KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་བྱུང་རིམ་དང་ཕན་ཡོན།

འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་བྱུང་རིམ་དང་ཕན་ཡོན།

༄༅།  །སྤྱི་ལོ་ ༢༠༢༤ ལོའི་འཕགས་ཡུལ་རྡོར་གདན་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སུམ་ཅུ་སོ་བརྒྱད་པའི་དངོས་གཞིའི་འདོན་ཆ་ནི་སྔོན་མའི་བཀའ་བརྒྱུད་སྨོན་ལམ་དང་ཅུང་མ་འདྲ་བར་མངོན་ཞིང་།  དེ་ཡང་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དཔལ་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་དབང་གི་རྡོ་རྗེ་མཆོག་གི་ཐུགས་བརྩེ་གཟིགས་པ་ཆེན་པོས།  སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་༧བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གི་དགོངས་བཞེད་ལྟར་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་འབུམ་བཅུ་དང་། དམ་ཚིག་རྡོ་རྗེའི་བཟླས་པ་སོགས་ཀྱི་བགྲང་གསོག་མཛད་རྒྱུ་དང་།  མཆོད་མེ་འབུམ་གཅིག་འབུལ་རྒྱུའི་དགོངས་བཞེད་ཡོད་པ་དེ་བཞིན་གནང་དགོས་པའི་བཀའ་དགོངས་ཕེབས་དོན་ལྟར་བཀའ་བརྒྱུད་སྨོན་ལམ་ཚོགས་པས་ཀྱང་དེ་བཞིན་གོ་སྒྲིག་ཞུས། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་ཞལ་འདོན་དབྱངས་རྟ་སྙན་མོ་ལྡི་རི་རི་གྱེར་བཞིན་གྲངས་གསོག་མཛད་པ་དེ་ཉིད་དངོས་སུ་ཐོས་པའམ་མཇལ་བ་ལགས་ན།  ཁོ་བོའི་སྙིང་དབུས་སུ་དང་འདོད་ཡིད་ཆེས་ཀྱི་དད་པའམ་སྤྲོ་བ་ངང་གིས་སྐྱེ་ཡོང་བ་ན།

འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་སྐོར་ཅུང་ཟད་གླེང་བར་སྤྲོ་བ་དང་།  འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་ཕན་ཡོན་བཅས་ཞུ་བར་འདོད་པ་གཉིས་ལས།

དང་པོ་ནི།  དེ་ཡང་ཁྲུས་ཀྱི་མདོ་རྡོ་རྗེ་རྣམ་འཇོམས་དང་། ལྟ་བའི་མདོ་ཤེས་རབ་སྙིང་པོ།  སྒོམ་པའི་མདོ་འདའ་ཀ་ཡེ་ཤེས། སྤྱོད་པའི་མདོ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་དང།  བཤགས་པའི་མདོ་ཕུང་པོ་གསུམ་པའམ་བྱང་ཆུབ་ལྟུང་བཤགས་བཅས་རྒྱལ་པོའི་མདོ་ལྔ་ཞེས་ཡོངས་སུ་གྲགས་ཤིང་ཉིན་ལྟར་གྱི་ཞལ་འདོན་དུའང་འདི་དག་འདོན་ཐུབ་ན་ཕན་ཡོན་ཤིན་ཏུ་ཆེ་ཚུལ་སོགས་སྔོན་བྱོན་སྐྱེས་ཆེན་དུ་མས་གསུངས་པ་ལས།  སྐབས་སུ་བབས་པ་ནི་སྤྱོད་པའི་མདོ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་སྐོར་ལགས་ཏེ།

དེ་ཡང་མདོ་ལས།  ཚངས་པ་གསུམ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བླ་ན་མེད་པའོ།  །མཆོད་པའི་ལས་བླ་ན་མེད་པས་བསོད་ནམས་ཚད་མེད་པ་འབྱུང་ངོ་།  །གསུམ་གང་ཞེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་འཛིན་པ་དང་། ཇི་ལྟར་ཐོས་པའི་ཆོས་རྣམས་དེ་བཞིན་ཏུ་སྒྲུབ་པའོ།  །ཞེས་གསུངས་པ་ལྟར་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་སྐོར་གླེང་བའམ།  འབྲི་བ་དང་འཆང་བ།  ཞལ་འདོན་དང་བགྲང་གསོག་མཛད་པ་དང་། རྒྱུན་ཁྱེར་དུ་མཛད་པ་རྣམས་ཀྱང་།  དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་འཛིན་པ་དང་། ཇི་ལྟར་ཐོས་པའི་ཆོས་རྣམས་དེ་བཞིན་དུ་སྒྲུབ་པའི་ཚུལ་དུ་གཏོགས་པས།

གངས་ཅན་བོད་དུ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་པ་ཐོག་མ་ནི་ཞང་ཡེ་ཤེས་སྡེས་མཛད་པར་གྲགས་ཤིང་ཁོང་གིས་མཛད་པའི་འགྲེལ་པར་རྒྱ་གར་དུ་བཟང་སྤྱོད་སྨོན་ལམ་གྱི་འགྲེལ་པ་བཞི་ཡོད་པར་གསུངས་ཏེ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་དང་། སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པ་དང་། སངས་རྒྱས་གྲགས་པས་མཛད་པ་དང་། རྒྱན་བཟང་པོས་མཛད་པ་བཅས་བཞི་ཡོད་པར་གསུངས།

དེ་ཡང་བཟང་སྤྱོད་སྨོན་ལམ་ཞེས་པ་ནི་མདོ་སྡེ་སྡོང་པོ་བཀོད་པའི་མདོའམ་སྡོང་པོས་བརྒྱན་པའི་མདོ་ཞེས་པ་ལས་འབྱུང་ཞིང་།  སྡོང་པོ་བཀོད་པའི་མདོ་ཡང་ཕལ་པོ་ཆེའི་མདོ་སྡེའི་ནང་གསེས་སུ་གྱུར་པ་ཞིག་ཡིན་ཞིང་། མདོ་སྡེ་དེ་ནི་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་དུ་གཏོགས་པ་དང་།  དེ་བཞིན་སྡོང་པོ་བཀོད་པའི་མདོའི་བརྗོད་བྱ་ཡང་གཙོ་བོ་ནི།  དགེ་བའི་བཤེས་གཉེན་བསྟེན་ཚུལ།  བསྟེན་པའི་ཕན་ཡོན། ཆོས་ཕྱིར་དཀའ་བ་སྤྱོད་པ། བྱང་ཆུབ་སེམས་དཔའི་བསླབ་པ། ཀུན་ཏུ་བཟང་པོའི་སྤྱོད་པ་རྣམས་ཡིན་ཞིང་།   སྡོང་པོ་བཀོད་པའི་མདོའམ་སྡོང་པོས་བརྒྱན་པའི་མདོ་ཞེས་པའི་དོན་ཡང་།  དེའི་ནང་གི་མི་སྣ་གཙོ་བོའམ་གལ་ཆེ་ཤོས་ནི་ཚོང་དཔོན་གཞོན་ནུ་ནོར་བཟང་ཞེས་བྱ་བ་ཡིན་ཞིང་།  ཁོང་ཐོག་མར་མ་ཡི་མངལ་དུ་ཞུགས་མ་ཐག་ནས་ཁང་ཁྱིམ་དུ་རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པའི་སྡོང་པོ་ཐོན་པ་དང་།  དེ་ནས་བྱིས་པ་དེ་བཙས་མ་ཐག་ཏུ་ཁྱིམ་དུ་ནོར་ཕུན་སུམ་ཚོགས་པར་གྱུར་པས་ནོར་བཟང་ཞེས་ཐོགས་པར་གསུངས་ཤིང་།  ཚོང་དཔོན་ནོར་བཟང་ངམ་བྱིས་པ་བཙས་མ་ཐག་ཏུ་ཁྱིམ་དུ་རིན་པོོ་ཆེ་སྣ་ཚོགས་པས་བརྒྱན་པའི་སྡོང་པོ་ཐོན་པའི་སྐོར་སོགས་གསུངས་པའི་མདོ་ཡིན་པས་ན་སྡོང་པོ་བཀོད་པའི་མདོའམ་སྡོང་པོས་བརྒྱན་པའི་མདོ་ཞེས་ཐོགས་པར་གྲགས་སོ།  །

དེ་ཡང་ཚོང་དཔོན་གཞོན་ནུ་ནོར་བཟང་གིས་ཐོག་མར་འཇམ་དཔལ་དབྱངས་དགེ་བའི་བཤེས་གཉེན་དུ་བསྟེན་པ་དང་།  འཇམ་དཔལ་གྱིས་བཀའ་གནང་བ་ལྟར་དུ།  བྱམས་པ་སོགས་ནས་མཐའ་མར་ཀུན་ཏུ་བཟང་པོའི་བར་དགེ་བའི་བཤེས་གཉེན་བརྒྱ་དང་བཅུ་ལ་བསྟེན་ཡོད་པར་མདོ་དེ་ཉིད་དུ་འཕགས་པ་བྱམས་པས་གསུངས་པ་བཞིན།  ཚོང་དཔོན་གཞོན་ནུ་ནོར་བཟང་གིས་བསྟེན་པའི་བཤེས་གཉེན་ཀུན་ཏུ་བཟང་པོ་མཆོག་གི་ཡོན་ཏན་ནི་སངས་རྒྱས་དང་ཕལ་ཆེར་མཉམ་པར་ཡོད་པས་ན་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གསུངས་ནས་སྡོང་པོ་བཀོད་པའི་མདོ་སྡེ་མཇུག་གྲུབ་མཛད་པས་བཟང་སྤྱོད་སྨོན་ལམ་གྱི་མཚན་གྱི་རྣམ་གྲངས་སུ་ཀུན་ཏུ་བཟང་པོའི་སྨོན་ལམ་ཞེས་པ་ཡང་ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་མཛད་པའི་བཟང་སྤྱོད་སྨོན་ལམ་གྱི་འགྲེལ་པར་གསུངས།

འཕགས་པ་བཟང་པོ་སྤྱོད་པ་འདི་ཉིད་སྨོན་ལམ་གྱི་རྒྱལ་པོ་ཡིན་ཚུལ་ཡང་།  མཁས་གྲུབ་ཀརྨ་ངེས་དོན་བསྟན་རྒྱས་ཀྱི་མཛད་པའི་འཕགས་པ་བཟང་པོ་སྤྱོད་པའི་ཚིག་དོན་གྱི་འགྲེལ་པ་ལེགས་བཤད་ཀུན་ལས་བཏུས་པ་ཞེས་པ་ལས།  འཕགས་པ་ཀུན་ཏུ་བཟང་པོས་གསུངས་པས་སམ།  དེའི་སྤྱོད་པ་སྨོན་ལམ་དུ་འདེབས་པའི་ཕྱིར་རམ།  ཡང་ན་བཟང་པོ་ནི་ཐོག་མཐའ་བར་གསུམ་དུ་དགེ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྟེ།  དང་པོ་ཐོས་པ་ན་དོན་ངེས་ཤིང་ཡིད་ཆེས་པའི་དད་པ་དང་།  བར་དུ་བསམ་པ་ན་ཐོབ་པར་ནུས་པར་རིག་ནས་དགའ་བ་དང་། མཐའ་མར་བསྒོམ་པ་ན་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པའི་བློ་གྲོས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ།  །དེ་ཐམས་ཅད་ཡོངས་སུ་འདུས་པའི་སྨོན་ལམ་གྱི་མདོ་ཆེན་པོ་ཡིན་པས་ན་རྒྱལ་པོའོ།  །ཞེས་གསུངས་པར་ལྟར་ལགས་ཤིང་།  མདོར་ན་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་འདི་ཉིད་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་མཛད་པའི་སྨོན་ལམ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཤིང་གསུངས་པ་ལྟ་བུར་གྱུར་པས་ན་སྨོན་ལམ་ཀུན་གྱི་རྒྱལ་པོ་ཞེས་བྱ་བར་མངོན་ཞིང་།

དེ་ཡང་འཕགས་པ་ཀུན་ཏུ་བཟང་པོ་ཞེས་པ་ཡང་སངས་རྒྱས་དངོས་ཡིན་ལ།  དུས་གསུམ་གྱི་སངས་རྒྱས་ཀུན་གྱི་སྲས་ཀྱི་ཐུ་བོའི་ཚུལ་བཟུང་ནས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པར་བསྟན་པ་ཡིན་ཏེ།  དེ་ཡང་འཕགས་པ་བཟང་པོ་སྤྱོད་པའི་གཞུང་འདི་ཉིད་ལས།
རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ།  །
གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ།  །
མཁས་པ་དེ་དང་མཚུངས་པར་སྤྱོད་པའི་ཕྱིར།  །
དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།  །
ཞེས་གསུངས་པ་ལྟར་རོ།  །


འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་འདི་ཉིད་སངས་རྒྱས་ཀྱི་བཀའ་ཡིན་མིན་གྱི་སྐོར་ནི།   སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག་ལས། བྱིན་གྱིས་བརླབས་པའི་སྐབས་སུ་ཐུགས་ཀྱིས་བྱིན་གྱིས་བརླབས་པ་ལ་བོད་ཀྱི་མཁས་པ་རྣམས་ཐུགས་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པ།  ཐུགས་ཐུགས་རྗེས་བྱིན་གྱིས་བརླབས་པ། ཐུགས་བདེན་པས་བྱིན་གྱིས་བརླབས་པ་སྟེ་གསུམ་དུ་དབྱེ་ཞིང་།  ཞེས་གསུངས་པ་ལྟར་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་འདི་ཉིད་ཐུགས་ཐུགས་རྗེས་བྱིན་གྱིས་བརླབས་པའི་བཀའ་ཡིན་པ་གདོན་མི་ཟའོ།  །

དེ་ཡང་མདོ་སྡེ་ཕལ་པོ་ཆེ་ནི་སངས་རྒྱས་ཀྱིས་དངོས་སུ་གསུངས་པ་ཉུང་ཉུང་ལྟར་སྣང་ཡང་། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ནས་ཀུན་ཏུ་བཟང་པོ་གཙོ་བོར་གྱུར་པས་གསུངས་ཤིང་། སངས་རྒྱས་རྣམས་ཀྱི་ཡོན་ཏན་དང་ཡེ་ཤེས་དང་ཡོན་ཏན་དཔག་ཏུ་མེད་པའི་དྲུང་དུ་འཕགས་པ་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་འདྲི་བ་དྲི་ལན་མཛད་པ་སོགས་དེ་དག་ཐམས་ཅད་ཀྱང་སངས་རྒྱས་རྣམས་ཀྱིས་བྱིན་རླབས་དང་སྤོབས་པ་སྩལ་བ་ཁོ་ན་ལ་བརྟེན་ནས་འབྱུང་བས་ན་མདོ་སྡེ་དེ་དག་སངས་རྒྱས་ཀྱི་བཀར་བགྲངས་ཤིང་།  རྒྱུ་མཚན་དེས་ན་མདོ་དེ་ལས་འབྱུང་བའི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ཡང་སངས་རྒྱས་ཀྱི་བཀར་གཏོགས་པ་གདོན་མི་ཟའོ།  །

འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ཐོག་མར་བོད་དུ་སྒྱུར་མཁན་གྱི་ལོ་ཙཱ་བའི་སྐོར་ནི།  སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག་ལས། སྒྱུར་བྱེད་ནི་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ལོ་ཆེན་བཻ་རོ་ཙ་ནས་ཞུས་ཆེན་མཛད་པར་བཤད་དོ།  །ཞེས་དང་།  བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས།  བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཤོ་ལོ་ཀ་དགུ་བཅུ་རྩ་བདུན། བྱམས་པའི་སྨོན་ལམ་ཤོ་ལོ་ཀ་སུམ་ཅུ། མཆོག་གི་སྤྱོད་པའི་སྨོན་ལམ་ཤོ་ལོ་ཀ་ཉི་ཤུ་རྩ་གསུམ་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར།  ཞེས་གསུངས་པ་དང་།   རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱ་ཆེར་འགྲེལ་བ་འཕགས་མཆོག་རྣམས་ཀྱི་གསང་བའི་མཛོད་ཅེས་བྱ་བ་ལས།  བཻ་རོ་ཙ་ན་རཀྵི་ཏ་ལ་སོགས་པ་འདིའི་གཞུང་འགྲེལ་རྣམས་འགྱུར་མཛད།  ཅེས་གསུངས་པ་དང་། དེ་བཞིན་མཁས་གྲུབ་ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་མཛད་པའི་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་བ་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོའི་གནད་དོན་གསལ་བར་བྱེད་པའི་ཉི་མ་ཞེས་བྱ་ལས་ཀྱང་།  འདིར་འགྱུར་བྱང་མི་འབྱུང་བ་ནི་འདི་ཕལ་པོ་ཆེ་ནས་ལོགས་སུ་ཕྱུང་བའི་དབང་གིས་ཡིན་ལ། ཕལ་ཆེན་ནི་བཻ་རོ་ཙ་ན་རཀྵི་ཏས་བསྒྱུར་རོ།  །ཞེས་གསུངས་པས་བཻ་རོ་ཙ་ན་རཀྵི་ཏ་དང་བནྡེ་ཡེ་ཤེས་སྡེ་ལ་སོགས་པའི་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་བར་ངེས་སོ།  །

འདི་ལྟ་བུའི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་མཐའ་ཡང་བསམ་གྱིས་མི་ཁྱབ་པ་ཡིན་ཏེ།
དེ་ཡང་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་འདི་ཉིད་ལས།
ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར།  །
སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ།  །
ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ།  །
བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ།  །
ཞེས་འབྱུང་བ་ལྟར་ལགས་སོ།  །

གཉིས་པ།   འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་ཕན་ཡོན་ནི།
སྨོན་ལམ་གྱི་རྒྱལ་པོ་འཕགས་པ་བཟང་པོ་སྤྱོད་པ་དེ་ཉིད་ལས།
གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ།  །
རིན་ཆེན་བརྒྱན་ཏེ་རྒྱལ་བ་རྣམས་ལ་ཕུལ།  །
ལྷ་དང་མི་ཡི་བདེ་བའི་མཆོག་རྣམས་ཀྱང་།  །
ཞིང་གི་རྡུལ་སྙེད་བསྐལ་པར་ཕུལ་བ་བས།  །
གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས།  །
བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང་།  །
ལན་ཅིག་ཙམ་ཡང་དད་པ་སྐྱེད་པ་ནི།  །
བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ།  །
ཞེས་ཤོ་ལོ་ཀ་གཉིས་ཀྱིས་མདོར་བསྟན་ནས་གསུངས་པ་དང་།  ཡང་དེ་ཉིད་ལས།
གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པས།  །ཞེས་པ་ནས།
 བདུད་རྣམས་སྡེ་དང་བཅས་པ་ཐམས་ཅད་བཏུལ།  །
ཞེས་པའི་བར་ཤོ་ལོ་ཀ་བཞིས་ཕན་ཡོན་བཅུ་གསུམ་རིམ་པ་བཞིན་དུ་རྒྱས་པར་བསྟན་པ་སོགས་མང་དུ་མཆིས་ཀྱང་ཡི་གེ་འཇིགས་པས་དེ་ཙམ་དུ་བཞག་ཆོག་པ་དང་།  རྒྱས་པར་གཟིགས་འདོད་ཚེ་གོང་དུ་ཞུས་པ་དང་མ་ཞུས་པའི་བཟང་སྤྱོད་སྨོན་ལམ་གྱི་འགྲེལ་པ་སོགས་གཟིགས་གནང་ཡོང་བའི་སྨོན་འདུན་བཅས།

རྡོར་གདན་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༣༨ པའི་ཉིན་ལྔ་པ་སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༠༡ ཚེས་ ༢༢ ཉིན་པདྨ་དབང་རྒྱལ་མིང་པས་བྲིས་པ་དགེའོ།།  །།