KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow

དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ནས་སྩལ་བའིི་འཆམ་གྱི་ངོ་སྤྲོད།

ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༢༥ སྒར་ཆེན་དགུ་གཏོར་ཉིན་མཐའ་མར་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ནས་བཀའ་སྩལ་དོན་དུ།

ཚང་མ་ལ་སྔ་དྲོ་བདེ་ལེགས་ཀྱིས་འཚམས་འདྲི་ཞུ་རྒྱུ་ཡིན། ངོས་ནས་དྲན་པ་ལྟར་ན་སྔོན་མ་ཚེས་བཅུའི་གར་འཆམ་བྱས་པའི་སྐབས་གར་འཆམ་མ་བྱས་པའི་སྔོན་ལ་འཆམ་གྱི་ངོོ་སྤྲོད་མདོར་བསྡུས་ཤིག་བྱས་པ་ཡིན། དེ་དུས་ང་ཆམ་པ་ཏོག་ཙམ་ཕོག་བསྡད་ཡོད། དེ་རིང་ཡང་གཅིག་པ་རེད་འདུག །ཡང་ཆམ་པ་ཕོག་ནས་སྐད་གསང་པོ་དང་ཡག་པོ་ཞིག་མི་འདུག་སྟེ་ཡིན་ན་ཡང་འཆམ་གྱི་སྐོར་ལ་ངོ་སྤྲོད་མདོར་བསྡུས་ཞུ་རྒྱུ་ཡིན།

དེ་ཡང་འཆམ་དང་གར་ཞེས་པའི་ཐ་སྙད་འདི་དཔེ་ཆ་མང་པོ་ཞིག་ནང་ཡོང་གི་ཡོད། འཆམ་དང་གར་ཟེར་བ་འདི་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་རེད་ཅེས་འགྲེལ་བཤད་ཞུས་པ་ཡིན་ན། འཆམ་ཟེར་བ་འདི་རྐང་སྟབས་གཙོ་བོ་བསྟན་པ་དང་། དེ་ཡང་རྐང་པས་སྒུལ་སྐྱོད་རྒྱག་རྒྱུ་གཙོ་བོར་སྟོན་པར་བྱེད་མཁན་འདི་ལ་འཆམ་དང་། གར་ཟེར་བ་ནི། ལག་པས་སྒུལ་སྐྱོད་རྒྱག་རྒྱུའམ་ལག་པའི་སྟངས་སྟབས་གཙོ་བོར་བྱེད་པ་འདི་ལ་གར་ཟེར་གྱི་ཡོད། སྤྱིར་བཏང་དེར་ང་ཚོས་བྱ་རྒྱུ་འདི་འཆམ་ཡིན་སྟབས་གཙོ་བོར་རྐང་པའི་སྟངས་སྟབས་གཙོར་སྟོན་ལྟ་བུ་ཞིག་རེད་ལབ་པ་ཡིན་ན་འགྲིགས་ཀྱི་རེད་དྲན་གྱི་འདུག །

དེ་ལ་ཡང་འཁྲབ་རྒྱུའི་འཆམ་འདི་གང་འདྲ་ཞིག་འཁྲབ་ཀྱི་ཡོད་ཅེ་ན། སྐབས་འདིར་ཆོས་སྐྱོང་སྲུང་མའི་གར་འཁྲབ་ཀྱི་ཡོད། ཡང་ན་ཆོས་སྐྱོང་སྲུང་མའི་རྣམ་འགྱུར་རམ་ཆོས་སྐྱོང་སྲུང་མའི་ལུས་ཀྱི་སྒུལ་སྐྱོད་བྱེད་སྟངས་ལ་ལད་མོ་བྱས་པའམ་དཔེ་བལྟས་ནས་འཁྲབ་ཀྱི་ཡོད། དེ་ལ་ཡང་སྟོན་པ་རྡོ་རྗེ་འཆང་གིས་རྒྱུད་ནས་གསུངས་པ་དང་། དེ་བཞིན་བླ་མ་རྣམས་ཀྱིས་ཆོས་སྐྱོང་སྲུང་མའི་ཞལ་གཟིགས་བྱུང་ནས་གསང་བའི་མན་ངག་ལས་བྱུང་བ་གཉིས་ཡོང་གི་ཡོད། གང་ལྟར་ཡང་ཆོས་སྐྱོང་དེ་ཚོས་བསྟན་པ་སྲུང་བའི་སྐབས་རྣམ་འགྱུར་གང་འདྲ་ཞིག་བསྟན་གྱི་ཡོད་པ་དང་། དགྲ་བགེགས་འདུལ་བའི་སྐབས་རྣམ་འགྱུར་གང་འདྲ་བསྟན་གྱི་ཡོད་པ། དེ་ལ་སོགས་ཀྱི་རྣམ་འགྱུར་དེ་དག་ལ་ལད་མོའམ་དཔེ་བྱས་ནས་རྣལ་འབྱོར་པས་འཆམ་འཁྲབ་ཀྱི་ཡོད།

དེ་ཡང་འཆམ་འཁྲབ་མཁན་གྱི་རྣལ་འབྱོར་པ་འདི་ལྷར་སྣང་གསལ་བ། ང་རྒྱལ་བརྟན་པ་ཞིག་དགོས། དེ་ཡང་ལྷའི་སྣང་བ་གསལ་ནས་རང་ཉིད་ལྷ་ཡི་སྐུ་རུ་སྒོམ་པའམ་ལྷ་ཡིན་པའི་མོས་པ་བྱས། དེ་ནས་ང་རྒྱལ་བརྟན་པར་བྱས་ནས་སོ་སོའི་ལུས་ཀྱི་སྟངས་སྟབས་དེ་དག་ཐམས་ཅད་ཀྱང་ལྷ་ཡི་རྣམ་འགྱུར་རམ་སྒུལ་སྐྱོད་ལྟ་བུ་ཞིག་ལ་མོས་པ་བྱ་རྒྱུ་དང་།

དེ་བཞིན་འཆམ་མཇལ་མཁན་རྣམས་ཀྱང་ཐ་མལ་པའི་ལྟད་མོ་དང་དེ་བཞིན་ཐ་མལ་པའི་ཞབས་བྲོ་ལྟ་བུའི་འདུ་ཤེས་མ་གཞག་པར། རང་ཉིད་སྔགས་ཀྱི་ཉམས་ལེན་ཤེས་མཁན་ཞིག་ཡིན་ན་སྔགས་ཀྱི་ཉམས་ལེན་དང་འབྲེལ་བའི་ཐོག་དག་སྣང་སྦྱངས་ནས་ལྷ་དངོས་སུ་མཇལ་བ་ལྟ་བུའི་མོས་པ་དང་དད་པ་བསྒོམ་རྒྱུ་འདི་གལ་ཆེན་པོ་ཡིན། མདོར་ན་གསང་སྔགས་འདི་གཙོ་བོར་ཐ་མལ་པའི་སྣང་ཞེན་སྦྱོང་རྒྱུ་འདི་གལ་ཆེན་པོ་ཡིན་པས་འཆམ་ཁྲབ་མཁན་ཚོ་ཡིན་ན་ཡང་ཐ་མལ་པའི་སྣང་ཞེན་བཀག་པའི་ཆེད་དུ་རྩོལ་སྟོན་བྱེད་པ་དང་། དེ་བཞིན་འཆམ་མཇལ་མཁན་ཚོ་ཡིན་ན་ཡང་ཐ་མལ་པའི་སྣང་ཞེན་འགོག་པའི་ཆེད་ཤུགས་རྒྱག་དགོས་རྒྱུ་འདི་གལ་གནད་ཆེན་པོར་མཐོང་། དེ་རིང་འཆམ་སྤྱི་ཡོངས་ཀྱི་ཆ་ནས་ངོ་སྤྲོད་དེ་ཙམ་ཞུ་བ་ཡིན།

དེ་རིང་སྐབས་སུ་བབ་པ་དགུ་གཏོར་ཆེན་མོ་འདིའི་སྐབས་སུ་འཆམ་སྣ་མི་འདྲ་བ་གསུམ་ཡོད། དེ་དག་གི་ངོ་སྤྲོད་མདོ་ཙམ་ཞུ་རྒྱུ་ཡིན། འཆམ་སྣ་དང་པོ་འདིའི་མིང་ལ་སྒོ་མ་ཟེར་གྱི་ཡོད། སྒོ་མ་བཞི་ནི་ལྕགས་ཀྱུ་མ། ཞགས་པ་མ། ལྕགས་སྒྲོག་མ། དྲིལ་བུ་མ་བཞིའི་འཆམ་ཞིག་ཡིན། འཆམ་འདིའི་བྱེད་ལས་གཙོ་བོ་ནི། དགྲ་བོའི་རྣམ་ཤེས་དགུག་པ་དང་། བཅིང་པ་དང་། སྡོམ་པ་དང་། མྱོས་པ་ལ་སོགས་པ་བྱ་རྒྱུ་འདི་ཡིན། སྐབས་འདིར་དགྲ་བོ་ཟེར་བ་འདི་དགྲ་མཚན་ཉིད་པའམ་གང་ཟག་མཚན་ཉིད་པ་ཞིག་ལ་བསམ་བློ་མ་བཏང་བར། གཙོ་བོ་འདི་ང་ཚོའི་རྒྱུད་ལ་ཡོད་པའི་བདག་འཛིན་གྱི་དགྲ་བོའམ་བདག་འཛིན་འདི་དགྲ་བོའི་རྣམ་པར་བཀུག་ནས་དེ་དག་སྒྲོལ་བར་བྱ་རྒྱུ་དང་། དེས་ན་སྔགས་པ་ནུས་པ་དང་ལྡན་པ་ཞིག་ཡིན་ན་བདག་འཛིན་གྱི་དགྲ་བོ་བཀུག་ནས་དེ་དག་སྒྲལ་ཡོང་དུས་ཕ་རོལ་པོ་དེ་བདག་མེད་རྟོགས་ནས་སྐད་ཅིག་དེ་ཉིད་དུ་གྲོལ་བ་ཡོད། སྔགས་པའི་ཕུར་རྩེ་ལས་སངས་རྒྱས་ཟེར་བ་འདི་ཡོང་གི་ཡོད།

དེའི་རྗེས་ལ་འཆམ་སྣ་གཉིས་པ་འདི་ཞྭ་ནག་རྔ་འཆམ་ཡིན། ཞྭ་ནག་རྔ་འཆམ་ཟེར་བའི་མཚན་དེ་དག་བཏགས་དགོས་དོན་ཡང་གང་ཡིན་ཞེ་ན། མགོ་ལ་ཞྭ་ནག་གྱོན་ལག་པ་ལ་རྔ་ཁྱེར་ནས་འཆམ་འཁྲབ་ཀྱི་ཡོད་ཙང་ཞྭ་ནག་རྔ་འཆམ་ཞེས་བཏགས་པ་རེད། འཆམ་འདི་ཀརྨ་པ་དྲུག་པ་མཐོང་བ་དོན་ལྡན་གྱིས་དགུང་ལོ་བདུན་བརྒྱད་ཀྱི་སྐབས་སུ་མགོན་པོ་ཞལ་གཟིགས་བྱུང་ནས་མཛད་པ་ཞིག་རེད། དེ་འདྲ་ཡིན་སྟབས་ཀཾ་ཚང་གི་མཐུན་མོང་མ་ཡིན་པའི་འཆམ་ཞིག་ཆགས་ཡོད། སྤྱིར་བཏང་ང་ཚོས་འཆམ་འདི་ཡག་པོ་བྱས་ནས་ལྟ་དུས་མཚམས་མཚམས་བྱིས་པའི་རྣམ་འགྱུར་ལྟ་བུ་ཏོག་ཙམ་ཡོང་གི་ཡོད། འདི་གང་རེད་ཅེ་ན། ཁོང་དགུང་ལོ་ཆུང་དུས་སྐབས་བྲིས་བཞག་པ་ཞིག་ཡིན་པ་འདྲ། དེའི་རྗེས་སུ་ཀརྨ་པ་དྲུག་པའི་ཡང་སྲིད་བདུན་པ་ཆོས་གྲགས་རྒྱ་མཚོ་ཁོང་གིས་སྐུ་ཆུང་དུས་སྐབས་སུ་ཞྭ་ནག་རྔ་འཆམ་འདི་མཛད་ནས་ཁོང་དྲུག་པ་མཐོང་བ་དོན་ལྡན་གྱི་ཡང་སྲིད་ཡིན་ཙང་ཁོང་གིས་ཞྭ་ནག་རྔ་འཆམ་དེ་ལྟར་འཁྲབ་དགོས་རེད་ཅེས་གསུངས་ནས་ཆུང་དུས་སྐབས་ཞྭ་ནག་རྔ་འཆམ་དེ་དག་འཁྲབ་པ་རེད། རྗེ་བདུན་པ་ཆོས་གྲགས་རྒྱ་མཚོའི་སྐབས་ཞྭ་ནག་རྔ་འཆམ་ལ་འགྱུར་བ་ཏོག་ཙམ་ཞིག་བཏང་གནང་བ་འདྲ། དེ་ཡང་དེ་རིང་གི་འཆམ་གཙོ་བོ་དེ་ཞྭ་ནག་རྔ་འཆམ་ཡིན། དེ་ཡང་ཆུ་ཚོད་གསུམ་བཞི་ཙམ་འཁྲབ་རྒྱུ་ཡོད། གཅིག་བྱས་ན་ཆུ་ཚོད་ལྔ་ཙམ་ཡང་འགོར་སྲིད། རྒྱ་གར་འཕགས་པའི་ཡུལ་དུ་ཀརྨ་པ་དྲུག་པ་མཐོང་བ་དོན་ལྡན་གྱིས་མཛད་པའི་མགོན་པོ་ལས་བྱང་ཆེན་པོ་དང་། མགོན་པོའི་རྔ་འཆམ་ཆེན་པོ་དེ་གཉིས་སྟབས་ཅིག་ཏུ་འཁྲབ་རྒྱུ་འདི་ཐེངས་དང་པོ་ལྟ་བུ་ཆགས་ཀྱི་ཡོད། དེ་བཞིན་བོད་གངས་ཅན་ལྗོངས་སུ་ཡང་ལོ་ངོ་གཉིས་བརྒྱ་གསུམ་བརྒྱ་ནང་ལ་ཕལ་ཆེར་བྱུང་མེད་ཟེར་ན་འགྲིགས་ཀྱི་རེད་སྙམ། དེའི་སྟེང་དུ་ཞྭ་ནག་རྔ་འཆམ་གྱི་མཐའ་མ་ལ་འཆམ་མུ་མཐུད་ནས་གཏོར་མ་འཕེན་རྒྱུ་དང་ཟོར་འཕེན་པའི་འཆམ་ཞིག་ཡོད། དེ་ཀརྨ་པ་རང་བྱུང་རྡོ་རྗེས་རྙིང་ལུགས་ཀྱི་མ་མོའི་རྒྱུད་ལ་བརྟེན་ནས་མཛད་པ་ཞིག་རེད། འདིས་འཆམ་སྣ་གཉིས་པ་ཞུས་ཟིན་པ་ཡིན།

འཆམ་སྣ་གསུམ་པ་འདི་ཞིང་སྐྱོང་གི་འཆམ་ཡིན། ཞིང་སྐྱོང་འདི་ཀརྨ་པའི་ཆོས་སྐྱོང་འཁོར་ལྔའི་ནང་ཚན་ཞིག་ཆགས་བསྡད་ཀྱི་ཡོད། དེ་བཞིན་ཙཱ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོ་ཞེས་ཙ་རིའི་གནས་ཀྱི་སྲུང་མ་ཡིན་པའི་ཆ་ནས་ཕལ་ཆེར་ཞིང་སྐྱོང་ཟེར་བ་ཞིག་ཡོང་གི་ཡོད་པ་འདྲ། ཁོང་ནི་སེངྒེའི་གདོང་པ་ཅན་ཞིག་ཡིན། བླ་མ་འགའ་ཞིག་གི་གསུང་རྒྱུན་ལ། ཆོས་སྐྱོང་ཕྱག་བཞི་པའི་འཁོར་དུ་སེངྒེའི་གདོང་པ་ཅན་ཞིག་ཡོང་གི་ཡོད་པ་དེ་དང་གཅིག་པ་ཡིན་གསུངས། མདོར་ན་དཔལ་འཁོར་ལོ་སྡོམ་པ་དང་ཆོས་སྐྱོང་ཕྱག་བཞི་པའི་རྣམ་པར་སྤྲུལ་པ་ཞིག་ཡིན་ཞིང་། ཞིང་སྐྱོང་དེ་ནི་ཆོས་སྐྱོང་གཞན་ལས་དམིགས་བསལ་གྱི་མཐུ་རྩལ་ཆེ་བ་དང་དངོས་གྲུབ་མྱུར་བ་ཡིན་ཞེས་གསུངས་ཡོད། ཞིང་སྐྱོང་འདི་ཀརྨ་ཀཾ་ཚང་གི་སྲུང་མ་ཆགས་པ་འདི་དང་པོ་ཀརྨ་པ་སྐུ་ཕྲེང་གཉིས་པ་ཀརྨ་པཀྵིའི་སྐབས་ནས་བྱུང་བ་ཞིག་ཆགས་བསྡད་ཀྱི་ཡོད། དེ་བཞིན་ཞྭ་དམར་སྐུ་ཕྲེང་གཉིས་པ་ཞྭ་དམར་མཁའ་སྤྱོད་དབང་པོ་ནས་བཟུང་སྟེ་ཞྭ་དམར་སྐུ་ཕྲེང་རིམ་བྱོན་གྱི་མཐུན་མོང་མ་ཡིན་པའི་སྲུང་མ་ཡིན།

དེ་རིང་འདིར་ཞིང་སྐྱོང་གི་འཆམ་འཁྲབ་དགོས་པའི་རྒྱུ་མཚན་ནི། གཙོ་བོ་འཆམ་འཁྲབ་མཁན་འདི་བན་ཆེན་དགོན་གྱི་དགེ་འདུན་པ་རྣམས་ཀྱིས་འཁྲབ་ཀྱི་ཡོད། ཞིང་སྐྱོང་འདི་བན་ཆེན་དགོན་པའི་མཐུན་མོང་མ་ཡིན་པའི་སྲུང་མ་རྩ་ཆེན་པོ་ཞིག་རྩིས་གནང་གི་ཡོད། དེས་ན་གཙོ་བོ་འདི་སྐྱབས་རྗེ་བསྟན་དགའ་རིན་པོ་ཆེའི་ཡང་སྲིད་མགྱོགས་མྱུར་ཕེབས་ཐུབ་པ་དང་། དེ་ལ་བར་ཆད་ཀྱི་མཚན་མ་ཅི་ཡོད་པ་དེ་དག་ཐམས་ཅད་ཉེ་བར་ཞི་བའི་ཆེད་དུ་ཞིང་སྐྱོང་གི་འཆམ་ཁྲབ་དགོས་ཀྱི་ཡོད་ཅེས་ཁོང་ཚོ་ལ་སྨྲས་ནས་འཁྲབ་བཅུག་པ་དེ་འདྲ་ཡིན།

དེ་བཞིན་སྒོ་མའི་འཆམ་འཁྲབ་དགོས་པའི་རྒྱུ་མཚན་དེ་ཡང་། དེ་རིང་སྒོ་མའི་འཆམ་འདི་ཡི་ནང་དམིགས་བསལ་ནམ་རྒྱུན་དང་མ་འདྲ་བ་འཆམ་ཁ་ཤས་ཤིག་ལྷག་པོ་ཡོད། འཆམ་ལྷག་མ་དེ་དག་ཉམས་པ་སླར་གསོ་བའི་ཚུལ་དུ་སྒོ་མ་འཁྲབ་བཅུག་པ་དེ་འདྲ་རེད། ནམ་རྒྱུན་བོད་མཚུར་ཕུ་དགོན་དུ་ཞྭ་ནག་རྔ་འཆམ་འཁྲབ་དུས་ཞིང་སྐྱོང་འཁྲབ་རྒྱུ་དང་། སྒོ་མ་འཁྲབ་རྒྱུ་དེ་དག་མེད་མོད་དེ་རིང་དམིགས་བསལ་བྱས་ནས་དང་པོ་སྒོ་མ་འཁྲབ། མཇུག་ལ་ཞིང་སྐྱོང་འཁྲབ་རྒྱུ་དེ་ལྟར་ཡིན། དེ་དག་གསལ་བཤད་ཅིག་བྱས་ན་ཡག་པོ་འདུག་བསམ་ནས་ཁྱེད་རང་ཚོར་གསལ་བཤད་མདོར་བསྡུས་ཞུས་པ་ཡིན་ཞེས་བཀའ་སྩལ་ཏོ། །བསམ་གཏན་མཐར་ཕྱིན་ནས་ཕབ།