KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow

དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གི་བཀའ་བརྒྱུད་སྨོན་ལམ་ཉིན་དང་པོ་བློ་སྦྱོང་ཆིག་ལབ་རིང་མོའི་བཀའ་ཆོས།

 

གནས་མཆོག་རྡོ་རྗེ་གདན་མཆོད་རྟེན་ཆེན་མོའི་ཉེ་འདབས་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཆོས་རར་སྔར་རྒྱུན་ལྟར་ཞོགས་པ་ཆུ་ཚོད་ལྔ་དང་ཕྱེད་ནས་བླ་སྤྲུལ་མཁན་པོ་དགེ་བའི་བཤེས་གཉེན་རྣམ་པ་དང་སེར་སྐྱ་མི་མང་བཞུགས་གྲལ་འཁོད། ཆུ་ཚོད་དྲུག་པའི་ཐོག་གསང་བདག་མིའི་རྣམ་རོལ་སྐྱབས་རྗེ་གཽ་ཤྲཱི་རྒྱལ་ཚབ་རིན་པོ་ཆེས་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་གནང་ཟིན་དང་བསྟུན་ལེགས་སྦྱར་ཞལ་འདོན་དང་། བདག་སྡང་མ་སོགས་ནས་ཞལ་འདོན་རྣམས་རིམ་གྱིས་གསུངས་ཏེ་ཆུ་ཚོད་བརྒྱད་དང་ཕྱེད་ནས་ཚོགས་ཐུན་དང་པོ་གྲོལ། ཆུ་ཚོད་དགུ་པར་དགེ་འདུན་འདུས་མང་བཞུགས་གྲལ་འཁོད་རྗེས་སྤྱན་རྒྱ་སྤོས་སྣ་དང་བཅས་༸དཔལ་རྒྱལ་དབང་ཀརྨ་པའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་གདན་དྲངས། དབུ་མཛད་ཀྱིས་རྡོ་རྗེ་འཆང་ཐུང་མ་ནས་བཟུང་མནྜལ་སོགས་རིམ་གྱིས་གསུང་སྐབས་བཞུགས་ཁྲིའི་ཐོག་གི་སྐུ་པར་མཐོང་གྲོལ་གྱི་མདུན་དུ་མནྜལ་སྐུ་གསུང་ཐུགས་རྟེན་སོགས་འདེགས་འབུལ་ཞུས། 

སྐབས་དེར་དྲྭ་རྒྱ་བརྒྱུད་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཐོག་ཏུ་༸དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་ལོ་སར་མཚམས་འདྲི་དང་སྦྲགས་བཀའ་སློབ་སྩལ་དོན། 

དེ་རིང་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་ལྔ་པའི་དངོས་གཞི་ལ་ཐུག་ཡོད་རེད། དེའི་ཚོགས་མགོན་དུ་ཕེབས་པའི་རྒྱལ་བའི་རྒྱལ་ཚབ་ཀྭན་ཏིང་གཽ་ཤྲཱི་ཆེན་པོ་མཆོག་དང་སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་དབུས་པས་བླ་སྤྲུལ་རྣམ་པ་ཚོ་དང་། དེ་བཞིན་མཁན་པོ་དགེ་བའི་བཤེས་གཉེན་རྣམ་པ་ཚོ་དང་། དགོན་སྡེ་ཁག་ནས་ཕེབས་པའི་དགེ་འདུན་འདུས་པ་རྒྱ་མཚོ། དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་སེར་སྐྱ་ཕོ་མོ་ཡོངས་ལ་བོད་རབ་གནས་ས་ཁྱི་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། ལོ་གསར་པའི་ནང་དུ་སྐུ་གཟུགས་གསལ་ཐང་དང་བྱ་བ་ལམ་འགྲོ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན། 

ད་རེས་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་ལྔ་པའི་ཐོག་ལ་སྔ་མའི་འཆར་གཞི་ལྟར་ན་ང་རང་ཡོང་རྒྱུའི་གྲ་སྒྲིག་རབ་དང་རིམ་པ་མང་པོ་བྱས་པ་ཡིན། ཡིན་ན་ཡང་མཐའ་མ་དེར་བཅར་མ་ཐུབ། ཡིན་ན་ཡང་སྨོན་ལམ་གྱི་མཛད་རིམ་བཟོ་རྒྱུ་རེད། དེ་བཞིན་གྲ་སྒྲིག་བྱ་རྒྱུ་དེ་ཚོའི་ཐོག་ལ་སྔ་མ་ནང་བཞིན་བསམ་འཆར་ཞུ་རྒྱུ་དང་། དེ་བཞིན་ཚོགས་འདུ་འཚོག་རྒྱུ་སོགས་དུས་ཐོག་ལ་ཞུས་པ་ཡིན།  ད་ལྟ་དངོས་སུ་བཀའ་བརྒྱུད་སྨོན་ལམ་འཚོགས་པའི་རིང་ལ་ཉིན་ལྟར་དྲྭ་རྒྱ་བརྒྱུད་དངོས་སུ་མཇལ་རྒྱུ་དང་ཐད་ཀར་ཐད་ཀར་བཀོད་འདོམས་བྱེད་རྒྱུ་དེ་འདྲ་བྱེད་ཀྱི་ཡོད། དང་པོ་ད་རེས་བཀའ་བརྒྱུད་སྨོན་ལམ་དེ་གང་འདྲ་ཆགས་ཡོང་སྙམ་པའི་སེམས་ཁྲལ་ཏོག་ཙམ་བྱུང་སྟེ་གཙོ་ཆེ་བ་༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་གསུང་ཆོས་དེ་ཟབ་ཅིང་རྒྱ་ཆེན་པོ་དེ་འདྲ་བྱུང་བ་ཡིན་ཙང་དེའི་མི་མང་པོ་ཞིག་གི་སེམས་རྒྱུད་ལ་ཏན་ཏན་ཕན་ཐོགས་ཆེན་པོ་དང་བློ་སྐྱེད་ཆེན་པོ་བྱུང་ཡོད་རེད།  ང་རང་ཡིན་ཡང་དཔེ་མི་སྲིད་པའི་སེམས་ལ་ཕན་པོ་བྱུང་། དེའི་རྒྱུ་མཚན་ལ་བརྟེན་ནས་ཐོག་མར་རིན་པོ་རྣམ་གཉིས་ལ་བཀའ་དྲིན་ཆེ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས། 

དངོས་གཞི་བཀའ་ཆོས་སྐབས་རྒྱལ་དབང་མཆོག་གིས་བཀའ་ཕེབས་དོན། 

ད་རེས་དངོས་གཞིའི་སྐབས་ལ་ལོ་གཅིག་གཉིས་སྔོན་ནས་དགེ་བཤེས་པོ་ཏོ་བ་ཆེན་པོས་མཛད་པའི་བློ་སྦྱོང་ཆིག་ལབ་རིང་མོ་གསུང་ཆོས་བྱ་རྒྱུའི་མགོ་བཙུགས་པ་རེད། མགོ་འཛུགས་མཁན་དེ་ང་རང་ཡིན་དུས་མཇུག་སྐྱེལ་རྒྱུ་དེའང་ང་རང་ཡིན་དགོས་པའི་བཟོ་འདྲ་རེད་འདུག །སྤྱིར་ང་རང་ཐག་རིང་པོ་ཞིག་ལ་ཡོད་ན་ཡང་དེང་དུས་འཕྲུལ་ཆས་ཀྱི་བརྒྱུད་ལམ་གྱི་ཐོག་ནས་ཐད་ཀར་ཐད་ཀར་ཕར་འབྲེལ་བ་བྱེད་ཆོག་པ་ཡིན་དུས་དེ་རིང་ནས་བཟུང་དངོས་གཞི་ཉིན་བཞིའི་རིང་དགེ་བཤེས་པོ་ཏོ་བ་ཆེན་པོས་མཛད་པའི་བློ་སྦྱོང་ཆིག་ལབ་རིང་མོ་དེ་མུ་མཐུད་ནས་ཞུ་རྒྱུ་དེ་སྐལ་བ་བཟང་པོ་ཞེ་དྲག་བྱུང་སོང་། སྤྱིར་བཏང་ང་རང་ངོས་ནས་བཤད་ན་མཁས་བཙུན་བཟང་གསུམ་གང་ཡང་ཡོད་མ་རེད། དེ་ཁེངས་སྐྱུང་མ་རེད་དངོས་ཡོད་གནས་ཚུལ་ཆགས་བསྡད་ཡོད་རེད། ཡིན་ན་ཡང་ཕྱོགས་གཅིག་ནས་རྒྱལ་དབང་ཀརྨ་པས་མཚན་གྱི་བྱིན་རླབས་ཕོག་པ་ཟེར་ནའང་འདྲ། ཕྱོགས་གཅིག་ནས་སྐལ་བ་བཟང་པོ་རེད། ང་རང་ངོས་ནས་༸རྒྱལ་དབང་ཀརྨ་པའི་ཁྲི་འཕང་མཐོན་པོའི་ཐོག་ཏུ་འདུག་དགོས་པ་དེ་དཀའ་ངལ་འདྲ་ཞིག་ཆགས་བསྡད་ཡོད་རེད། གང་ལྟར་དེ་འདྲའི་མིང་ཞིག་ཡོད་པ་ཡིན་དུས་མཚམས་མཚམས་དེའི་བརྒྱུད་ནས་མི་མང་པོ་ཞིག་ལ་ང་རང་ཤེས་ཡོན་དང་འཇོན་ཐང་ཆེ་དྲགས་ནས་མ་ཡིན་ན་ཡང་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་གོང་མ་རྣམས་ཀྱི་ཐུགས་རྗེ་དང་བྱིན་རླབས་ཀྱི་སྟོབས་ཀྱིས་གང་ཟག་མང་པོ་ཞིག་ལ་ཐར་པའི་ས་བོན་བསྐྲུན་ཐུབ་པ་ཡོང་གི་ཡོད་པའི་བཟོ་འདྲ་འདུག །དེའི་རྒྱུ་མཚན་ལ་བརྟེན་ཏེ་༸རྒྱལ་དབང་ཀརྨ་པ་དང་བཀའ་བརྒྱུད་བླ་མ་རྣམས་ཀྱི་བྱིན་རླབས་ཞུས་ནས་རྣམ་པ་ལྷན་རྒྱས་ཚོ་ལ་ཆོས་མར་ཞུ་གི་ཡོད་བསམ་པ་དེ་འདྲ་དྲན་གྱི་ཡོད། རྣམ་པ་ལྷན་རྒྱས་ཚོའི་ངོས་ནས་ཀྱང་སྤྱིར་བཏང་ཆོས་གང་འདྲ་ཞིག་ཞུས་པ་ཡིན་ནའང་རེད།  ལྷག་པར་དུ་ཇོ་བོ་བཀའ་གདམས་པའི་གསུང་དེ་དག་མན་ངག་གནད་དུ་བསྣུན་པ། བོད་པས་སྨན་བཅོས་ཆེད་དུ་གཙག་རྒྱག་གི་ཡོད་པ་ལྟར་རྣག་ཐོག་ཏུ་གཙག་འཁེལ་ལྟ་བུ་སྐྱོན་གང་དུ་ཡོད་ནའང་སྐྱོན་དེ་བཏོན་ཏེ་དེ་ག་རང་སྐྱོན་ལ་སྐྱོན་དུ་ངོ་སྤྲོད་བྱེད་པ་དེ་འདྲའི་མན་ངག་རྨད་དུ་བྱུང་བ་དེ་འདྲ་ཡིན་པ་རེད། དེ་ཡིན་དུས་ཆོས་གསན་པ་པོའི་རྣམས་ཀྱི་ངོས་ནས་ཡིན་ནའང་སོ་སོས་སྒོ་གསུམ་མ་ཡེངས་པར་བྱས་ཏེ་གསན་རོགས་གནང་། ཞེས་གསུང་སྟེ་པོ་ཏོ་བའི་བློ་སྦྱོང་ཆིག་ལབ་རིང་མོ་ལས་ལོ་སྔ་མའི་ཆོས་མཚམས་བསམ་པ་དང་སྦྱོར་བ་གཉིས་སུ་འགྲོ་ལྡོག་ངེས་པས། ཞེས་པ་ནས་མི་དགོས་པར་གསུངས་པ་འགའ་ཞིག་ཀྱང་མེད།› ཅེས་པའི་བར་གྱི་བཀའ་ཁྲིད་བཀའ་དྲིན་སྩལ། མཇུག་ཏུ་ནམ་རྒྱུན་བློ་སྦྱོང་ཁྲིད་བརྒྱབ་ཟིན་པའི་རྗེས་སུ་སྐར་མ་ལྔའི་རིང་ལ་སྒོམ་རྒྱག་གི་ཡོད་རེད། ད་རེས་ཁ་རྩང་སྔོན་འགྲོའི་གསུང་ཆོས་སྐབས་༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་དང་མི་འགྱུར་རིན་པོ་ཆེ་རྣམ་པ་གཉིས་ཀས་སྒོམ་ཁྲིད་མང་པོ་གནང་བ་ཡིན་དུས་གནས་སྐབས་ཤིག་ལ་ངས་སྒོམ་ཁྲིད་བྱེད་རྒྱུ་དང་སྒོམ་རྒྱག་དགོས་པ་མཐོང་གི་མི་འདུག་སྒོམ་དེ་མི་དགོས་པ་གྱིས། གཤམ་དུ་སྨོན་ལམ་གསུང་རྒྱུ་ཡིན་ཞེས་བཀའ་སྩལ།  

ད་ལོ་བཀའ་བརྒྱུད་སྨོན་ལམ་སྐབས་༸རྒྱལ་དབང་མཆོག་སྨོན་ལམ་ཚོགས་མགོན་དུ་དངོས་སུ་ཆིབས་བསྒྱུར་བསྐྱངས་མ་ཐུབ་ནའང་དྲྭ་རྒྱ་བརྒྱུད་སྨོན་ལམ་ཚོགས་ཐོག་ཏུ་བཀའ་ཆོས་སྩལ་སྐབས་འདུས་མང་ཡོངས་ཀྱིས་༸རྒྱལ་དབང་མཆོག་དངོས་སུ་བཞུགས་པ་ལྟ་བུའི་དགའ་ཚོར་དང་དད་འདུན་དཔག་མེད་དུ་བརྟས་པའི་ཉམས་འགྱུར་ལུས་ངག་ཏུ་གསལ་བར་དོད་པའི་གནས་ཚུལ་སྙིང་བསྡུས་བཅས། 

ཐུབ་བསྟན་སྦྱིན་པ་ནས། 

20180226_Monlam Day1_Teaching On Potowas Long Soliloquy4-1