་འདྲ་བ་ཞིག་ཡོང་གི་ཡོད་པ་དེ་ཕལ་ཆེར་གསལ་པོ་ཞིག་ཆགས་བསྡད་ཡོད། ད་ཡིན་ནའང་དུས་ཕྱིས་སུ་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་གསུང་ཆོས་ཚོགས་ཆོས་གནང་ཡ་དེ་ཉམས་སོང་བ་འདྲ་བོ་ཞིག་འདུག །དུས་ཕྱིས་བྱུང་བའི་བཀའ་བརྒྱུད་བླ་མ་དེ་ཚོ་ཡི་བཀའ་འབུམ་མཇལ་བ་ཡིན་ན་ཚོགས་ཆོས་ཟེར་བ་དེ་འདྲ་ཞིག་གོ་རྒྱུ་དང་མཇལ་རྒྱུ་དེ་ཙམ་མེད་པ་འདྲ་བོ་འདུག །དེ་ཡིས་དད་ལྡན་མང་ཚོགས་ལ་ཆོས་ངོ་སྤྲོད་གནང་སྟངས་དམིགས་བསལ་ཞིག་ཡོད་པ་དེ་མེད་པ་ཆགས་ནས་གྱོང་རྒུད་ཆེན་པོ་ཞེ་བོ་ཞིག་ཆགས་ཡོད་པ་དྲན་གྱི་འདུག དེ་འདྲ་ཡིན་དུས་ད་རེས་གོ་སྐབས་འདི་དང་བསྟུན་བྱས་ནས་ཆོས་རྗེ་དུས་གསུམ་མཁྱེན་པའི་ཚོགས་ཆོས་ཞིག་ངོ་སྤྲོད་ཞིག་ཞུས་པ་ཡིན་ན་ཡག་པོ་མིན་འགྲོ་བསམ་སོང་།
དེ་ཡང་རྗེ་དུས་གསུམ་མཁྱེན་པ་ཡིས། ཆོས་ཉམས་སུ་ལེན་པ་ལ་ཆོས་དྲུག་ཚང་དགོས་ཡ་ཡི་ཚོགས་ཆོས་ཞིག་ཡོད་རེད། དེ་བཤད་ན་བསམ་པ་དྲན་སོང་། བྱས་ཙང་དེ་ཡང་ཚོགས་ཆོས་ནང་ལོགས་ལ་ཚིག་ག་རེ་ཡོད་ཟེར་ན། "བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། སློབ་དཔོན་རིན་པོ་ཆེའི་ཞལ་ནས།" ཞེས་དང་པོ་དེ་ཚིག་དེ་འདྲ་ཞིག་ཡོད་རེད། དེ་ག་རེད་ཟེར་ན། སྐབས་འདི་ལ་སློབ་དཔོན་རིན་པོ་ཆེ་གསུང་ཡ་དེ་དཔལ་ལྡན་དུས་གསུམ་མཁྱེན་པ་རང་ལ་གོ་རྒྱུ་ཡིན་པ་འདྲ་བོ་ཞིག་ཕལ་ཆེར་དེ་འདྲ་ཞིག་མཇལ་གྱི་འདུག ། ཚང་མས་མཁྱེན་གསལ་ལྟར།
དཔལ་ལྡན་དུས་གསུམ་མཁྱེན་པ་ཞུ་ཡ་ཁོང་ནི་ཀརྨ་བཀའ་བརྒྱུད་ཟེར་ཡ་ཡི་བརྒྱུད་པ་དེ་ཐོག་མར་སྲོལ་བཏོད་མཁན་དང་། ཞྭ་ནག་ཅོད་པན་འཛིན་པའི་སྐུ་རབས་དང་པོའམ། ཀརྨ་པ་སྐུ་ཕྲེང་དང་པོ་དེ་ཆགས་ཡོད། དེ་ལ་མི་བསྐྱོད་རྡོ་རྗེ་ཡིས། སངས་རྒྱས་སྤྲུལ་སྐུ་དཔལ་ལྡན་སྒམ་པོ་པ། ། དེ་དང་དབྱེར་མེད་སློབ་དཔོན་སྒོམ་པའི་ཞབས། ། གསང་བའི་བདག་པོ་རྗེ་བཙུན་རས་ཆུང་པ། ། བདེ་ཆེན་རོལ་པ་ལྕམ་མོ་གསེར་གླིང་ཞབས། །རྒྱ་དང་བྱ་ར་པ་ཚབ་ཤ་ར་བ། །གསང་ནག་པ་དང་རྒ་ལོ་བེ་རོ་བ། ། ཨ་སེང་ལ་སོགས་གྲུབ་ཆེན་བརྒྱ་རྩ་བསྟེན། །གསུངས་པ་ལྟར། ཆོས་རྗེ་དུས་གསུམ་མཁྱེན་པ་དགུང་ལོ་ཆུང་ཆུང་སྐབས་ལ་དབུས་གཙང་ཁམས་གསུམ་དུ་སྐད་གྲགས་ཆེ་བའི་མཚན་ཉིད་ཀྱི་སློབ་དཔོན་སྟོད་ལུང་རྒྱ་དམར་བ་དང་། ཕྱྭ་པ་ཆོས་ཀྱི་སེང་གེ པ་ཚབ་ཉི་མ་གྲགས་པ་ལ་སོགས་པའི་སྐུ་མདུན་ནས་མདོ་ཕྱོགས་ཀྱི་གསན་བཞེས་ཡོངས་སུ་རྫོགས་པ་གནང་། དེ་ནས་དགེ་བའི་བཤེས་གཉེན་ཆེན་པོ་ཤ་ར་བ་དང་། ཤ་ར་བ་ཕྱི་མར་གྲགས་པའི་རྣལ་འབྱོར་བ་ཤེས་རབ་རྒྱ་མཚོའི་སྐུ་མདུན་ནས་བཀའ་གདམས་མན་ངག་དེ་ཚོ་ལོ་དྲུག་ཏུ་ཉམས་བཞེས་གནང་། དཔལ་ཆེན་རྒ་ལོ་དང་ས་སྐྱ་པའི་གྲུབ་ཐོབ་ཁམས་པ་ཨ་སེང་ལ་སོགས་པའི་སྐུ་མདུན་སྔགས་ཕྱོགས་ཀྱི་དབང་བརྒྱུད་པ་མན་ངག་ལ་སོགས་པ་མཐའ་ཆོད་པ་མཛད། ཕྱིས་སུ་དྭགས་ལྷ་སྒམ་པོ་ལ་བྱོན་ནས་དང་པོ་རྗེ་སྒོམ་ཚུལ་གྱི་ཞལ་མཇལ། རྗེ་སྒོམ་ཚུལ་ཞལ་མཇལ་བའི་སྐབས་ཤིག་ལ་རྗེ་སྒོམ་ཚུལ་དེ་སྒྲོལ་མ་དཀར་མོ་ཡིན་པ་གཅིག་ལ་གཟིགས་སྣང་བྱུང་། ཚ་བོ་ལ་ཡོན་ཏན་དེ་འདྲ་ཡོད་པ་ཡིན་ན་བླ་མ་ལ་ཡོན་ཏན་ཡོད་པ་ལྟ་ཅི་སྨོས་སྙམ་ནས། རྗེ་སྒམ་པོ་པ་ཁུ་དབོན་ལ་རང་གི་རྩ་བའི་བླ་མ་ལ་ཡུན་རིང་དུ་བསྟེན། སྐབས་དེ་དུས་ཙ་ནས་དྭགས་ལྷ་སྒམ་པོ་ལ་རྗེ་དུས་གསུམ་མཁྱེན་པ་དང་། འབའ་རོམ་པ་དང་། ཡ་ཟི་སྔོན་མོ་དང་། ཟིམ་ཞི་རྒྱལ་བ་བཞི་ལ་སྒོམ་ཆེན་བཟང་བའི་ཚད་བཙུགས་ས་འདྲ་བོ་ཆགས་པ་རེད་ཟེར་བའི་ལོ་རྒྱུས་དེ་འདྲ་ཡང་བྱུང་ཡིན་པ་རེད། སྤྱིར་བཏང་དཔལ་ལྡན་དུས་གསུམ་མཁྱེན་པ་ཡིས་རྗེ་སྒམ་པོ་པ་དང་། རས་ཆུང་པ་དང་། གླིང་ཀ་བ་དང་། འབྲི་སྒོམ་རས་པ་དང་། ལྕམ་ལྷན་ཅིག་སྐྱེས་པའི་སྒྲོན་མེ་དང་། རྩེ་མོ་ནམ་མཁའ་གསལ་སྒྲོན་དང་། དགེ་ཚུལ་སྤུན་གཉིས་ལ་སོགས་པ་རྗེ་བཙུན་མི་ལའི་དངོས་སློབ་བདུན་ཙམ་གྱི་དྲུང་ནས་གདམས་ངག་ཚང་བར་ནོད་པ་རེད། དེ་ལྟ་བུ་ཞིག་རྗེ་དུས་གསུམ་མཁྱེན་པ་མ་གཏོགས་པ་གཞན་དྭགས་པོ་བཀའ་བརྒྱུད་ཀྱི་བླ་མ་གཞན་དག་ལ་མ་བྱུང་བ་ལྟ་བུ་ཡོང་བསྡད་ཀྱི་འདུག །རྗེ་དུས་གསུམ་མཁྱེན་པ་དབུས་གཙང་ལ་ཐེངས་གཉིས་ཕེབས་པ་རེད། ཐེངས་དང་པོ་གཅིག་པུ་ལའང་ལོ་ངོ་བཅུ་ཕྲག་ལྷག་ཙམ་ལ་ཐོས་བསམ་གནང་། ལོ་བཅུ་གཉིས་ལྷག་ཙམ་སྒྲུབ་པ་མཛད། ཁོང་གི་རྣམ་པར་ཐར་པ་ལ་མཇལ་བ་ཡིན་ན། ནམ་རྒྱུན་ང་ཚོའི་མངོན་པ་མཛོད་ཀྱི་ནང་ལ། ཚུལ་གནས་ཐོས་དང་བསམ་ལྡན་པ། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པ་བཞིན། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་སྒོ་ནས་ཉམས་ལེན་གང་འདྲ་གནང་ཡོད་པ་དེའི་ཁྱད་ཆོས་གསལ་པོ་ཞིག་མཇལ་ཡ་ཡོད་པ་དེ་འདྲ་ཞིག་རེད། དེ་ག་ནང་བཞིན་རྗེ་སྒམ་པོ་པས་རྗེ་དུུས་གསུམ་མཁྱེན་པ་ལ་ཁྱོད་རང་སྒྲུབ་པ་ཁམས་ཀྱི་ཀམ་པོ་གངས་ར་ལ་གྱིས། འགྲོ་དོན་དབུས་གཙང་ཁམས་གསུམ་ཁྱབ་པ་ཡོང་། ཞེས་ལུང་བསྟན་པ་ནང་བཞིན། ཁོང་སྒྲུབ་པ་དངོས་གཞི་གནང་ས་དང་ལྷག་པར་དུ་ཆོས་ཉིད་ཀྱི་དོན་རྟོགས་ས་འདྲ་བོ་དེ་ཀམ་པོ་གནས་ནང་རེད་འདུག །ཕྱིས་སུ་ཁམས་ལ་ཕེབས་ནས་ཀམ་པོ་གནས་ནང་དང་། ཀམ་པོ་རི་གླིང་དང་། དོལ་སྤང་ཕུག་དང་། ཏྲེ་ཀམ་ཁྱིམ་ལ་སོགས་པ་དགོན་པ་མང་པོ་ཕྱག་བཏབ་ཏེ་དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་པ་ཁམས་སུ་སྤེལ་མཁན་ཐོག་མའི་གྲས་སུ་ཆགས་བསྡད་ཡོད། དེ་བཞིན་རྗེ་དུས་གསུམ་མཁྱེན་པ་ལ་ཞལ་སློབ་ཀྱང་འགྲན་ཟླ་དང་བྲལ་བ་མང་པོ་བྱུང་ཡོད་པ་རེད། དེ་ཡང་རྗེ་མི་བསྐྱོད་རྗེ་ཡིས་གང་གསུངས་ཡོད་རེད་ཅེ་ན། རྒྱལ་བ་སེང་གེ་སྒྲ་ཡི་དུས་གསུམ་མཁྱེན། །དེ་སྲས་འགྲོ་མགོན་སངས་རྒྱས་རས་ཆེན་དང་། གཡུ་བྲག་པ་དང་གཙང་པ་ཀོ་བྲག་པ། །ཏི་ཤྲི་རས་པ་འབྲི་སྟག་རྣམ་གཉིས་དང་། །སྣ་ཕུག་པ་དང་གཙང་པ་རྒྱ་རས་དང་། །དམ་པ་དེ་བཞིན་སངས་རྒྱས་ཡལ་པ་དང་། །སངས་རྒྱས་བྱམས་པ་ལྷོ་པ་ཐམས་ཅད་མཁྱེན། །རྩོད་མེད་གྲུབ་ཐོབ་ཁྱོད་ཀྱི་སློབ་མར་གྱུར། །ཅེས་གསུངས་པ་ལྟར། དྭགས་པོ་བཀའ་བརྒྱུད་ཀྱི་བརྒྱུད་འཛིན་པ་གསེར་རི་དང་འདྲ་བ་དེ་དག་ཐམས་ཅད་ཀྱིས་ཀྱང་རྗེ་དུས་གསུམ་མཁྱེན་པ་ལ་གུས་བཀུར་དང་ཆེ་མཐོང་ཆེན་པོ་གནང་ཡོད། དེ་ལ་སོགས་པའི་སྐུ་ཆེ་བའི་ཡོན་ཏན་མང་པོ་ཞིག་ཡོད། དེ་རིང་འདིར་ཞུ་མ་དགོས་པ་བྱས།
འདི་ནས་མར་མུ་མཐུད་དེ་ཚོགས་ཆོས་དེ་ཞུ་ཡ་ཡིན།
"བླ་ན་མེད་པའི་སངས་རྒྱས་ཚེ་གཅིག་ལུས་གཅིག་གིས་ཐོབ་པར་འདོད་པ་ལ་ཆོས་དྲུག་དང་ལྡན་པ་ཞིག་དགོས་གསུངས། དད་དང་ཤེས་རབ་སྙིང་རྗེ་དང་། །བླ་མ་མཇལ་དང་ཆོས་ཞུས་པ། །དེ་དོན་བསྒྲུབ་ལ་འབད་པའོ། །"
ཞེས་ཆོས་དྲུག་པོ་དེ་བསྟན་གནང་ཡིན་པ་རེད། དེ་ཡང་ཆོས་རྗེ་དུས་གསུམ་མཁྱེན་པས་ག་རེ་གསུངས་པ་རེད་ཅེ་ན། བླ་ན་མེད་པའི་གོ་འཕང་འཐོབ་ཡ་ལ་མཐུན་རྐྱེན་ནམ་ཆ་རྐྱེན་ཆོས་དྲུག་ཚང་དགོས་རེད་གསུངས་པ་རེད། དེ་ཡང་སྔོན་གྱི་དམ་པ་རྣམས་ཀྱི་གསུང་རྒྱུན་ལ། གཞན་དབང་ཐམས་ཅད་སྡུག་བསྔལ་དང་། རང་དབང་ཐམས་ཅད་བདེ་བ་ཡིན། །ཞེས་པའི་གསུང་སྒྲོས་ཤིག་ཡོད་པ་རེད། དེ་འདྲ་ཡིན་དུས་བདེ་བ་ཟེར་བ་དེ་གང་འདྲ་ཞིག་ལ་ལབ་ཀྱི་ཡོད། སྡུག་བསྔལ་ཟེར་བ་དེ་གང་འདྲ་ཞིག་ལ་ལབ་ཀྱི་ཡོད་ཅེས། སྟབས་བདེ་བོ་བྱས་ནས་བཤད་ན། བདེ་བ་ཟེར་བ་དེ་རང་གི་ལུས་སེམས་ལ་རང་དབང་ཡོད་པ་དེ་ལ་བདེ་བ་ཟེར་བ་རེད། སྡུག་བསྔལ་ཟེར་ཡ་དེ་རང་གི་ལུས་སེམས་ལ་རང་དབང་མེད་པར་རྐྱེན་གཞན་གྱིས་དབང་དུ་འགྱུར་བསྡད་པ་ཞིག་ལ་སྡུག་བསྔལ་ཟེར་གྱི་ཡོད། ད་ལྟ་ང་རང་ཚོ་ལ་བདེ་བ་ཡོད་རེད་བས་ཟེར་ནས་སྐད་ཆ་དྲིས་པ་ཡིན་ན། གནས་སྐབས་བདེ་བ་ཅུང་ཟད་ཅུང་ཟད་ཡོད་རེད་དེ། ཡིན་ནའང་རྐྱེན་གྱིས་དབང་གིས་འགྱུར་ཆོག་ཆོག་འདྲ་བོ་ཞིག་དང་། ཞོགས་པ་བདེ་བ་ཡིན་ནའང་དགོང་མོ་བདེ་བ་མེད་པ། ད་ལྟ་བདེ་བ་ཡོད་པ་ཡིན་ནའང་ཆུ་ཚོད་ཁ་ཤས་སམ་སྐར་མ་ཁ་ཤས་རྗེས་བདེ་བ་མེད་པ་འགྱུར་ཆོག་ཆོག་འདྲ་བོ་ཞིག་ཆགས་བསྡད་ཡོད། དེ་འདྲ་ཡིན་དུས་ཙ་ནས་ང་རང་ཚོ་ལ་རང་དབང་གཙང་མ་ཞིག་མེད་པ་གསལ་པོ་རེད། རང་དབང་གཙང་མ་ཞིག་མེད་པ་ཡིན་དུས་ཙ་ནས་ང་རང་ཚོ་ལ་བདེ་བ་ཕུན་སུམ་ཚོགས་པ་ཞིག་དང་ཡང་དག་པ་ཞིག་མེད་པ་གསལ་པོ་ཆགས་ཀྱི་ཡོད་རེད། ཇི་སྲིད་འཁོར་བ་ལ་གནས་ཕྱིན་ཆད་ལས་དང་ཉོན་མོངས་པའི་གཞན་དབང་དུ་འགྱུར་བ་ཞིག་ཆགས་ཀྱི་ཡོད་པ་ཡིན་དུས་བདེ་འགྲོ་ལྷ་དང་མིའི་ལུས་རྟེན་ལྟ་བུ་ཐོབ་པ་ཡིན་ནའང་། དེ་དག་ཐམས་ཅད་ཀྱང་གནས་སྐབས་ཀྱི་བདེ་བ་རེད་མ་གཏོགས་པའི་གཏན་གྱི་བདེ་བ་ཡག་ཤོས་དེ་ཆགས་ཀྱི་ཡོད་མ་རེད། གཏན་གྱི་བདེ་བ་ཡག་ཤོས་དེ་གང་འདྲ་བྱས་ནས་འཐོབ་ཀྱི་ཡོད་རེད་ཅེ་ན། ལས་ཉོན་གྱི་གཞན་དབང་ལས་ནམ་ཐར་བ་ཡིན་ནའང་བདེ་བ་ངོ་མ་དེ་དུས་ཐོབ་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་ཙ་ནས་གཏན་གྱི་བདེ་བ་དེ་ལ་ནམ་རྒྱུན་ང་ཚོས་ནང་པའི་ཆོས་སྐད་ལ་ཐར་པ་ཟེར་གྱི་ཡོད། ཐར་པ་ལབ་དགོས་ཡ་དེ་ལས་ཉོན་གྱི་གཞན་དབང་ལས་ཐར་བ་ཡིན་པའི་ཆ་ནས་ཐར་པ་ཟེར་གྱི་ཡོད། ད་ཡིན་ནའང་རང་ཉིད་ཐར་པ་ཐོབ་ཙམ་གྱིས་འགྲིག་གི་ཡོད་རེད་བས་ཟེར་ན། དེ་ཙམ་གྱིས་ཀྱང་འགྲིག་གི་ཡོད་མ་རེད། དཔེར་ན། དེ་རིང་ཁ་སང་ཀ་རི་སི་མྰས་ (Christmas) བཏང་ཡ་ཡི་དུས་ཚོད་རེད། ཕྱི་ལུགས་ལོ་གསར་ཚེས་རོགས་ཡོད་རེད། དེ་འདྲའི་སྐབས་ལ་ང་ཚོ་སོ་སོའི་ནང་ལ་ནང་མི་སྤུན་མཆེད་དང་གྲོགས་པོ་གྲོགས་མོ་མང་པོ་ཞིག་སྐད་བཏང་ནས་མཉམ་དུ་ཁ་ལག་ཟ། དགའ་དགའ་སྤྲོ་སྤྲོ་བྱེད་ཡ་ཡི་ལུགས་སྲོལ་ཞིག་ཡོད་པ་རེད། དགའ་དགའ་སྤྲོ་སྤྲོ་བྱེད་སྡོད་པའི་གནས་སྐབས་ལ་སྟབས་མ་ལེགས་པ་ཞིག་ལ་གློ་བུར་དུ་མེ་ཤོར་བ་ཡིན་པ་ཡིན་ན། དེ་དུས་ནང་མི་སྤུན་མཆེད་དང་གྲོགས་པོ་གྲོགས་མོ་ཚང་མ་ཤི་དང་གསོན་ནའང་ཁྱད་པར་མེད་བསམས་ནས་སོ་སོའི་སྲོག་མགོ་གང་འཐོན་བྱས་ནས་བྲོས་ཕྱིན་པ་ཡིན་ན་འགྲིག་གི་རེད་བས་ཞེས་ལབ་པ་ཡིན་ན། དེ་འགྲིག་གི་མ་རེད། དཔེ་དེ་བཞིན་དུ་རང་ཉིད་ཐར་པ་ཐོབ་པ་ཙམ་གྱིས་མི་ཕན་པར་སེམས་ཅན་གཞན་མང་པོ་ཞིག་ལས་ཉོན་གྱིས་མནར་ཟེར་ནའང་འདྲ་འདུག །ལས་ཉོན་གྱི་གཞན་དབང་དུ་འགྱུར་ནས་སྡུག་བསྔལ་མང་པོ་མྱོང་སྡོད་ཀྱི་ཡོད་རེད། དེ་ཚོའི་སྡུག་གྲོགས་བྱས། དེ་ཚོའི་སྐྱོ་གྲོགས་བྱས། དེ་དག་ཐམས་ཅད་འཁོར་བ་ལས་འདོན་ཡ་ཡི་ཆེད་དུ་མུ་མཐུད་ནས་འབད་བརྩོན་བྱེད་དགོས་ཡ་ཞིག་ཆགས་ཀྱི་ཡོད་རེད། དེ་ལ་བྱང་ཆུབ་སེམས་ཀྱི་སྤྱོད་པ་ལབ་ཀྱི་ཡོད་རེད། ང་རང་ཚོ་སངས་རྒྱས་གོ་འཕང་བསྒྲུབ་ཡ་དེ་ཡང་གཙོ་བོ་གནད་འགག་དེ་ག་པར་ཐུག་བསྡད་ཀྱི་ཡོད་རེད་ཟེར་ན། སངས་རྒྱས་གོ་འཕང་ཐོབ་པ་ཡིན་ན་མཐའ་ཡས་པའི་སེམས་ཅན་གྱི་དོན་བྱེད་ཐུབ་ཀྱི་ཡོད་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་སྒྲུབ་དགོས་ཡ་དེ་ལ་ཐུག་བསྡད་ཡོད་རེད།
དེ་འདྲ་བའི་སངས་རྒྱས་གོ་འཕང་ཐོབ་པར་བྱེད་པ་ལ་ཆ་རྐྱེན་ནམ་མཐུན་རྐྱེན་ག་རེེ་ཚང་དགོས་ཀྱི་ཡོད་རེད་ཟེར་ན། ཆ་རྐྱེན་ནམ་མཐུན་རྐྱེན་དྲུག་ཚང་དགོས། དྲུག་དེ་ག་རེ་རེད་ལབ་པ་ཡིན་ན། དང་པོ་དེ་དད་པ་ཆགས་ཀྱི་ཡོད་རེད། གཉིས་པ་ཤེས་རབ་ཆགས་ཀྱི་ཡོད། གསུམ་པ་སྙིང་རྗེ་བྱས། བཞི་པ་བླ་མ་དམ་པ་མཇལ་བ། ལྔ་པ་དེའི་དྲུང་ནས་ཆོས་ཞུ་རྒྱུ། དྲུག་པ་དེ་ཆོས་ཞུས་ནས་ཉམས་སུ་བླངས་ཡ་དྲུག་པོ་དེ་ཆགས་ཀྱི་ཡོད། ཆོས་དྲུག་ལས་དང་པོ་དད་པ་ཆགས་བསྡད་ཀྱི་ཡོད། དད་པ་དེ་ལ་ཚོགས་ཆོས་ནང་ལ་ག་རེ་གསུང་ཡོད་རེད་ཅེ་ན།
"དེ་ལས་དང་པོར་དད་པ་གལ་ཆེ་སྟེ། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་མི་འབྱུང་བཞིན། །ཞེས་པ་ལ་སོགས་པ་དད་པ་མེད་པའི་ཉེས་དམིགས་མང་པོ་བཤད། །དད་པའི་ཕན་ཡོན་བསླབ་པ་ཀུན་ལས་བཏུས་ནས། དད་པའི་རྩ་བ་བརྟན་བྱས་ནས། །བྱང་ཆུབ་ལ་ནི་བློ་བརྟན་བྱ། །ཞེས་པས། ཡོན་ཏན་གྱི་ཆོས་ཐམས་ཅད་ཀྱི་ཡང་རྩ་བར་བཤད། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པ་ཡིས་མཐོང་བ་ མེད། །ཅེས་གསུངས་པས། དོན་དམ་པའི་གནས་ལུགས་སྐྱེ་བ་མེད་པའི་དོན་ཡང་དད་པ་ཁྱད་པར་ཅན་དང་ལྡན་པ་ཁོ་ནས་རྟོགས་པ་ཡིན་གསུང་། དེས་ན་མདོ་སྡེ་སྡོང་པོ་བཀོད་པ་ནས་ཀྱང་། དད་པ་གཏེར་དང་ནོར་དང་རྐང་པ་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །དད་པས་བྱང་ཆུབ་ཤིང་ནི་རྣམ་པར་འཕེལ། ། ཞེས་པ་ལ་སོགས་པ་ཕ་གི་ན་མར་མང་པོ་ཡང་དག་པ་བཤད།"
ཚོགས་ཆོས་ནང་ལ་དེ་འདྲ་གསུང་འདུག །ཆོས་དྲུག་ཡོད་པའི་ནང་ནས་དང་པོ་ག་རེ་གལ་ཆེ་ཞེ་ན། དང་པོ་དད་པ་དེ་གལ་ཆེ་གསུངས་པ་རེད། སྤྱིར་བཏང་ང་ཚོའི་བསམ་བློའི་ནང་ལ་ཆོས་དྲུག་ལས་གང་དེ་གལ་ཆེ་ཡི་རེད་ཅེ་ན། དང་པོ་བླ་མ་བསྟེན་ཡ་དེ་གལ་ཆེ་ས་རེད་བསམ་བསམ་འདྲ་བོ་ཞིག་བློ་ལ་འཁོར་སྲིད་ས་རེད། ཐོག་མར་གལ་ཆེ་ཤོས་དེ་དད་པ་རེད། ཐོག་མར་གལ་ཆེ་ཤོས་དེ་བླ་མ་བསྟེན་ཡ་དེ་ཚོ་མ་ཡིན་པ་དད་པ་རེད་ཅེས་གསུང་ཡ་དེ་ལ་རྒྱུ་མཚན་མང་པོ་ཞེ་བོ་ཞིག་ཡོད་རེད། གང་ཡིན་ཟེར་བ་ཡིན་ན་དང་པོ་བླ་མ་དང་ཆོས་ལ་དད་པ་མེད་པ་ཡིན་ན་བླ་མ་བསྟེན་ཡ་དང་ཆོས་ཞུ་ཡ་ཁོ་རང་ཡོང་གི་མ་རེད། ཆོས་ཁོ་རང་ཞུ་ཡི་མ་རེད། བླ་མ་ཁོ་རང་བསྟེན་གྱི་མ་རེད། གལ་སྲིད་བླ་མ་བསྟེན་ནས་ཆོས་འདྲ་ཞུ་ཁུལ་བྱེད་པ་ཡིན་པ་ཡིན་ནའང་དད་པ་སྐྱེས་མ་ཐུབ་པ་ཡིན་ན་བློ་ཆོས་སུ་འགྲོ་ཐུབ་ཀྱི་མ་རེད། བློ་ཆོས་སུ་འགྲོ་མ་ཐུབ་པ་ཡིན་ན་ཐོས་བསམ་སྒོམ་གསུམ་བྱེད་ནའང་འདྲ། འཆད་རྩོད་རྩོམ་གསུམ་བྱེད་ནའང་འདྲ། གང་ལྟར་གང་བྱེད་ཀྱང་ཆོས་ལྟར་སྣང་དུ་སོང་ནས་ཆོས་རྣམ་དག་ཡོང་གི་མ་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གང་གསུངས་པ་རེད་ཅེ་ན། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་འབྱུང་སྟེ། །ས་བོན་མེ་ཡིས་འཚིག་པ་ལྟར། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་དད་པ་མེད་ན་དཀར་པོ་དགེ་བའི་ལས་གང་ཡང་འབྱུང་གི་མ་རེད་ཅེས་གསུངས་ཡོད་རེད། དེ་ཡིས་དད་པ་མེད་པའི་ཉེས་དམིགས་དེ་བསྟན་པ་རེད། དད་པ་བྱས་པའི་ཕན་ཡོན་དེ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་བསླབ་པ་ཀུན་བཏུས་ཀྱི་ལུང་དྲངས་གནང་བྱས། དད་པའི་རྩ་བ་བརྟན་བྱས་ནས། །བྱང་ཆུབ་ལ་ནི་བློ་བརྟན་བྱ། །ཞེས་གསུངས་འདུག །དཀོན་མཆོག་གསུམ་ལ་དད་པ་བརྟན་པོ་ཞིག་སྐྱེས་པ་ཡིན་ན། དེའི་རྗེས་ལ་ཐར་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་བློ་བརྟན་པོ་ཞིག་སྐྱེས་ཐུབ་ཀྱི་རེད་གསུངས་འདུག །དེ་ཡང་རྗེ་སྒམ་པོ་པ་ཡིས་ཚོགས་ཆོས་བཀྲ་ཤིས་ཕུན་ཚོགས་ཀྱི་ནང་ལ་ག་རེ་གསུང་ཡོད་རེད་ཅེ་ན། ཆོས་ཐམས་ཅད་ཀྱི་གཞིའམ་རྩ་བ་དེ་དད་པ་ཡིན། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དད་པ་སྐྱེས། དེ་ཡིས་གསུངས་པའི་ཆོས་ལ་དད་པ་སྐྱེས། དེ་སྒྲུབ་པའི་དགེ་འདུན་ལ་དད་པ་སྐྱེས། དེ་འདྲ་བའི་དད་པ་སྐྱེས་ན་དུས་རྟག་ཏུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཡི་རེད་གསུངས་འདུག། །བྱས་ཙང་དེ་ཡིས་ག་རེ་གསུང་གི་ཡོད་རེད་ཅེ་ན། ང་ཚོའི་སེམས་རྒྱུད་ལ་ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད། །གསུངས་པ་ནང་བཞིན། ནང་པ་ཡིན་མིན་གྱི་ས་མཚམས་འདྲ་བོ་དེ་སྐྱབས་འགྲོ་ཡོད་མེད་ཅིག་ཆགས་བསྡད་ཡོད། སྐྱབས་འགྲོ་རྣལ་མ་ཞིག་རྒྱུད་ལ་སྐྱེ་བ་ལ་དད་པ་ཟེར་བ་དེ་ཡོད་ན་དེས་ཆོག་པ་དང་མེད་ན་ཐབས་ཆགས་པ་ཆགས་བསྡད་ཡོད། དེའི་རྗེས་ལ། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཞེས་གསུངས་འདུག །དེའི་དོན་གང་རེད་ཅེས་ལབ་པ་ཡིན་ན། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པ་ཡིས་མཐོང་བ་མེད། །ཅེས་རྒྱུད་བླ་མའི་ལུང་རེད་བ། ལུང་དེ་དྲངས་ནས་དོན་དམ་པའི་གནས་ལུགས་སྐྱེ་བ་མེད་པའི་དོན་དེའང་དད་པ་ཁྱད་པར་ལྡན་པ་ཁོ་ནས་རྟོགས་ཀྱི་རེད་གསུངས་ཡོད། དེ་ཡང་དཔེ་ཆ་བཞག་པ་ཡིན་ན། སངས་རྒྱས་ཀྱིས་བདེན་པ་བཞིའི་ཆོས་གསུངས་ཡོད་རེད། སངས་རྒྱས་ཀྱིས་བདེན་པ་བཞིའི་ཆོས་གསུངས་པ་དེ་དངོས་གནས་བདེན་པ་རེད་ཅེས་བསམ་བསམ་འདྲ་བོ་ཞིག་གི་ཡིད་ཆེས་ཡོད་པ་ཡིན་ན། ད་ལྟ་དངོས་སུ་ང་རང་ཚོས་བདེན་པ་བཞིའི་དོན་རྟོགས་མ་ཐུབ་པ་ཡིན་ནའང་ག་དུས་ཡིན་ནའང་། དོན་དེ་སེམས་ལ་བཞག་ནས་དེ་ལ་ཡིད་ཆེས་ཡོད་པ་ཡིན་དུས་དོན་དེ་བསམ་བློ་གཏོང་གི་རེད། བསམ་བློ་བཏང་ནས་ཉི་མ་ཞིག་ལ་རྐྱེན་བཟང་པོ་ཞིག་དང་འཕྲད་པ་ཡིན་ན་བདེན་པ་བཞིའི་དོན་རྟོགས་ཐུབ་པ་ཡོང་གི་རེད། དད་པ་མེད་པ་ཡིན་ན་ཡིད་ཆེས་ཡོད་མ་རེད། ཡིད་ཆེས་མེད་པ་ཡིན་ན་དེ་ལ་བསམ་བློ་ཁོ་རང་གཏོང་གི་མ་རེད། དེ་འདྲ་ཡིན་དུས་ཕྱི་རོལ་མུ་སྟེགས་ཀྱི་སྟོན་པ་དེ་ཚོས་བདེན་པ་བཞི་ལ་དད་པ་མེད་པ་བྱས། ཡིད་ཆེས་མེད་པ་བྱས། རྣ་མཆོག་ལ་གོ་ནའང་བདེན་པ་བཞི་ལ་ཕལ་ཆེར་ངེས་ཤེས་སྐྱེ་མི་སྲིད་པ་འདྲ་བོ་ཆགས་བསྡད་ཀྱི་ཡོད་རེད། དེ་ཡང་གནད་འགག་གཙོ་བོ་གང་ལ་ཐུག་བསྡད་ཡོད་རེད་ཟེར་ན། དད་པ་མེད་པ་ལ་ཐུག་བསྡད་ཡོད།
བོད་ལ་རྒད་པོོ་རྒན་མོ་ཡི་གེ་མི་ཤེས་མཁན་དེ་འདྲ་མང་པོ་ཡོད་རེད། ཤེས་ཡོན་ཆ་ནས་བཤད་པ་ཡིན་ན་ཕྱི་རོལ་མུ་སྟེགས་པའི་པཎ་ཌི་ཏ་དེ་ཚོ་དོ་ཐུབ་ཀྱི་མ་རེད། དད་པ་ཡོད་པ་ལ་བརྟེན་བྱས་ནས་ཉི་མ་གཅིག་ལ་སྟོང་པ་ཉིད་ཀྱི་དོན་ཡིན་ནའང་འདྲ། ཕྱག་རྒྱ་ཆེན་པོའི་དོན་ཡིན་ནའང་འདྲ། རྫོགས་པ་ཆེན་པོའི་དོན་ཡིན་ནའང་འདྲ། དེ་ཚོ་ལ་གོ་བ་ཟབ་མོ་སྐྱེས་ཐུབ་པ། དེའི་དོན་རྟོགས་ཐུབ་པ་དེ་འདྲ་ཡོང་བསྡད་ཀྱི་ཡོད་རེད། དེ་ཚོ་ཚང་མ་དད་པ་ཡོད་པའི་བཀའ་དྲིན་ལ་བརྟེན་ནས་ཡོང་བ་རེད། ལྷག་པར་དུ་ཟབ་མོ་སྟོང་པ་ཉིད་ཀྱི་དོན་དང་། དེ་བཞིན་ཕྱག་རྒྱ་ཆེན་པོ་དང་། རྫོགས་པ་ཆེན་པོ་ལ་སོགས་པ་དེ་དག་ཐམས་ཅད་ཀྱི་དོན་དེ་ང་རང་ཚོ་སོ་སོ་སྐྱེ་བོ་ཡིས་བསམ་བརྗོད་ལས་འདས་པ། སོ་སོ་སྐྱེ་བོའི་བློ་ཡུལ་དུ་བྱེད་ཐུབ་ཡ་དཀའ་ལས་ཁག་པོ་འདི་ཚོ་ད་ལྟ་ང་རང་ཚོ་ལ་གོ་བ་རགས་པ་ཙམ་ལེན་རྒྱུ་ཡང་དཀའ་ལས་འདུག །དངོས་སུ་རྟོགས་རྒྱུ་ཕར་ཟད་ཚུར་ཟད་རེད། ད་ཡིན་ནའང་ང་ཚོས་སེམས་གཏིང་ནས་སངས་རྒྱས་གསུངས་དེ་བདེན་པ་རེད་ཅེས་བསམ་བསམ་འདྲ་བོ་གཅིག་དང་། སངས་རྒྱས་བྱང་སེམས་རྩ་རྒྱུད་བླ་མ་རྣམས་ཀྱིས་དེ་དག་གིས་དོན་ཇི་བཞིན་རྟོགས་པ་ནང་བཞིན་ང་ཚོས་རྟོགས་པར་ཤོག་བསམ་བསམ་འདྲ་བོ་ཞིག་བྱས་ནས་སྨོན་ལམ་བཏབ། དེ་འདྲ་བྱས་པ་ཡིན་ན་ཉིན་མ་གཅིག་ལ་ང་ཚོས་རྟོགས་ཐུབ་པ་ཡོང་གི་རེད། ལྷག་པར་དུ་རྗེ་སྒམ་པོ་པའི་ལུགས་ཀྱི་མདོ་ལུགས་ཕྱག་རྒྱ་ཆེན་པོ་ལྟ་བུ་གཅིག་ཡིན་པ་ཡིན་ན། དེ་ལ་དབང་བསྐུར་ཡ་དང། ལྷ་སྒོམ་ཡ་དང་། རྩ་རླུང་ཐིག་ལེ་སྦྱོང་ཡ་ལ་སོགས་པ་དེ་འདྲ་དམིགས་བསལ་མེད་པ་རེད། གཙོ་བོ་བླ་མའི་བྱིན་རླབས་ཀྱི་སྟོབས་ཁོ་ན་ལ་བརྟེན་ནས་སྐྱེས་ཀྱི་ཡོད་གསུངས་འདུག །བླ་མའི་བྱིན་རླབས་དེའང་གཙོ་བོ་དེ་དད་པ་དང་མོས་གུས་ལ་རག་ལས་པ་ཞིག་ཡིན་པ་གསུངས་ཡོད་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་དད་པ་ཟེར་བ་དེ་གལ་ཆེན་པོ་ཞེ་བོ་ཞིག་ཆགས་ཀྱི་ཡོད། སྤྱིར་བཏང་གི་བཀའ་བསྟན་བཅོས་ཀྱི་ནང་ལོགས་ལ་དད་པ་མེད་པའི་སྐྱོན་དང་། དད་པ་ཡོད་པའི་ཕན་ཡོན་མང་པོ་ཞིག་གསུངས་ཡོད། དེ་ཚོ་མང་པོ་ཞིག་ང་ཚོས་གོ་མྱོང་བ་དང་། ཐོས་མྱོང་བ་རྐྱང་རྐྱང་ཞིག་ཡིན་དུས། ཡང་བསྐྱར་ཞིག་དེ་ལ་བཤད་བསྡད་པ་ཡིན་ན་དམིགས་བསལ་ཚོར་བ་ཡོང་ཡ་མི་འདུག།
དེ་འདྲ་ཡིན་དུས་གཤམ་ལ་ཡང་ང་རང་ཚོའི་དངོས་ཡོད་ཀྱི་མི་ཚེའི་ནང་ལ་དད་པ་ཡིད་ཆེས་ཡོད་པ་ཡིན་ན་ཕན་ཐོགས་གང་འདྲ་འབྱུང་གི་ཡོད་པ་དེ་ཚོའི་དཔེ་མཚོན་ཁ་ཤས་ཞིག་ཞུ་ན། དང་པོ་གང་རེད་ཟེར་ན། ཡིད་ཆེས་སམ་དད་པ་ཡོད་པ་ཡིན་ན་ངེས་གཏན་མེད་པའི་གནས་སྟངས་ལ་གདོང་ལེན་བྱེད་ནས་སེམས་ལ་ཞི་བདེ་ཡོང་ཡ་ལ་ཕན་ཐོགས་ཡོད་རེད། ད་དེའི་དོན་ག་རེ་ཟེར་ན། ང་རང་ཚོའི་མི་ཚེའི་ནང་ལོགས་ཚོད་འཛིན་བྱེད་ཐབས་མེད་པ་ཟེར་ནའང་འདྲ་འདུག། རང་དབང་མི་ཐུབ་པའི་གནས་ཚུལ་མང་པོ་ཞིག་འདུག། དཔེར་ན། ནད་དང་ན་ཚ་འཕོག་ཡ་འདྲ་བོ་དང་། ལས་ཀ་ཤོར་ཡ་འདྲ་བོ་དང་། དགའ་རོགས་དང་ཁ་བྲལ་ཡ་འདྲ་བོ་དང་། ནང་མི་དང་འབྲེལ་ཐག་ཆོད་ཡ་འདྲ་བོ་འདི་འདྲའི་གནས་ཚུལ་ཐབས་སྡུག་པོ་སོ་སོ་ཡིས་ཚོད་འཛིན་མི་ཐུབ་པ་རང་དབང་མེད་པའི་གནས་ཚུལ་མང་པོ་ཞིག་ཡོང་གི་རེད། དེ་དུས་ཙ་ནས་རང་ཉིད་ཀྱི་གནས་ཚད་ལས་འདས་པའི་གནས་ཚུལ་ཞིག་ལ་ཡིད་ཆེས་བྱེད་ཡ་འདྲ་བོ། གང་ལྟར་དད་པ་ཡིད་ཆེས་ཤིག་ཡོད་པ་ཡིན་ན། དེ་ཡིས་རང་གི་སེམས་ཁམས་ལ་ཞི་ལྷོད་གཏོང་ཡ་ཡི་ནུས་པ་ཞིག་བྱིན་ཐུབ་ཀྱི་ཡོད། དཔེར་ན། མི་ཞིག་ལ་དཀོན་མཆོག་གསུམ་ལ་ཡིད་ཆེས་ཡོད་པ། མཐའ་ན་ཡུལ་ལྷ་གཞི་བདག་འདྲ་བོ་ཞིག་ལ་ཡིད་ཆེས་ཡོད་པ་ཡིན་ནའང་འགྲིག་གི་ཡོད་རེད། གང་ལྟར་མི་དེ་ཡིས་འཛམ་བུ་གླིང་འདི་ཡིས་མ་ཚད་པ་འཇིག་རྟེན་གྱི་ཁམས་ཆེན་པོ་འདིའི་ནང་ལོགས་ལ་ཆེས་མཐར་ཐུག་པའི་སྒྲིག་འཛུགས་སམ་འགྲོ་སྟངས་ཤིག་ཡོད་པ་ཞིག་དང་། དེ་བཞིན་དོན་སྙིང་ཆེན་པོ་ལྡན་པ་ཞིག་ཟེར་དགོས་མ་རེད་དམ། སྤྱིར་བཏང་ནམ་རྒྱུན་ཐ་མལ་པ་འཇིག་རྟེན་པའི་བསམ་བློ་གཏོང་སྟངས་ཙམ་མ་ཡིན་པ། དེ་ལས་ལྷག་པའི་ཆེས་མཐར་ཐུག་པའི་སྒྲིག་འཛུགས་སམ་འགྲོ་སྟངས་ཞིག་དང་། སྤྱིར་བཏང་ང་ཚོའི་བསམ་བློ་གཏོང་སྟངས་ལས་ལྷག་པའི་དོན་སྙིང་ཆེན་པོ་བསྒྲུབ་ཡ་ཡོད་པ་ཞིག་ཡིད་ཆེས་ཡོད་པ་ཡིན་ན། ད་དེ་འདྲ་བའི་དད་པ་དང་ཡིད་ཆེས་དེ་ཡིས་སོ་སོ་རང་དབང་མི་འདུ་བའི་སྡུག་བསྔལ་དང་། དེ་བཞིན་སོ་སོ་ལ་དྲང་བདེན་མ་ཡིན་པའི་དཀའ་ངལ་བྱུང་བའམ། འཆི་བའི་སྡུག་བསྔལ་བྱུང་བའི་སྐབས་ལ་སོ་སོའི་སེམས་ལ་སྡུག་བསྔལ་ཉུང་དུ་གཏོང་རྒྱུ་དང་། སེམས་ལ་རེ་ས་ལྟོས་ས་ཡོད་པའི་ཚོར་བ་ཞིག་ཐོབ་ཀྱི་ཡོད།
སྤྱིར་བཏང་དེང་སང་བོད་རིགས་སྤུན་ཟླ་ཁ་ཤས་ཀྱི་བསམ་བློའི་ནང་ལ་དད་པ་ཡིད་ཆེས་བྱེད་ཟེར་ཡ་དེ་ཀླད་རྙིང་བག་ཁུམས་རྣམ་པ་ཞིག་ཡིན་པ་མཐོང་བསྡད་ཀྱི་ཡོད། དད་པ་ཟེར་བ་དེ་ཆོ་ཡོད་མ་རེད། དད་པ་ཟེར་བ་དེ་ཀླད་རྙིང་བག་ཁུམས་བསྡད་པ་འདི་འདྲ་ཞིག་ལ་བཤད་མཁན་ཡོང་བསྡད་ཀྱི་འདུག །ཕྱོགས་ཁ་ཤས་ནས་བཤད་ན་དེ་འདྲ་སྣང་ཚུལ་ཡོང་བསྡད་པ་དེ་བདེན་པ་རེད། ཡིན་ནའང་དད་པ་དང་ཡིད་ཆེས་ཡོད་པ་ལ་བརྟེན་ནས་ང་ཚོས་ཉེན་ཁ་དང་འགྱུར་བ་ལ་གདོང་ལེན་བྱེད་ཐུབ་པའི་ནུས་པའམ་སྙིང་སྟོབས་ཞིག་སྤྲད་ཀྱི་ཡོད་པ་དེ་ཡང་ང་ཚོས་ཤེས་དགོས་པ་གལ་ཆེན་པོ་ཆགས་ཀྱི་ཡོད། དཔེ་ཆ་བཞག་ན། མི་ཞིག་གིས་གསེར་ལ་རིང་ཐང་ཡོད་པ་ཧ་གོ གསེར་གྱི་གོང་དེ་འཕར་གྱི་ཡོད་པ་ཧ་གོ །དེང་སང་གསེར་གྱི་གོང་དེ་འཕར་གྱི་ཡོད་པ་རེད། གསེར་གྱི་གོང་དེ་འཕར་གྱི་ཡོད་པ་ཡིད་ཆེས་པ་ཡིན་ན་ཁོ་ཡིས་ཐབས་ཤེས་ཅི་ཡོད་བྱས་ནས་གསེར་ཉོ་ཨེ་ཐུབ་ལྟ་ཡི་རེད། དངོས་གནས་བྱས་ན་དོན་དངོས་ཐོག་ལ་གསེར་ཟེར་བ་དེ་ལྕགས་ཀྱི་རིགས་ཤིག་རེད་མ་གཏོགས་གང་མ་རེད། ཡིན་ནའང་མི་དེ་ཡིས་གསེར་ལ་ཡོད་ཆེས་ཡོད་པ་ཡིན་ཙང་དངུལ་མང་པོ་སྤྲད་བྱས། ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བྱས་ནས་གསེར་སྒྲུབ་གྱི་རེད། དེ་དཔེ་མཚོན་གཅིག་རེད། དཔེ་གཞན་དག་ཞིག་ཆ་བཞག་ན། ཚོང་གི་ལས་ཀ་འདྲ་བོ་ཡིན་ན། ཁོ་རང་གི་མ་འོངས་པའི་ཚོང་གི་མདུན་ལམ་རེད། དེ་བཞིན་ཁོ་རང་གི་ཚོང་རོགས་དེ་ཚོ་ལ་ཡིད་ཆེས་ཡོད་པ་ཡིན་ན། མ་འོངས་པ་ལ་སྤྱི་ཡོང་གིས་གཏན་གཏན་ཞིག་ཤེས་ཀྱི་ཡོད་མ་རེད། ཡིན་ནའང་ད་དུང་མ་རྩ་བཙུགས་ནས་ཚོང་གི་ལས་ཀ་བྱེད་ཀྱི་ཡོད་རེད། དེ་ཡང་གནའ་སྔ་མོ་འདྲ་བ་ཞིག་ཡིན་ན་ཚོང་པ་མང་པོ་ཞིག་གྲུ་གཟིངས་ལ་བསྡད་ནས་མཐའ་ཡས་ཀྱི་རྒྱ་མཚོ་ནང་ལ་འགྲོ་ཡི་ཡོད་རེད། སྐབས་དེ་དུས་ཙ་ནས་ད་ལྟ་ནང་བཞིན་འཛམ་བུ་གླིང་གིི་ས་ཁྲ་ཡོད་མ་རེད། ས་ཁྲ་མེད་པ་ཡིན་དུས་མཚོ་ནང་ལ་སླེབས་དུས་ག་པར་རྒྱུག་འགྲོ་ཡི་ཡོད། གང་འདྲ་ཞིག་ལ་སླེབས་འགྲོ་ཡི་ཡོད་གཏན་གཏན་ཡོད་མ་རེད། དེ་བཞིན་གྲུ་དེ་ཚོའང་གཙོ་བོ་རླུང་གིས་ག་པར་འཁྱེར་ནའང་དེ་རེད་མ་གཏོགས། ད་ལྟ་ནང་བཞིན་ཨིན་ཇཱིན་ (Engine) དེ་འདྲ་གང་ཡོད་མ་རེད། དེ་འདྲ་ཡིན་དུས་གཙོ་བོ་རླུང་གིས་ག་པར་འཁྱེར་བ་ཡིན་ནའང་དེ་ལ་སླེབས་འགྲོ་ནས་ག་པར་སླེབས་པ་ཧ་གོ་བ་མེད་དུས་ཙ་ནས་ཧ་ཅང་ཉེན་ཁ་ཆེན་པོ་ཞེ་བོ་ཆགས་བསྡད་ཡོད། ཡིན་ནའང་ད་དུང་དཀའ་ལས་རྒྱག་ཏེ་དཀའ་ལས་ལ་མ་འཛེམ་པར་གྲུ་གཟིངས་ལ་བསྡད་ནས་ཚོང་རྒྱག་འགྲོ་ཡི་ཡོད། དེ་དང་དེ་བཞིན་མི་མང་པོ་ཞེ་བོ་ཞིག་གིས་སོ་སོའི་ལས་རིགས་དང་། སོ་སོའི་མདུན་ལམ་ལ་ཡིད་ཆེས་ཡོད་པ་ཡིན་ན་དེ་ལ་བརྟེན་ནས་སོ་སོ་ཡིས་སྔར་འགྲོ་མྱོང་མེད་པའི་ལམ་ཁ་གསར་པ་ཞིག་ལ་འགྲོ་ཕོད་ཡ་ཞིག་དང་། དེ་བཞིན་གསར་བཏོད་བྱེད་ཕོད་པ་དང་། འཚོལ་ཞིབ་བྱེད་ཕོད་པའི་སྙིང་སྟོབས་ཞིག་སྤྲད་ཀྱི་ཡོད། སྙིང་སྟོབས་དེ་གཙོ་བོ་ཞིག་ཡིད་ཆེས་ཡོད་པ་ལ་བརྟེན་ནས་བྱུང་གི་ཡོད། དེ་འདྲ་ཡིན་དུས་དད་པ་ཡིད་ཆེས་བྱེད་ཡ་འདིས་གང་ཕན་ཐོགས་ཀྱི་རེད་ཟེར་ན། ངེས་གཏན་མེད་པའི་གནས་སྟངས་ལ་གདོང་ལེན་བྱེད་པའི་སྐབས་ལ་དད་པ་ཡིད་ཆེས་ཡོད་པ་འདིས་ཡིས་སེམས་ལ་ཞི་བདེ་ཡོང་ཡ་དང་། སེམས་ལ་ལྷོད་ལྷོད་ཡོང་རྒྱུ་ལ་ཕན་ཐོགས་ཡོང་གི་ཡོད། ཕྱོགས་གཞན་ཞིག་ནས་བཤད་པ་ཡིན་ན། ང་ཚོས་ཉེན་ཁ་ལ་གདོང་ལེན་བྱེད་པའི་སྙིང་སྟོབས་ཞིག་ཀྱང་ང་རང་ཚོ་ལ་བྱིན་གྱི་ཡོད། དེ་གཅིག་རེེད།
གཉིས་པ་གང་རེད་ཟེར་ན། ལས་ཀ་དེ་གང་འདྲ་ཞིག་ཡིན་པ་ཡིན་ནའང་འགོ་བཙུགས་ཐུབ་པ་ཞིག་དང་། ལས་ཀ་དེ་བྱེད་དགོས་བསམ་བསམ་འདྲ་བོ་ཐག་ཆོད་ཐུབ་པ་ཞིག་ཡོང་གི་རེད། སྤྱིར་བཏང་མ་འོངས་པ་ལ་གང་འདྲ་ཞིག་ཡོང་གི་ཡོད། དེ་ང་ཚོས་ཤེས་ཐུབ་ཀྱི་མ་རེད། དེའི་སྒང་ལ་དངོས་པོ་ཐམས་ཅད་རང་བཞིན་གྱིས་མི་རྟག་པ་རེད། ག་དུས་ཡིན་ནའང་འགྱུར་བ་འགྲོ་བ་ཡིན་དུས་དེའི་རྒྱུ་མཚན་ལ་བརྟེན་ནས་མ་འོངས་པ་ལ་གནས་ཚུལ་གང་འདྲ་ཞིག་ཡོང་གི་ཡོད་པ་དེ་ང་རང་ཚོས་རྒྱུ་མཚན་དང་རིགས་པའི་སྒོ་ནས་གཏན་ལ་ཕབ་ཐུབ་ཡ་ཡོད་མ་རེད། རྒྱུ་མཚན་དང་རིགས་པའི་སྒོ་ནས་བརྒྱ་ཆ་བརྒྱ་ཐམ་པ་གཏན་ལ་ཕབ་ཐུབ་ཀྱི་མ་རེད། དེ་འདྲ་ཡིན་དུས་ང་ཚོས་མ་འོངས་པ་ལ་འཆར་གཞི་ཞིག་བཏིང་ནས་ལས་ཀ་ཞིག་བརྩམ་པ་ཡིན་ན་དེ་འགོ་རྩོམ་ཡ་ཡི་ཤུགས་འདྲ་བོ་དགོས་ཀྱི་རེད། འགོ་རྩོམ་རྒྱུའི་ཐག་ཆོད་ཡ་ཡི་བྷ་ཊོན (button) འདྲ་བོ་ཞིག་ནུས་པ་ཞིག་དགོས་ཀྱི་རེད་བ། ད་དེ་གང་རེད་ཟེར་ན་དད་པ་དང་ཡིད་ཆེས་དེ་ཆགས་བསྡད་ཀྱི་ཡོད་རེད། དཔེ་ཆ་བཞག་ན། མི་གཅིག་གིས་གྲོགས་པོ་གྲོགས་མོ་འཚོལ་ཡ་འདྲ་བོ། ཡང་ན་རང་གིས་སོ་སོ་ཆང་ས་རྒྱབ་སའི་མི་ཞིག་འཚོལ་དགོས་པ་ཡིན་ན། དང་པོ་སྔོན་ལ་མི་དེ་ལ་ཡིད་ཆེས་སྐྱེ་ཡ་དེ་གལ་ཆེ་ཤོས་ཆགས་བསྡད་ཀྱི་ཡོད་རེད། དེ་འདྲ་བའི་ཡིད་ཆེས་ཟེར་བ་དེ་གང་འདྲ་ཞིག་ལ་གོ་དགོས་ཀྱི་རེད་ཟེར་ན། དཔེར་ན། ཕ་རོལ་པོ་དེ་མི་དྲང་པོ་ཞིག་ཡིད་ཆེས་པ། ཡང་ན་སོ་སོ་ཡིད་གཏོད་རུང་བ་ཡི་ཡིད་ཆེས་པ། ཡང་ན་སོ་སོ་ལ་ཕན་འདོགས་མཁན་ཞིག་ཡིན་པ་ཡིད་ཆེས་པ། ཡང་ན་སོ་སོོའི་སེམས་ཁམས་མཐུན་པོ་ཞིག་ཡོང་ས་རེད་སྙམ་པའི་ཡིད་ཆེས་པ་དེ་འདྲའི་ཡིད་ཆེས་ཆགས་བསྡད་ཀྱི་ཡོད་རེེད། མདོར་བསྡུས་པ་ཡིན་ན། ང་ཚོས་མི་ཞིག་ལ་འབྲེལ་བ་བཟོ་བའི་སྐབས་ལ་གལ་ཆེ་ཤོས་དེ་དང་པོ་མི་ཕ་རོལ་པོ་ལ་ཡིད་ཆེས་སྐྱེས་དགོས་ཡ་གལ་ཆེན་པོ་ཆགས་བསྡད་ཀྱི་ཡོད། ཡིད་ཆེས་ཡོད་པ་ཡིན་ན་གཞི་ནས་འབྲེལ་བ་བྱེད་ཐུབ་པ་ཆགས་ཀྱི་ཡོད། ཡིད་ཆེས་མེད་པ་ཡིན་ན་འབྲེལ་བ་བྱེད་འདོད་ཡོང་ཡ་དཀའ་ལས་ཁག་པོ་རེད། དེ་རྒྱུ་མཚན་གཅིག་རེད།
གཉིས་པ་དེ་ང་རང་ཚོ་མི་མང་པོ་ཞིག་ཆུང་དུས་ནས་སློབ་སྦྱོང་བྱས། མཐར་སློབ་གྲྭ་ཆེན་པོའམ་ཡང་ཞིབ་འཇུག་གི་སློབ་མ་ཆགས་ཡ་ལྟ་ཡི་ཡོད་རེད། དེ་འདྲ་བྱེད་དགོས་པའི་རྒྱུ་མཚན་དེ་གང་རེད་ཅེས་ལབ་པ་ཡིན་ན། དུས་ཡུན་རིང་མོ་སློབ་སྦྱོང་ཡག་པོ་བྱས། དེ་འདྲ་འབད་བརྩོན་བྱས་པ་ཡིན་ན་མ་འོངས་པ་ལ་མི་ཚེ་བཟང་པོ་ཞིག་སྐྱེལ་ཐུབ་རྒྱུ་དང་། མི་ཚེ་ཡག་པོ་ཞིག་སྐྱེལ་ཐུབ་ཀྱི་རེད་ཅེས་བསམ་བསམ་འདྲ་བོ་ཞིག་གི་རེ་བ་ཡོོད་པའི་དབང་གིས་འབད་རྩོལ་བྱེད་སྡོད་ཀྱི་ཡོད། དེ་འདྲ་ཡིན་དུས་ཕྱོགས་གཞན་ཞིག་ནས་བཤད་ན་ང་ཚོས་དུས་ཡུན་རིང་མོ་ཞིག་ལ་སྦྱོབ་སྦྱོང་བྱས་པ་དེ་ཡིས་མ་འོངས་ལ་མདུན་ལམ་འོད་ཟེར་དང་ལྡན་པ་ཞིག་ཡོང་ཡ་ཡི་རེ་བ་དང་ཡིད་ཆེས་ཡོད་པའི་དབང་གིས་ང་ཚོས་སློབ་སྦྱོང་དང་འབད་རྩོལ་བྱེད་ཀྱི་ཡོད། དེ་འདྲ་ཡིན་དུས་དད་པ་དང་ཡིད་ཆེས་བྱེད་ཡ་དེ་ཡིས་ལས་ཀ་གསར་པ་རྩོམ་རྒྱུའི་འགོ་འཛུགས་བྱེད་ཡ་ཡི་ཐག་ཆོད་ནུས་པ་ཟེར་ནའང་འདྲ་འདུག འགོ་རྩོམ་ཐུབ་ཡ་ཡི་ཤུགས་འདྲ་བོ་དེ་དད་པ་དང་ཡིད་ཆེས་ཀྱིས་ང་ཚོ་ལ་སྤྲད་ཀྱི་ཡོད། ཡིད་ཆེས་དེ་ཡིས་འགུལ་བསྐྱོད་རྒྱག་བཅུག་གི་ཡོད། ཡིད་ཆེས་ཡོད་པ་ལ་བརྟེན་ནས་ལས་ཀ་འགོ་འཛུགས་ཐུབ་ཀྱི་ཡོད། མ་གཏོགས་པའི་ཚང་མ་ལ་རྒྱུ་མཚན་ལྡན་པའི་བསམ་བློ་གཏོང་དགོས་ན་ཏོག་ཙམ་དཀའ་ལས་ཁག་པོ་རེད། མ་འོངས་པ་ལ་གནས་ཚུལ་ག་རེ་བྱུང་ནའང་ཚང་མ་ཧ་གོ་ཐུབ་ཀྱི་མ་རེད། དེ་འདྲ་ཡིན་དུས་རྒྱུ་མཚན་དེ་ལ་བརྟེན་ནས་རྒྱུ་མཚན་དང་རིགས་པ་གཅིག་པུས་ཐོག་ནས་འགྲོ་དགོས་བསམ་ན་འགྲོ་ཐུབ་ཡ་མེད་པ་གཅིག་རེད།
རྒྱུ་མཚན་གསུམ་པ་ཞིག་ག་རེ་རེད་ཟེར་ན། སྡུག་བསྔལ་ལ་དོན་སྙིང་བྱུང་ཡ་ཡོད་པ་ཟེར་བ་དེ་རེད། སྡུག་བསྔལ་ལ་དོན་སྙིང་བྱུང་ཡ་ཡོད་རེད་ཟེར་བ་དེ་གང་རེད་ཅེ་ན། དཔེར་ན། ང་ཚོའི་མི་ཚེའི་ནང་ལོགས་ལ་སོ་སོ་ཡིས་འགྱུར་བ་གཏོང་མི་ཐུབ་པའི་སྡུུག་བསྔལ་དང་དཀའ་ངལ་མང་པོ་བྱུང་གི་རེད། ཡོད་པ་བརླག་པ་དང་། ཕམ་ཁ་བྱུང་བ་དང་། ན་ཚ་འཕོག་པ་འདྲ་བོོ་དང་། དེ་འདྲའི་གནས་ཚུལ་བྱུང་སྐབས་ལ་རིགས་པ་དང་རྒྱུ་མཚན་གྱིས་སྒོ་ནས་བསམ་བློ་གཏོང་ཐུབ་ཡ་དཀའ་ལས་ཁག་པོ་འདུག །དཔེར་ན། ང་ལ་སྡུག་པོ་འདི་འདྲ་བྱུང་དགོས་ཡ་གང་ཡིན་བསམ་བསམ་འདྲ་བོ་དང་། སྡུག་པོ་དེའང་ང་རང་གཅིག་པུ་ལ་གང་བྱས་ནས་བྱུང་གི་ཡོད་རེད་བསམ་བསམ་འདྲ་བོའི་བསམ་བློ་དེ་འདྲ་འཁོར་ཡོང་གི་འདུག །ཡིན་ནའང་དད་པ་དང་ཡིད་ཆེས་ཡོད་པ་ཡིན་ན་འགྱུར་བ་ནི་གཏོང་ཐུབ་ཀྱི་ཡོད་མ་རེད། སོ་སོས་འགྱུར་བ་གཏོང་མི་ཐུབ་པའི་སྡུག་བསྔལ་དེ་ཚོ་ལ་བསམ་བློ་གཏོང་སྟངས་དམིགས་བསལ་ཞིག་ཡོང་གི་ཡོད། དཔེར་ན། སྡུག་བསྔལ་ཡོང་ནའང་འདི་ལ་དོན་དག་དང་དོན་སྙིང་དམིགས་བསལ་ཞིག་ཡོད་བསམ་བསམ་འདྲ་བོ། འདི་ཡར་རྒྱས་ཡོང་ཡ་ཡི་སྦྱོང་བརྡར་འདྲ་བོ་དམིིགས་བསལ་རེད་བསམ་བསམ་འདྲ་བོ་ངོས་འཛིན་བྱེད་ཐུབ་པ་ཡོང་གི་ཡོད་རེད། དེ་འདྲ་ཡིན་དུས་དད་པ་དང་ཡིད་ཆེས་ཡོད་པ་ཡིན་ན་ལམ་སེང་སྡུག་བསྔལ་མེད་པ་བཟོ་ཐུབ་ཀྱི་མ་རེད། ཡིན་ནའང་དད་པ་ཡིད་ཆེས་ཡོད་པ་ལ་བརྟེན་ནས་སྡུག་བསྔལ་གྱིས་མིའི་སེམས་ཁམས་གཏོར་བཤིག་ཏུ་འགྲོ་རྒྱུ་དང་རེ་བ་བརླག་ཡ་དེ་དག་བཀག་འགོག་བྱེད་ཐུབ་ཀྱི་རེད། དཔེར་ན། བོད་མི་རྒན་རབས་མང་པོ་ཞིག་གིས་སོ་སོ་ལ་སྡུག་བསྔལ་བྱུང་བའི་སྐབས་ལ། ཁོང་ཚོས་བསམ་བློ་གང་འདྲ་གཏོང་གི་ཡོད་རེད་ཟེར་ན། འདི་ཆོས་སྒྲུབ་པའི་བར་ཆད་ཞིག་ཡིན་བསམ་བསམ་འདྲ་བོ། ཡང་ན་སོ་སོའི་ཉམས་རྟོགས་ཀྱི་དྲོད་ཚད་གང་འདྲ་ཞིག་ལ་སླེབས་ཡོད་མེད་ཀྱི་ཉམས་ཚོད་ལེན་ཡ་ཞིག་ཡིན་བསམ་བསམ་འདྲ་བོ། དེ་འདྲ་ཞིག་ལ་ངོས་འཛིན་བྱས་ནས་བར་ཆད་དེ་སེལ་ཐབས་དང་ཁ་འགྱུར་ཐབས་བྱེད་ཀྱི་རེད། དེ་ག་ནང་བཞིན་མཚམས་མཚམས་བར་ཆད་བྱུང་ཡ་དེ་ཡིས་སོ་སོ་རང་ཉིད་ཡང་དག་པའི་ལམ་ལ་ཞུགས་ཡོད་པའི་རྟགས་མཚན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། བར་ཆད་གང་གང་མེད་ན་ཕལ་ཆེར་སོ་སོ་ཡིས་ཆོས་སྒྲུབ་ཡ་ལ་འབད་རྩོལ་བྱེད་ཀྱི་མེད་པའི་རྟགས་འདྲ་བོ་ཞིག་དང་། བར་ཆད་ཡོད་པ་བརྟེན་ནས་ཆོས་སྒྲུབ་པ་ལ་འབད་རྩོལ་བྱེད་ཀྱི་ཡོད་པ་ཞིག་དང་། ཡང་དག་པའི་ལམ་ལ་ཞུགས་ཡོད་པའི་རྟགས་དང་མཚན་མ་འདྲ་བོ་ཞིག་ངོས་འཛིན་བྱེད་ཀྱི་ཡོད། དེ་ཡིས་དབང་གིས་ཁོང་ཚོ་སྔར་ལས་ཀྱང་སེམས་ཤུགས་ཆེ་རུ་འགྲོ་ཡ་དང་། བརྩོན་འགྲུས་ཆེ་རུ་འགྲོ་ཡ་གཅིག་དང་། མཚམས་མཚམས་བར་ཆད་དང་སྡུག་བསྔལ་བྱུང་བ་དེ་དག་ཐམས་ཅད་རང་གི་སྔོན་བསགས་ལས་ཀྱི་འབྲས་བུ་ཡིན་པ་ཞིག་ལ་ངོས་འཛིན་བྱས་རྗེས་རྡོ་རྗེ་སེམས་དཔའི་སྒོམ་ཟླས་འདོན་ཡ་འདྲ་བོ་དང་། མི་འཁྲུགས་པའི་གཟུངས་འདོན་ཡ་འདྲ་བོ། མདོར་ན་ཚོགས་བསགས་སྒྲིབ་སྦྱོང་ལ་འབད་བརྩོན་བྱེད་ཡ་ཡི་བསྐུལ་མ་འདྲ་བོ་འགྱུར་འགྲོ་བ་མ་གཏོགས་པས། བར་ཆད་དང་སྡུག་བསྔལ་བྱུང་བ་ལ་བརྟེན་ནས་སེམས་ཤུགས་ཆག་འགྲོ་ཡ་འདྲ་བོ་ཞིག་དང་། སེམས་དཔའ་ཞུམ་འགྲོ་བ་འདྲ་བོ་དེ་འདྲ་ཞིག་མ་ཆགས་པ་ཡོང་བསྡད་ཀྱི་ཡོད། དེའང་བསམ་བློ་གཏོང་སྟངས་ཀྱི་ཁྱད་པར་རེད་འདུག། །
ད་དཔེ་མཚོན་གཞན་དག་ཅིག་ཞུས་པ་ཡིན་ན། ཕྱི་རྒྱལ་གྱི་ཝིཀ་ཊོར་ཨི་མྰིལ་ཕྲེངཀཱལ་ (Victor Emil Frankl) ཟེར་བའི་མཁས་པ་ཞིག་ཡོད་པ་རེད། ཁོང་ཨོ་སཱི་ཊི་ཡྰ་ ( Austria) ཡི་སེམས་ནད་སྐོར་གྱི་མཁས་པ་རེད་འདུག །ཁོང་ཨོ་སྰི་ཊི་ཡྰ་ཡི་སྔོན་མ་ཧིཊ་ལྰར་ (Hitler) ཀྱི་སྐབས་སམ་ནཱ་ཛཱིའི་ (Nazi) སྐབས་ལ། ཁོང་བཙོན་པ་མང་པོ་སྡེབ་གསོད་རྒྱབ་སའི་བཙོན་ར་ཞིག་ཡོད་པ་འདྲ། དེའི་བཙོན་ར་ལས་ཐར་པའི་མི་ཞིག་ཆགས་ཀྱི་ཡོད་རེད། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ལ་རེད། བྱས་ཙང་ཁོང་བཙོན་ར་དེའི་ནང་ལ་ཁོ་རང་གི་ཕ་མ་དང་། ཁོ་རང་གི་བཟའ་ཟླ་དང་། ཁོ་རང་གི་ཉེ་འཁོར་ཕལ་ཆེ་བ་དེ་བཙོན་ར་དེའི་ནང་ལ་གྲོང་སོང་བ་རེད། ཡིན་ནའང་ཁོ་རང་དེའི་ནང་ནས་ཐར་ཐུབ་པ་བྱུང་རེད། ཁོ་རང་གི་འདོད་ཚུལ་དེ་ལ་དོན་སྙིང་གི་སྲོག་འཚོ་ཟེར་བའི་འདོད་ཚུལ་ཞིག་སྟོན་ཡོད་རེད། ཁོང་སེམས་ཁམས་རིག་པ་ལ་མཁས་པ་ཞིག་རེད་འདུག དེའི་གོ་དོན་དེ་གང་རེད་ཅེ་ན། ཁོ་རང་གིས་བྲིས་བཞག་པའི་དེབ་དོན་སྙིང་ལྡན་པའི་མི་ཚེ་སྐྱེལ་ཐབས་ཟེར་བ་དེའི་ནང་ལོགས་ལ་འགྲེལ་བརྗོད་བྱས་ཡོད་རེད། ཁོང་གིས་འགྲེལ་བརྗོད་གང་བྱས་ཡོད་རེད་ཟེར་ན། དམག་ཆེན་གཉིས་པའི་སྐབས་ལ་བཙོན་ར་ཞེད་སྣང་ཚ་བོ་དེའི་ནང་ལོགས་ལ་ཧ་ཅང་ཐབས་སྡུག་པའི་གནས་སྟངས་མང་པོ་ཞིག་བརྟག་ཞིབ་བྱེད་ཡོད་རེད། དེ་ཚོ་ལ་ཞིབ་འཇུག་བྱས་ནས་ཁོ་རང་གི་མཐའ་མ་ལ་ག་རེ་བཤད་པ་རེད་ཟེར་ན། འགྲོ་བ་མིའི་རིགས་ཀྱི་རྩ་བའི་འགུལ་ཤུགས་ཟེར་ནའང་འདྲ་འདུག །གནད་འགག་ཆེ་ཤོས་རྨང་གཞི་འདྲ་བོ་ག་རེ་འདུག་ཟེར་ན། མི་ཚེ་ལ་དོན་སྙིང་འཚོལ་ཡ་དེ་རེད་འདུག ག་རེ་རེད་ལབ་ཡིན་ན། བཙོན་རའི་ནང་ནས་མར་ལ་ཐར་ཐུབ་མཁན་དེ་མང་པོ་ཞེ་དྲག་ཡོད་མ་རེད། མང་ཆེ་བ་གྲོང་སོང་བ་རེད། ཡིན་ནའང་ཐར་ཐུབ་མཁན་ཁ་ཤས་བྱུང་ཡོད་རེད། ཐར་ཐུབ་མཁན་དེ་ཚོ་ལུས་སྟོབས་ཆེན་པོ་ཡོད་དེ་འདྲ་མ་ཡིན་པ། ལུས་སྟོབས་ཆེ་ཆུང་དབང་གིས་མ་ཡིན་པ། གཙོ་བོ་དེ་སེམས་ཀྱི་ནུས་པ་ཆེ་ཆུང་ངམ། སེམས་ཤུགས་ཆེ་ཆུང་ལ་རག་ལས་ཀྱི་འདུག།།དེ་ཡང་ཁོ་རང་གི་དེབ་དེའི་ནང་ལ་ག་རེ་བྲིས་ཡོད་རེད་ཟེར་ན། གཅིག་བསྡུས་ཀྱི་བཙོན་རའམ་སྡེབ་གསོད་རྒྱག་སའི་བཙོན་ར་དེའི་ནང་ནས་ཐར་མཁན་གྱི་མི་རྣམས་ལ་ཐུན་མོང་གི་ཁྱད་ཆོས་གཅིག་འདུག །ཁོང་ཚོ་ཚང་མ་ལ་ཐུན་མོང་གི་ཁྱད་ཆོས་གཅིག་ཡོད་རེད། དེ་ག་རེ་རེད་ཟེར་ན། ཁོང་ཚོའི་ནང་སེམས་ཀྱི་ནུས་སྟོབས་ཟེར་ནའང་འདྲ་འདུག །སེམས་ཤུགས་དེ་མ་ཆག་པ་བྱས་ནས་མུ་མཐུད་དེ་རྒྱུན་སྐྱོང་བྱེད་ཐུབ་པ་དེ་རེད་ཟེར། ཁོང་ཚོའི་སེམས་ཤུགས་དེ་མ་ཆག་པ་བྱས་ནས་རྒྱུན་སྐྱོང་བྱས་ནས་མུ་མཐུད་དེ་བསྡད་ཐུབ་ཡ་ཡི་རྒྱུ་མཚན་གང་དུ་ཐུག་ཟེར་ན། དེའི་ནང་ལ་ད་དུང་ཡིན་ནའང་དམིགས་ཡུལ་ཞིག་དང་དོན་སྙིང་གཅིག་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས། ཁོང་ཚོ་མུ་མཐུུད་དེ་སེམས་ཤུགས་མ་ཆག་པ་བྱས་ནས་གསོན་པོ་བསྡད་ཐུབ་པ་བྱུང་ཡོད་རེད་ཟེར། བྱས་ཙང་ཁོ་རང་གི་བསམ་ཚུལ་ལྟར་བྱས་པ་ཡིན་ན་མི་གཅིག་གིས་སོ་སོའི་མི་ཚེའི་ནང་ལོགས་ལ་དོན་སྙིང་ཁྱད་པར་ཅན་ཡོད་པ་ཤེས་པ་ཡིན་ན། དེ་ལྟ་བུའི་དོན་སྙིང་ཁྱད་པར་ཅན་དེ་ཡང་གང་ལ་བརྟེན་ནས་ཡོང་གི་ཡོད་རེད་ཟེར་ན། ཡང་ན་ཆོས་ལ་དད་པ་ཡོད་པ་དེ་འདྲ་ལ་བརྟེན་བྱས་ནས་ཁོ་རང་གི་དོན་སྙིང་ཁྱད་པར་ཅན་ཡོད་པ་ཤེས་ཀྱི་ཡོད། ཡང་ན་སེམས་ལ་གཏད་སོ་ཡོད་པ་ཕྱི་ལོགས་ལ་ནང་མི་འདྲ་བོ་ཡོད་པ། སོ་སོ་ལ་སེམས་དགའ་ས་འདྲ་བོ་ཡོད་པ་ཡིན་ན། དེ་དག་ཞིག་ཐུག་དགོས་ཡོད་བསམ་བསམ་འདྲ་བོའི་རེ་བ་དང་ཡིད་ཆེས་ཡོད་པ་བྱས། དེའི་རྒྱུ་མཚན་ལ་བརྟེན་ནས་སེམས་ཤུགས་མ་ཆག་པ་ཞིག་ཡོང་གི་ཡོད་རེད། དེ་འདྲ་ཡིན་དུས་དོན་སྙིང་ཁྱད་པར་ཅན་ཡོད་པ་ཤེས་པ་ཡིན་ན། མི་དེ་གནས་སྟངས་གང་འདྲ་ཞིག་གིས་འོག་ལ་འཚོ་དགོས་པ་ཡིན་ནའང་། ཁོ་ཡིས་སྡུག་བསྔལ་དཀའ་ངལ་གང་འདྲ་ཞིག་བྱུང་བ་ཡིན་ནའང་བཟོད་ཐུབ་པ་ཞིག་ཡོང་གི་རེད། དོན་སྙིང་ཡོད་པའི་འཚོ་བ་ལ་བརྟེན་ནས་གསོན་པོ་ལ་སྡོད་ཡ་ཡི་ནུས་སྟོབས་གཞན་དང་མི་འདྲ་བ་ཞིག་བྱུང་གི་ཡོད། སྤྱིར་བཏང་གིི་མི་ཞིག་ཡིན་ན་གསོན་པོ་གནས་ཐུབ་ཡ་དཀའ་ལས་ཁག་པོ་ཞིག་ཡིན་ནའང་། ཁོ་རང་ལ་སེམས་ཤུགས་ཞེ་བོ་ཞིག་ཡོད་པ་ཡིན་དུས་གསོན་པོ་གནས་ཡ་ཡི་ཐབས་ཤེས་བྱས་ནས་དཀའ་ངལ་གང་འདྲ་ཞིག་བྱུང་བ་ཡིན་ནའང་དེ་བཟོད་སྲན་བྱེད་ཐུབ་པ་ཞིག་ཡོང་གི་ཡོད་རེད། བྱས་ཙང་ཁོང་གི་སྙན་གྲགས་ཆེ་བའི་ལེགས་བཤད་གཅིག་ག་རེ་ཟེར་ན། ཅིའི་ཆེད་དུ་འཚོ་བ་ཡིན་པ་ཤེས་མཁན་མི་དེ་ཡིས་ཅི་འདྲ་བྱས་ནས་འཚོ་དགོས་ཀྱང་སྡུག་བསྔལ་ཐམས་ཅད་ཁོས་བཟོད་ཐུབ་ཀྱི་རེད། ཅེས་པ་ནི་ཁོང་གི་ལེགས་བཤད་ཅིག་ཆགས་བསྡད་ཡོད། དེ་བཞིན་ཁོང་གི་ལེགས་བཤད་སྐད་གྲགས་ཅན་གཞན་དག་ཞིག་ཡོད་པ་གང་རེད་ཟེར་ན། མི་གཅིག་གིས་ཡོད་ཚད་དེ་བཙན་འཕྲོག་བྱེད་ཆོག་གི་རེད། ཡིན་ནའང་འཕྲོག་མི་ཐུབ་པ་གཅིག་ཡོད་རེད་ཟེར། དེ་གང་རེད་ཟེར་ནས་འགྲོ་བ་མིའི་རིགས་ཀྱི་ཆེས་མཐའ་མའི་རང་དབང་དེ་རེད། རང་དབང་དེ་གང་རེད་ཅེ་ན། གནས་སྟངས་གང་འདྲ་ཞིག་གི་འོག་ལ་ཡིན་ནའང་སོ་སོའི་ལྟ་ཚུལ་ག་རེ་ཡིན་པ་དང་། སོ་སོའི་ལམ་ཀ་གང་འདྲ་ཞིག་འདམ་མ་འདམ་དེ་སོ་སོའི་ལག་པ་ཡོད་རེད། དེ་མི་གཞན་དག་གིས་འཕྲོག་ཐུབ་ཀྱི་མ་རེད། ད་འདི་ག་རེ་ཟེར་གྱི་ཡོད་ཞེ་ན། ང་ཚོ་གནས་སྟངས་གང་འདྲ་ཞིག་གིས་ནང་ཡོད་པ་ཡིན་ནའང་འདྲ། འཁོར་ཡུག་དང་། གནོན་ཤུགས། དེ་བཞིན་གྱིས་མི་གང་འདྲ་ཞིག་མཉམ་དུ་ཡོད་པ་ཡིན་ནའང་མི་དེའི་སེམས་ལ་གཏད་སོའམ། མི་དེའི་སེམས་ལ་དད་པ་དང་ཡིད་ཆེས་ཡོད་པ་ཡིན་ན་ཁོ་ལ་ད་དུང་རང་དབང་ཡོད་རེད། དད་པ་དང་ཡིད་ཆེས་མེད་པ་ཡིན་ན་རང་དབང་བརླག་ཚར་རེད། སུ་གང་གིས་ཀྱང་ཁོ་ལ་དད་པ་དང་ཡིད་ཆེས་ཡོད་པ་ཡིན་ན་མར་ཕབ་ཐུབ་ཀྱི་མ་རེད། སུ་གང་གིས་ཀྱང་གཏོར་བཅོམ་བྱེད་ཐུབ་ཀྱི་མ་རེད། དཔེར་ན། སྡུག་བསྔལ་དང་དཀའ་ངལ་ཆེན་པོ་གསོ་མི་ཐུབ་པའི་ན་ཚ་ཕོག་པ་འདྲ་བོ་དང་། ཕམ་ཁ་བྱུང་བ་ཡིིན་ནའང་ད་དུང་ཁོའི་སེམས་ནང་ལ་དད་པ་དང་ཡིད་ཆེས་ཡོད་པ་ཡིན་ན་སོ་སོ་དོན་དང་ལྡན་པ་ཞིག་ཡིན་པའི་ཚོར་བ་ཞིག་ཡོང་གི་རེད། གལ་སྲིད་དེ་ལས་ལྡོག་བྱས་ནས་མི་དེའི་སེམས་ནང་ལ་མི་ཚེའི་དོན་སྙིང་ངམ། རང་ཉིད་འཚོ་དགོས་པའི་དགོས་དོན་བརླག་པ་ཡིན་ན་སེམས་སྟོང་ལྷང་ལྷང་དང་། མི་ཚེ་འདི་འདྲ་སྐྱེལ་ཡ་དེ་ཡིད་སྐྱོ་ལྷང་ལྷང་། མཐའ་ན་རང་སྲོག་རང་གིས་གཅོད་དགོས་བསམ་བསམ་འདྲ་བོ་བློ་འཁོར་སྲིད་ཀྱི་རེད། དེ་འདྲ་ཡིན་དུས་ཕྲེང་ཀལ་ ( Frankl) ཟེར་ཡ་ཡི་མཁས་པ་དུས་རབས་ཉི་ཤུའི་དཀྱིལ་ཙམ་ནས་ལུང་བསྟན་རྒྱབ་ཡོད། དེང་སང་གི་སྤྱི་ཚོགས་ནང་གི་མི་མང་པོ་ཞིག་དོན་སྙིང་དེ་བརླག་འགྲོ་ཡི་ཡོད། དོན་སྙིང་བརླག་འགྲོ་དགོས་པའི་རྒྱུ་མཚན་དེ་ག་རེད་ཟེར་ན། ཕྱོགས་གཅིག་ནས་སྲོལ་རྒྱུན་གྱི་རིན་ཐང་གི་ལྟ་བ་མང་པོ་ཞིག་ཡོད་རེད། སྲོལ་རྒྱུན་གྱི་ལྟ་བ་རིམ་པས་བཞིན་མི་ཚང་མས་དགའ་བ་མ་བྱེད་པའི་རྗེས་སུ་དེ་དག་ག་ལེར་ག་ལེར་ཉམས་འགྲོ་ཡི་ཡོད། སོ་སོའི་མི་ཚེ་ལ་སྙིང་པོ་ལེན་ཡ་ཡི་བསམ་བློ་གསར་པ་འདྲ་བོ་ཞིག་དང་འགན་ཁུར་གསར་པ་ཞིག་ལེན་མི་ཐུབ་པ་ཡིན་ན། སོ་སོའི་སེམས་དེ་སྟོང་ལྷང་ལྷང་འདྲ་བོ་གཅིག་དང་། མི་ཚེ་གསོན་པོ་སྡོད་པ་ཡིན་ནའང་ཆོ་མེད་པ་འདྲ་བོ་ཞིག། མ་འོངས་པར་སོ་སོའི་མི་ཚེའི་ཁ་ཕྱོགས་དང་མདུན་ལམ་ག་རེ་ཡིན་པ་གང་མཐོང་ཡ་མེད་བསྡད་མཁན། འདི་འདྲ་ཞིག་གིས་གནས་ཚུལ་ལ་ལྷུང་བསྡད་ཡ་ཡི་ཉེན་ཁ་ཡོད་རེད། བྱས་ཙང་མི་ཚེའི་དོན་སྙིང་བརླག་ཡ་དེ་ཡི་མི་སྒེར་ཁ་ཤས་ཞིག་གིས་སེམས་ཁམས་ཞིག་གི་གནས་སྟངས་མ་ཡིན་པ། དུས་རབས་གཅིག་གི་མི་མང་པོ་ཞིག་གི་སེམས་ཀྱི་ན་ཚ་འདྲ་བོ་ཆགས་བསྡད་ཡོད།
དེ་དེང་སང་འཛམ་གླིང་གི་ཐོག་ལ་ཡང་བསྡད་ཀྱི་ཡོད། དེ་འདྲ་ཡིན་དུས་རྒྱུ་མཚན་ལ་བརྟེན་ནས་དད་པ་དང་ཡིད་ཆེས། དེ་ཀ་ནང་བཞིན་མི་ཚེ་ལ་དོན་སྙིང་ལྡན་པ་ཞིག་ཡིད་ཆེས་བྱེད་ཡ་དེ་གལ་ཆེན་པོ་ཡིན། རྒྱུ་མཚན་ལ་བརྟེན་ནས་དངོས་ཡོད་ཀྱི་འཚོ་བའི་ནང་ལོགས་ལ་དད་པ་དང་ཡིད་ཆེས་ཡོད་པ་ཡིན་ན། ཁ་ཡོད་ལག་ཡོད་ཕན་ཐོགས་ཡོད་བསྡད་པ་ཞིག་དང་ནུས་པ་ཡོད་བསྡད་པ་ཞིག་ཆགས་ཀྱི་ཡོད་རེད་མ་གཏོགས། དེ་ཀ་ཙམ་ཆོས་ལུགས་ཀྱི་དད་མོས་ཙམ་ཞིག་དང་ཡིད་ཆེས་ཙམ་ཞིག་ཆགས་ཀྱི་ཡོད་མ་རེད། དེ་ཡང་ང་ཚོའི་ཐུགས་ལ་བཞག་དགོས་ཡ་དེ་གལ་ཆེན་པོ་འདུག །ལགས་སོ་དེ་རིང་དེ་ཀ་ཙམ་མཚམས་བཞག་ཡ་ཡིན། །"
ཞེས་གསུངས་སོ། །
སྒྲ་ཕབ་བྱེད་པོ་གངས་ལ་ཉི་ཤར་ནས།
































