KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow

དགེ་བཤེས་པོ་ཏོ་བའི་ཆིག་ལབ་རིང་མོའི་བཀའ་ཆོས་ཉིན་གཉིས་པ།

ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༤ ཉིན་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བཞི་པའི་སྐབས། དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ནས་བཀའ་སྩལ་དོན། ཆིག་ལབ་རིང་མོ་ཉིན་སྔ་མའི་འཕྲོས་ནས་མུ་མཐུད་ཞུ་རྒྱུ་ཡིན། དགེ་བའི་བཤེས་གཉེན་ཆེན་པོ་པོ་ཏོ་བས་ཆོས་གཅིག་མ་གཏོགས་མ་ཞུས་པ་ཡིན་ཡང་དེ་ཉོན་མོངས་འདུལ་བའི་ཐབས་སུ་སྤུངས་པ་ལས་ཁ་བཤད་ཁོ་ནའི་སླད་དུ་བཞག་མེད། དེས་ན་ཆོས་བཤད་པ་དང་། བཤད་ཤེས་པ་ཙམ་གྱིས་མི་ཕན་པར་རྒྱུད་ལ་སྦྱོར་དགོས། རྒྱུད་ལ་སྦྱོར་དགོས་ཞེས་པ་ནི། ཆོས་ནས་གསུངས་པ་ཇི་བཞིན་རང་གི་སེམས་རྒྱུད་ལ་སྦྱོར་བ་དང་། ཉིན་རེའི་འཚོ་བའི་ནང་དུ་ལག་ལེན་བསྟར་རྒྱུ་དེ་ཡིན།


མདོར་ན་གོང་ཞུས་པ་བཞིན་ཚེ་འདིར་ཞེན་པ་ལོག་པ་དང་བློས་ཐོང་བ་ཡིན་པ་ནི་ཤིན་ཏུ་ཉུང་བ་དང་། ང་བྱང་ཆུབ་སེམས་དཔའ་ཡིན་ཞེས་པ་ནི་དུ་མ་ཡོད། དེ་དག་ནི་ཚེ་འདིར་ཞེན་པ་དང་ལྡན་པ་རྣམས་ཏེ། གང་ཡིན་ཞེ་ན། ཚེ་འདིའི་རྒྱུ་ནོར་ལོངས་སྤྱོད་དང་སྙན་གྲགས་ལ་ཆགས་ཤིང་ཞེན་ནས་དེ་ལྟར་སྨྲ་བར་བྱེད། རང་ཉིད་ཚེ་འདིར་ཞེན་པ་གཏིང་ནས་ལོག་པ་ཞིག་ཡིན་ན་མི་གཞན་གྱིས་བྱང་ཆུབ་སེམས་དཔའ་ཡིན་མིན་ཇི་ལྟར་བརྗོད་ཀྱང་བློ་བདེ་བ་དང་གཏད་སོ་མེད་པ་ཞིག་དགོས་པར་གསུངས།


པོ་ཏོ་བ་ང་ནི་དོ་ནུབ་ཤི་ན་ཇི་ལྟར་འགྱུར་སྙམ་ནས་གནས་པ་ལས་སང་ཕྱི་མ་ཕན་ཆད་ཀྱི་གཞི་འདིངས་མྱོང་མེད། མི་གཞན་རྣམས་ཀྱང་བདག་ཇི་བཞིན་ཡིན་ནམ་སྙམ་ནས་གཏམ་དེ་བརྗོད་པ་ཡིན། འོན་ཏང་བདག་དང་ཁོང་རྣམས་ཀྱི་བསམ་པ་དེ་མི་མཚུངས་པར་འདུག །ཡང་ཁོང་ཚོས་སང་ཕན་གྱི་གཞི་མ་བཏིང་ན་ལྟོགས་གྲིར་འཆི་བ་དང་ལེགས་པོ་ཞིག་མི་ཡོང་ཞེས་རྒྱུ་མཚན་དུ་མ་ཞིག་བརྗོད་ནས་ང་ལ་ཞེན་པ་ལོག །ང་ཡང་དེ་རྣམས་ལ་ཤ་ཚ་ཞིང་སྙིང་རྗེ་དཔག་མེད་དུ་སྐྱེས་ཞེས་གསུངས།


མདོར་ན་སེམས་ཁ་ནང་དུ་ཕྱོགས་ནས་རང་ཉིད་ལ་གདེང་ཚོད་ཅིག་མ་རྙེད་པར་སྒོམ་ཆེན་བཟང་པོ་ཡིན་ཞེས་པ་ཙམ་དང་། ཁ་ནས་ཆོས་བཤད་པ་ཙམ་གྱིས་མི་ཕན། དེ་ལྟར་སེམས་ལ་གདེང་ཚོད་ཅིག་རྙེད་པ་ལ་འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་པ་ཡིན་པ་ལ་ཡིན་པར་ངེས་ཤེས་གཏིང་ནས་འདྲོངས་དགོས། དེའི་སྟེང་ཚེ་འདི་ལ་དགོས་མེད་ཀྱི་བློ་ཐག་ནང་ནས་ཆོད་པ་ཞིག་ཀྱང་དགོས་པར་གསུངས།


མི་མང་པོ་ཞིག་གིས་པོ་ཏོ་བའི་ཆོས་བྱེད་ལུགས་དེ་ཚེ་འདི་ཉིད་ལ་བློས་གཏོང་ཐལ་ཆེ་བས་། མ་ཤིའི་སྔོན་རོལ་ཏུ་བྱ་དང་ཁྱི་རྣམས་ཀྱི་ཟས་སུ་འགྱུར་ཞེས་སྨྲས་ནས་ཆོས་ཉམས་ལེན་བྱེད་པ་ལ་འགྱོད་པ་སྐྱེ་རུ་འཇུག འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བྱེད་དུ་འཇུག་པ་ནི། བྱང་སེམས་ཀྱི་བསླབ་བྱ་ནག་པོའི་ཆོས་བཞིའི་བྱེ་བྲག་ཅིག་ཡིན། སོ་སོས་ཆོས་ནས་གསུངས་པ་ཇི་བཞིན་ཉམས་སུ་ལེན་མ་ཐུབ་ཀྱང་མི་གཞན་གྱིས་ཆོས་སྒྲུབ་པ་ལ་རྗེས་སུ་ཡི་རང་བྱས་ན་བསོད་ནམས་མཉམ་དུ་ཐོབ་པར་སངས་རྒྱས་ཀྱི་མདོ་ལས་གསུངས་པ་མ་གོ་བ་ཡིན་ཞེས་གསུངས།


ང་པོ་ཏོ་བ་སྤྲང་པོར་འགྱུར་ནས་མ་ཤིའི་གོང་དུ་བྱ་དང་ཁྱིའི་ཟས་སུ་གྱུར་ན་དེ་ཉིད་ཁོ་བོར་འདོད་པ་ཡིན་ཞེས་བརྗོད་ཚེ་ཁོང་ཚོས་ང་ལ་ཤ་ཚ་བ་དང་སེམས་ཁུར་ལེན་ནས་དེ་ལྟར་བཤད་པ་ཡིན་ཞེས་བརྗོད། ཁོ་བོར་ཤ་ཚ་བའི་མི་རྣམས་ཀྱིས་ཁ་ནས་གཏམ་ངན་དེ་འདྲ་ཞིག་ཐོས་ཚེ་ཤིན་ཏུ་བློ་ཕམ་བྱུང་ཞེས་གསུངས། དེ་ནི་རང་ཉིད་ཀྱི་བསམ་པ་དེ་ཙམ་ཞིག་ལས་མེད་པ་བསྟན་པ་ཡིན། མདོར་ན་འཁོར་བ་ལས་མི་སྒྲོལ་བའི་ཕྱིར་དུ་ཐབས་ཇི་ཡོད་བགྱིས་ཞེས་སྐུལ་བ་ཡིན། དེ་ལྟ་བུའི་ཤ་ཚ་བའི་གཏམ་ནི་ནམ་ཡང་དགོས་པ་མེད་ཅེས་དང་། ཡང་སྒོམ་ཆེན་ཡིན་ཞེས་པ་དང་། ཆོས་འཆད་པ་ལ་མཁས་པ་ཡིན་ཞེས་བརྗོད་པའི་མི་རྣམས་དང་འབྲེལ་བ་བྱུང་ནས་ཆོས་ཀྱི་འབེལ་གཏམ་བྱེད་ཚེ་བསམ་བློ་གཏོང་ཚུལ་མི་མཐུན་པ་བྱུང། དེར་བརྟེན་ཆོས་ཀྱི་འབེལ་གཏམ་མེད་པར་གང་དྲན་བརྗོད་པ་ཡིན་ཞེས་གསུངས།


དེང་སང་ཆོས་པ་རྣམ་དག་སྒྲུབ་པར་ཁས་འཆེ་བ་དུ་མ་ཞིག་གིས་སྔོན་ལ་ཚེ་འདིའི་ལྟོ་གོས་གཞན་ལ་རག་མ་ལས་པ་ཞིག་ཚགས་བྱས། དེ་རྗེས་གནས་བཟང་པོ་ཞིག་ཏུ་བསྡད་དེ་དགེ་སྦྱོར་ལ་བརྩོན་པར་བྱེད་ཅེས་ཤོད་མཁན་དང། དངོས་སུ་ལག་དུ་ལེན་པར་བྱེད་པའང་དུ་མ་ཞིག་འདུག དཔེར་ན། མི་ལོ་ལྔ་བཅུ་ཐུབ་པའི་དབང་དུ་བཏང་ཡང་ལོ་ཉེར་ལྔ་ནི་གཉིད་ཀྱིས་འདའ་བར་བྱེད། ལྷག་མ་ཉེར་ལྔ་ལ་ཉི་ཤུ་མ་ཟིན་བར་དུ་འཚར་ལོངས་སུ་འགོར། ལྷག་མ་ལོ་ལྔ་ཡོད་པའི་བཞི་ཆ་གཅིག་ལྟོ་གོས་འཚོལ་ནས་ཟད། སུམ་ཆ་ཞིག་གི་ནང་དུ་ཆོས་དང་འཇིག་རྟེན་གཉིས་ཀའི་འདུན་མ་མཐར་ཕྱིན་པ་ཞིག་མི་འོང་ངོ།


ཚེ་འདི་བློས་གཏོང་མ་ཐུབ་པར་རྒྱུ་ནོར་ལོངས་སྤྱོད་དུ་མ་ཞིག་གསོག་པ་ནི་བུང་བས་སྦྲང་རྩི་གསོག་པ་ལྟར་ཡིན། བུང་བ་རྣམས་ཀྱིས་འབད་པ་དུ་མས་སྦྲང་རྩི་བསགས་ནས་མཐར་མི་རྣམས་ཀྱིས་བཏོན་ནས་ཁྱེར་བ་བཞིན་ནོ། ང་ཚོས་རྟག་འཛིན་ཀྱི་ཞེན་པ་ཇི་ཙམ་ཆེ་བར་བྱས་པ་བཞིན་སྡུག་བསྔལ་ཡང་དེ་ཙམ་དུ་ཆེ་རུ་འགྲོ་བ་ཡིན་ནོ། ཞེས་བཀའ་སྩལ་ཏོ། དེ་མཇུག་ཏུ་སྐར་མ་བཅུའི་རིང་གོང་གསལ་གསུང་ཆོས་དང་འབྲེལ་བའི་སྒོ་ནས་བསམ་གཏན་ལ་ཅུང་ཙམ་མཉམ་པར་བཞག །
ཀརྨ་ཚེ་རིང་ནས་ཕབ། །

20170214AM_Teaching Geshe potowa Soliloquy2/4