KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow

གྲུབ་དབང་༸སྐྱབས་རྗེ་མཉན་པ་རིན་པོ་ཆེའི་ཕྱག་ཆེན་གངྒཱ་མའི་བཀའ་ཁྲིད་ཉིན་དང་པོའི་ཆོས་ཐུན་གསུམ་པ་དང་བཞི་པ།

ཕྱི་ལོ། ༢༠༡༩ ཟླ་བ། ༡ ཚེས། ༩ རེས་གཟའ་ལྷག་པའི་ཕྱི་དྲོའི་ཆོས་ཐུན་དང་པོ། ཕྱག་ཚོད། ༢ ནས། སྡུག་བསྔལ་བཟོད་ལྡན་བློ་ལྡན་ནཱ་ནོ་པ། །སྐལ་ལྡན་ཁྱོད་ཀྱི་བློ་ལ་འདིི་ལྟར་བྱོས། ཞེས་པ་སྟེ། སྡུག་བསྔལ་བཟོད་ལྡན་ནི། ཆོས་སྒྲུབ་པའི་སྐབས་སྡུག་བསྔལ་དང་དུ་ལེན་པ། མི་ཁ་དང་བྱུར། ལྟས་ངན་སོགས་ཕྱིན་ཅི་ལོག་པའི་བར་ཆད་ཇི་ཙམ་བ། དེ་དག་དངོས་གྲུབ་ཡིན་བསམ་ནས། དགའ་བ་སྒོམ་པ། རྗེ་བཙུན་མི་ལ་རས་པ་ལྟ་བུ། ཚ་གྲང་བཀྲེས་སྐོམ་གང་བྱུང་ནའང་ཇི་མི་སྙམ་པ། ཚེ་འདིར་ཉམས་ལེན་མཐར་ཕྱིན་པ་ཞིག །ཚེ་དང་སྒྲུབ་པ་སྙོམས་པ་ཞིག་མ་བྱུང་གི་བར་དུ་ངའི་ལུས་ངག་ཡིད་གསུམ་རྣམ་གཡེང་དབང་དུ་མི་གཏང་། འགྲོ་འདུག་གི་སྤྱོད་ལམ་ཐམས་ཅད་ཕྱིན་ཅི་ལོག་པའི་རྟོག་པའི་དབང་དུ་མི་འགྲོ། སྒོ་གསུམ་དགེ་བའི་ཐོག་ལ་རྐྱེན་གང་གིས་ཀྱང་རག་མི་ལས་པ། འགྲོ་ན་འགྲོ་ཐོག །འདུག་ན་འདུག་ཐོག། །སྤྱོད་ལམ་གང་ཡིན་ན་ཡང་བྱང་ཆུབ་ལམ་དུ་འཁྱེར་ཐུབ་པ་ཞིག་བྱེད་པ་དེ་སྡུག་བསྔལ་བཟོད་ལྡན་ཡིན། རྗེ་མི་ལའིི་མགུར་ལས། སྙིང་རུས་སྡུག་བསྲན་གྱི་སྒྲུབ་པ་དེ། ཕ་བླ་མ་མཉེས་པའི་ཞབས་ཏོག་ཡིན་ཞེས། སྐལ་ལྡན་ཁྱོད་ནི། ནཱ་རོ་པ་ལ་གོ བསམ་བློ་དེ་ལྟར་ཐོངས་ཞེས། བློ་ལྡན་ཞེས་པའི་བློ་དེ་བློ་ཁྱད་པར་བ་ཞིག །རྣམ་པར་དཔྱོད་པའི་བློ་ཞིག་གོ།
༡༽གནས་ལུགས་ཕྱག་ཆེན་ངོ་སྤྲོད་པ་ནི། རྩ་བར། ཕྱག་རྒྱ་ཆེན་པོ་བསྟན་དུ་མེད་ཀྱིས་ཀྱང། །དཔེར་ན་ནམ་མཁའ་གང་གིས་གང་ལ་བསྟན། །དེ་བཞིན་རང་བཞིན་ཕྱག་རྒྱ་ཆེ་ལ་བསྟན་ཡུལ་མེད། ཅེས་པ་སྟེ། ཕྱག་རྒྱ་ཆེན་པོ་བསྟན་དུ་མེད་དེ། ཚིག་དང་བརྗོད་བྱ་རྗོད་བྱེད་ལས་འདས་པ། རྣམ་རྟོག་ལས་འདས་པ་ཡིན་པས། བསྟན་བྱའི་ཡུལ་མེད་པ། བསྟན་བྱ་དང་སྟོན་པ་པོ་ཡང་ཡོད་མ་ཡིན་ཞེས། གོང་དུ་ཞུས་པ་ལྟར། ཏཻ་ལོ་པས། ཏཻ་ལོ་ང་ལ་ཅི་ཡང་བསྟན་དུ་མེད། །རང་གིས་རང་ཉིད་མཐོང་ན་གྲོལ་བར་འགྱུར་ཞེས་པའི་རང་གྲོལ་གནས་ལུགས་དེ་རེད། བསྟན་བྱ་ཕྱག་རྒྱ་ཆེན་པོ་འདི་ཚིག་དང་སྒྲ་རྟོག་གི་ལམ་ནས་དྲངས་ནས་དེ་རེད་ཅེས་བསྟན་དུ་མེད་ཅེས་པའི་དོན་ནོ། དཔེར་ན། ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ཡང་དེ་བཞིན། ཀུན་རྟོག་གི་ཡུལ་དུ་བྱེད་མི་ནུས་པ། སྒྲ་རྟོག་དང་། གཉིས་རྟོག་གི་ཡུལ་ལས་འདས་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དོན་ཟབ་མོ་དེ་གཉིས་འཛིན་གྱི་རྟོག་པས་རྟོགས་མི་ནུས་པ་དེ་བཞིན་དུ་ཕྱག་རྒྱ་ཆེན་པོ་ཡང་རྟོགས་མི་ནུས། དེ་བསྟན་རྒྱུ་ཡོད་ནས། མི་སྟོན་པ་མིན་པ། སྒྲ་རྟོག་དང་། མཚོན་བྱ་དང་མཚན་ཉིད་སོགས་ལས་འདས་པ་ཡིན་པས་ཕྱག་རྒྱ་ཆེན་པོ་བསྟན་དུ་མེད་ཀྱིས་ཀྱང་ཞེས། དཔེར་ན་ནམ་མཁས་ནམ་མཁར་བསྟན་དུ་མེད། ནམ་མཁས་ནམ་མཁར་ཐ་སྙད་ལ་སོགས་པས་མཚོན་དུ་མེད་པ། དཔེ་དེ་དང་འདྲ་བ་དེ་བཞིན་རང་བཞིན་པྱག་རྒྱ་ཆེ་ལ་བསྟན་ཡུལ་མེད་ཅེས། བསྟན་ཡུལ་མེད་ན། ཉམས་སུ་ཚུལ་ཇི་ལྟར་ལེན་དགོས་ཞེ་ན། རང་གིས་དེ་ཉིད་སྟེང་དུ་མ་བཅོས་པ་མཉམ་པར་བཞག་པས་གནས་ལུགས་མཐོང་ངོ། གྲུབ་ཆེན་ས་ར་ཧས། ནམ་མཁའ་ནམ་མཁའ་ཞེས་ཀྱང་རབ་བརྗོད་ཀྱང་། །ནམ་མཁའི་ངོ་བོ་ཅི་ཡང་གྲུབ་པ་མེད། །ཡོད་དང་མེད་དང་ཡོད་མིན་མེད་མིན་དང་། །དེ་ལས་གཞན་དུའང་མཚོན་པས་ཡུལ་ལས་འདས་ཞེས། དེ་བཞིན་སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག། །བློ་ཡི་མདུན་ན་མི་གནས་ན། །དེ་ཚེ་དངོས་པོ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི་ཞེས། ཡོད་མེད། ཡིན་མིན། དངོས་དངོས་མེད་ཀྱི་མཚན་མའི་སྒྲོག་ཐམས་ཅད་གྲོལ་བའི་གནས་ལུགས་དེ་ཕྱག་རྒྱ་ཆེན་པོ་དང་། དབུ་མ་ཆེན་པོ། རྫོགས་པ་ཆེན་པོ་ཐམས་ཅད་འདི་རེད། ཐ་སྙད་མི་འདྲ་བ་ལས། མཚོན་དོན་གཅིག་གོ། མངོན་དུ་འགྱུར་བྱའི་འབྲས་བུའི་ཆོས་སངས་རྒྱས་དེ།ལྟ་སྒོམ་སྤྱོད་གསུམ་གྱི་ལ་བཟླ་བ་དེ་མ་གཏོགས། གཞན་ལོགས་སུ་མེད། རྒྱུད་བླ་མར། གང་ཕྱིར་དེ་ནི་ཆོས་སྐུ་དེ་ནི་བདེ་བཞིན་གཤེགས། །དེ་ནི་འཕགས་པའི་བདེན་པའང་དོན་དམ་མྱ་ངན་འདའ། །དེ་བཞིན་ཉིད་དང་སྲས་ཞེས་ ཡོན་ཏན་དབྱེར་མེད་པས། །སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད་ཅེས། ཡིན་ལུགས་ནང་ནས་ཤར་བའམ། སྒྲོ་འདོགས་ནང་ནས་ཆོད་པ་དེ་ཕྱག་རྒྱ་ཆེན་པོའི་གནས་ལུགས་རྟོགས་པ་ཡིན། ཁ་ཕྱིར་བལྟས་ཀྱི་རིག་པའི་རྣམ་དཔྱོད་ཀྱིས་དངོས་པོ་རེ་རེའི་སྟེང་ནས་གནས་ལུགས་བཙལ་བ་ལྟ་བུ་མ་ཡིན་པ། དེ་ལྟ་བུ་སྒྲོ་འདོགས་ཆོད་པ་ལ་ལུང་དང་རིགས་པ་ལ་བརྟེན་དགོས། དེ་ཡང་རྗེ་མི་ལས། ལམ་སྒྲོ་འདོགས་སེམས་ལ་ཆོད་པ་ལ། །མཐའ་བྲལ་གྱི་ལྟ་བ་མི་ཟེར་རམ། །ལུང་རིགས་དང་འབྲེལ་བ་ཞིག་རྒྱན་དུ་ཆེ། རྗེ་མི་ལས། རྣམ་རྟོག་ཆོས་སྐུར་ཐིམ་པ་ལ་སྒོམ་ཞེས། ཚོགས་དྲུག་རང་སར་དག་པ་ལ། །རོ་སྙོམས་ཀྱི་སྤྱོད་པ་མི་ཟེར་རམ། དུས་ཚོད་དང་འབྲེལ་བ་ཞིག་རྒྱན་དུ་ཆེ། ཞེས་པ་དེ་སྤྱོད་པ་ཞེས། རང་སེམས་ཟད་སར་འཁྱོལ་བ་ལ། ཚེ་གཅིག་གི་སངས་རྒྱས་མི་ཟེར་རམ། སྐུ་བཞི་དང་འབྲེལ་བ་ཞིག་རྒྱན་དུ་ཆེ། ཞེེས་པས་འབྲས་བུ་བསྟན་པ་ཡིན། ༢༽ ཉམས་སུ་ལེན་ཚུལ་ནི། མ་བཅོས་གཉུག་མའི་ངང་དུ་གློད་ལ་ཞོག།།བཅིངས་པ་ཀློད་ན་གྲོལ་བར་ཐེ་ཚོམ་མེད། ཅེས་པ་སྟེ། མ་བཅོས། རང་བབས། སོ་མ། རྩད་གཅོད་མི་བྱེད་པ། རྒྱུ་རྐྱེན་དང་། བཟང་ངན་གྱི་རྩད་གཅོད་མ་བྱས་ན། རང་ལ་ཡོད་པའི་རང་ཆས་ཀྱི་ཡོན་ཏན་གཉུག་མ་སེམས་ཀྱི་འོད་གསལ་གྱི་ངང་དུ་དགག་སྒྲུབ་མེད་པ། རྩད་གཅོད་མེད་པ་གང་ཤར་ཆོས་སྐུའི་ཡོ་ལང་དུ་ཤེས་པའི་ཐོག་ནས་གློད་དུ་ཞོག་ཅེས། རྗེ་མི་ལས། རྣལ་འབྱོར་མིི་ལ་རས་པ་ངས། །ཅེར་གྱིས་བལྟས་པས་ངོ་བོ་མཐོང་། །སྤྲོས་བྲལ་ནམ་མཁའ་ལྟ་བུར་མཐོང་། ཞེས། ཅེར་གྱིས་ཞེ་ན། ཅེར་རེ། མ་བསྒྲིབས་པ། ལྷང་ངེ། ལྷན་ནེ། ཐད་ཀར་བལྟ་བ་ལ་གོ། ཅེར་གྱིས་བལྟ་བ་ནི། དགག་སྒྲུབ་མ་བྱས་པ། བཟང་ངན། བདེ་སྡུག་སོགས་ཀྱིིི་ཆེད་འཛིན་དུ་མ་སོང་བ། དེ་བལྟ་བས་ཕན་ཐོགས་ནི། སྤྲོས་བྲལ་ནམ་མཁའ་ལྟ་བུར་མཐོང་ཞེས། ཡང་ན་ཅོག་གེ་བཞག་པས་གནས་ལུགས་མཐོང་ཞེས། ཅོག་གེ་ནི། དང་པོ་ཅེར་གྱིས་བལྟས། དེ་མ་ཐག་མཚམས་འཕྲོ་བཅད་ནས། རང་བབས་སུ་བཞག་པ། དངོས་ཀུན་སྟོང་བའི་ངོ་བོ་མཐོང་ཞེས། དངོས་པོ་ནི་དོན་བྱེད་ནུས་པའི་དངོས་པོ་ལ་མི་གོ་བ། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་དངོས་པོའི་ཐ་སྙད་སྦྱར་བའོ། དེ་ལ་ཆེད་འཛིན་མི་ཡོང་བའི་ཆེད། ལྷོད་ཀྱིས་གློད་པས་རང་ས་ཟིན་ཞེས། རིག་པའི་ཆུ་བོ་དྭངས་སྙིགས་ཕྱེ། །ལིངས་ཀྱིས་བོར་བས་གཡང་ས་ཆོད། །རིགས་དྲུག་གཡང་ས་རྦད་ཀྱིས་ཆོད། །སངས་རྒྱས་སེམས་སུ་ངོ་ཤེས་པས། །མྱང་འདས་འབྲས་བུ་རེ་སྨོན་མེད། ཅེས།
ཆོས་ཐུན་གཉིས་པ། སེམས་ཀྱི་རང་བཞིན་འོད་གསལ། སྟོང་པ་ཉིད་ཡིན་ཀྱང་། དེའི་རྩལ་ལས་ཤར་བའི་ཀུན་རྟོག་གིས་བཅིངས། རོལ་པ་འགག་མེད་དང་། རྩལ་ཡིན་པ་ཡིན་པར་མ་ཤེས་པས། དེ་ལ་ཞེན་ལོག་ཞུགས།།རང་རིག་མ་ཤེས་པས། བདག་རྟོག་ཞུགས་ནས་རང་གིས་རང་བཅིངས་པ་ཡིན། བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། བཅིངས་པ་ཀློད་ན། རང་བབས་སུ་འཇོག་ན། གྲོལ་བར་ཐེ་ཚོམ་མེད་ཅེེས། གྲུབ་ཆེན་ས་ར་ཧས་དོ་ཧར། ཀྱེ་ཧོ། མ་གཡེང་སེམས་ཀྱིས་རང་གིས་རང་ལ་ལྟོས། །རང་གི་སེམས་ཀྱི་དེ་ཉིད་རྟོགས་འགྱུར་ན། །གཡེང་བའི་སེམས་ཀྱང་ཕྱག་རྒྱ་ཆེན་པོར་ཤར། མཚན་མ་རང་གྲོལ་བདེ་བ་ཆེན་པའི་ངང་ཞེས་གསུངས་སོ། ༣༽རང་བབས་སྐྱོང་ཚུལ་ནི། དཔེར་ན་ནམ་མཁའི་དཀྱིལ་བལྟས་མཐོང་བ་འགག་པར་འགྱུར། །དེ་བཞིན་སེམས་ཀྱིས་སེམས་ལ་བལྟ་བྱས་ན། །རྣམ་རྟོག་ཚོགས་འགག་བླ་མེད་བྱང་ཆུབ་འཐོབ། །ཅེེས་པ་སྟེ། ནམ་མཁའི་དཀྱིལ་གྱི་སྟེང་དུ་ནམ་མཁའི་དབྱིབས་དང་། ཁ་དོག །མཚན་ཉིད། རང་བཞིན་སོགས་མཐོང་རྒྱུ་མེད་ཅེས། སེམས་ཀྱིས་སེམས་ལ་བལྟ་ཞེས་བརྗོད་པ་ཙམ་ལས། བལྟ་རྒྱུ་ཅི་ཡང་མེད། གཉུག་མའམ། ཐ་མལ་གྱི་ཤེས་པ་སྐྱོང་བ། ཕྱག་ཆེན་སྨོན་ལམ་ལས། བཟང་ཞེན་ཉམས་ཀྱི་འཛིན་པ་རང་སར་གྲོལ། །ངན་རྟོག་འཁྲུལ་པ་རང་བཞིན་དབྱིངས་དུ་དག།།ཐ་མལ་ཤེས་པ་སྤང་བླང་བྲལ་ཐོབ་མེད། །སྤྲོས་བྲལ་ཆོས་ཉིད་བདེན་པ་རྟོགས་པར་ཤོག་ཅེས་སྨོན་ལམ་སྐྱོན་གྱི་འདུག་གམ། བཟང་ཞེན་ཉམས་ཀྱི་འཛིན་པ་ཆེད་གཉེར་དུ་གཉེན་པོ་བརྟེན་ནས་སྤང་པ་མ་ཡིན་པ། ངོ་ཤེས་པས་རང་སར་གྲོལ་བ། འཁྱག་གོང་ཆུ་རུ་བཞུས་པ་ལྟར། བཟང་ཞེན་གྱི་ངན་རྟོག་གཉིས་དེ་འཇིག་པས། ཤུལ་དུ་ཐ་ལམ་ཤེས་པ་ལྟག །དེ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་གཤིས་ཡིན་པ། སངས་རྒྱས་རྣམས་ཀྱིི་ཆོས་ཉིད་ཀྱི་གནས་ལུགས་ཀྱང་དེའོ། །སངས་རྒྱས་ཐམས་ཅད་ཀྱི་དབྱེ་རུ་མེད་པའི་གཤིས་བབས་དེ་ཉིད་དོ། །རྣམ་རྟོག་ཚོགས་འགག་ཅེ་ན། རྣམ་རྟོག་ཚོགས་ཆད་པ་ལྟ་བུ་མིན་པ། དེ་རང་སར་གྲོལ་བ། རིགས་པ་དྲུག་ཅུ་པ་ལས། གང་དག་རྣམ་པར་དབོན་པ་ལ། ། གཡོ་བའི་ཡིད་ཀྱང་མི་གཡོ་སྟེ། །ཉོན་མོངས་སྦྲུལ་གྱིས་དཀྲུགས་པ་ཡི། །མི་བཟད་སྲིད་པའི་རྒྱ་མཚོ་རྒལ། ཞེས་ཡོད་མེད་ཡིན་མིན་གྱི་མཐའ་ཐམས་ཅད་འཛིན་པའི་རྟོག་ཚོགས་མཐའ་དག་རང་སར་ཞི་ན། ཉོན་མོངས་སྦྲུལ་གྱིས་དུག་པའི་སྲིད་པའི་རྒྱ་མཚོ་ལས་རྒལ་བར་འགྱུར་ཅེས། དེས་ན་རྣམ་རྟོག་ཚོགས་འགག་བླ་མེད་བྱང་ཆུབ་འཐོབ་ཅེས་སོ། དེ་ནི་སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་སྐུ་བསྟན་པའོ། ༤༽ གནས་འགྱུ་རིག་གསུམ་ལས། རྣམ་རྟོག་འགྱུ་བའམ་འཕྲོ་བ་ཆོས་ཉིད་ངང་དུ་ཐིམ་ཚུལ་བཤད་པ། དེའི་ངང་དུ་གྲོལ་ཚུལ་བཤད་པ། ས་རླངས་སྤྲིན་དེ་དང་ཐོག་ས་ནས་བྱུང། དེ་ནས་ནམ་མཁར་དེངས། དེངས་པས་དེ་གང་དུ་གནས། གང་དུ་འགྲོ། གང་དུ་དེངས་ཞེས་རྩད་གཅོད་ན། རྙེད་རྒྱུ་མེད་པ། དེ་བཞིན་སེམས་ལས་བྱུང་བའི་དགེ་མི་དགེ་བར་མའི་རྟོག་ཚོགས་ཀྱང་། གཉེན་པོས་བཅོམ་དགོས་པ་མ་ཡིན་པ། རང་སེམས་མཐོང་བས་ཞེས། རང་སེམས་གནད་དུ་གནོན་པས་རྟོག་པའི་རྦ་རླབས་དེངས་ཞེས། གྲུབ་ཆེན་ས་ར་ཧས་དོ་ཧར། དེ་ལྟར་ནམ་མཁའ་སེམས་ལ་ཆོས་ཉིད་ལ། ཐ་དད་ཅུང་ཟད་ཡོད་པ་མ་ཡིན་ན། ཐ་དད་མིང་ནི་གློ་བུར་བཏགས་པ་ཙམ་ཞེས། དེ་ལྟར་ནམ་མཁའ་སེམས་ཆོས་ཉིད་གསུམ་པོ་དེ་མཐའ་དབུས་མེད་པ་ངོ་བོ་གཅིག་པར་བསྟན། དེ་ནི་དོན་མེད་རྫུན་ཚིག་ཏུ་ཟད་ཅེས། མཐར་རྣམ་པར་རྟོག་པ་བྱེ་བྲག་ཅིག་བསྐྱེད་ནས། དེའི་འབྱུང་གནས་འགྲོ་གསུམ་ལ་བརྟགས་ནས་སྒོམ་ཅུང་ཟད་མཉམ་པར་བཞག །
བསོད་ནམས་དབང་རྒྱལ་ནས་ཕབ།

20190109PM_The Ganges Mahamudra_Teaching 6-2