དེ་ཡང་སྔ་དྲོའི་ཆར་༧སྐྱབས་མགོན་༧རྒྱལ་བའི་རྒྱལ་ཚབ་དྲུང་གོ་ཤྲི་ཆེན་པོ་མཆོག་ནས་རྣམ་སྣང་མངོན་བྱང་གི་དངོས་གཞིའི་དབང་སྒྲུབ་མཛད་ཅིང་། ཉིན་རྒྱབ་ཕྱི་དྲོ་ཕྱག་ཚོད་གཉིས་པ་ནས་དངོས་གཞིའི་བཀའ་དབང་སྩལ་འགོ་ཚུགས། ཐོག་མར་༧རྒྱལ་བའི་རྒྱལ་ཚབ་ཆེན་པོ་གང་ཉིིད་སེར་སྦྲེང་གཟབ་རྒྱས་དང་བཅས་སྨོན་ལམ་ཆོས་རའི་ཆོས་ཀྱི་ཁྲི་འཕང་ཆེན་པོར་འཁོད་རྟིང་། ༧སྐྱབས་རྗེ་འབོ་དཀར་མཆོག་སྤྲུལ་རིན་པོ་ཆེ་དང་། འབོ་དཀར་མཁན་རིན་པོ་ཆེ་བློ་གྲོས་དོན་ཡོད་རྣམ་གཉིས་དབུས་པའི་ཚོགས་བཅར་བ་དད་ལྡན་སེར་སྐྱ་ཡོངས་ནས་གུས་ཕྱག་ཕུལ། དབུ་མཛད་ཆེན་མོས་གསོལ་འདེབས་རྡོ་རྗེ་འཆང་ཐུང་མ་དང་མཎྜལ་སོ་བདུན་མའི་ཞལ་འདོན་དབུ་འཛུགས་གནང་ཞིང་། གདན་ས་ར་ལང་དཔལ་ཆེན་ཆོས་གླིང་གི་བླ་སྤྱི་དང་དད་ལྡན་སྦྱིན་པའི་བདག་པོ་རྣམས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས།
དེ་ནས་༧སྐྱབས་མགོན་༧རྒྱལ་བའི་རྒྱལ་ཚབ་མཆོག་ནས་དབང་བཤད་གི་རིམ་པ་རྣམས་ཟབ་ཅིང་རྒྱས་པར་གསུངས་ཏེ། མཐར་འདུས་པ་ཡོངས་ལ་སྤྱོད་རྒྱུད་རྣམ་སྣང་མངོན་བྱང་གི་དངོས་གཞིའི་དབང་ཡོངས་སུ་རྫོགས་པ་སྩལ་བར་མཛད། དབང་འགྲེམ་དུ་༧སྐྱབས་རྗེ་འབོ་དཀར་མཆོག་སྤྲུལ་རིན་པོ་ཆེ་དབུས་པའི་བླ་སྤྲུལ་རྣམས་ཕེབས་ཤིང་། བཀའ་དབང་གྲུབ་པ་དང་བཀའ་དྲིན་གཏང་རག་གི་སྐབས་སུ་སྨོན་ལམ་ཆེན་མོའི་འགན་འཛིན་བླ་མ་ཀརྨ་ཆོས་གྲགས་དབུས་པའི་གནད་ཡོད་ལས་བྱེད་རྣམས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་གཟབ་རྒྱས་ཞུས་པའི་སྒོ་ནས། རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་བཞི་བཅུ་པའི་སྔོན་འགྲོའི་གསུང་ཆོས་ཀྱི་མཛད་རིམ་དེ་ཉིད་ཕྱག་ཆེན་སྨོན་ལམ་གྱིས་མཐའ་བརྒྱན་ཏེ་ལེགས་པར་གྲུབ་བོ། །
ཉིན་དེའི་གནས་ཚུལ་མདོ་ཙམ་གངས་ཤར་ནས།
༧སྐྱབས་མགོན་༧རྒྱལ་བའི་རྒྱལ་ཚབ་ཆེན་མཆོག་ནས་བཀའ་བརྒྱུད་སྨོན་ལམ་སྔོན་འགྲོའི་གསུང་ཆོས།
"འོ་ན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པ་དབང་གི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་སྲུང་ངོ་སྙམ་པའི་ཀུན་སློང་བྱང་ཆུབ་ཀྱི་སེམས་གསལ་བཏབ་སྟེ་གསན་འཚལ། ད་ནམ་མཁའ་ལ་མཐའ་ཡོད་མ་རེད། དེ་བཞིན་དུ་སེམས་ཅན་ལ་ཡང་མཐའ་ཡོད་མ་རེད། དེ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྒྱུ་ཉོན་མོངས་པ་དང་། འབྲས་བུ་སྡུག་བསྔལ་ཐམས་ཅད་ཀྱི་ནང་ལ་བསྡད་ཡོད་རེད། དེ་ཐམས་ཅད་སྡུག་བསྔལ་མེད་པ། ཉོན་མོངས་མེད་པ། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དགོད་པར་བྱ་བའི་ཆེད་དུ། ང་རང་གིས་དབང་ཞུ་བ་ཡིན་སྙམ་པའི་སེམས་བསྐྱེད་ནས་དབང་ཞུ་བར་ཞུ།
དེ་ཡང་གང་གསན་པར་བྱ་བའི་ཆོས་ནི། ཁ་སང་བཤད་པ་ནང་བཞིན་ཐེག་པ་ཆེན་པོའི་མདོ་དང་སྔགས་གཉིས་ཀྱི་ཉམས་ལེན་ཆ་ཚང་། སྟབས་གཅིག་ལ་ལེན་ཡ་ཡོད་པས་སམ་ཆ་མཉམ་དུ་སྤྱོད་པས་ན་སྤྱོད་པའི་རྒྱུད། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་རེད། དེ་ཡང་སྔོན་མ་༧ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རྒྱལ་དབང་རིག་པའི་རྡོ་རྗེ་ཞལ་བཞུགས་པའི་སྐབས་སུ་འཇམ་མགོན་རིན་པོ་ཆེ་དང་ང་གཉིས་སྐུ་མདུན་ལ་ཡོད། དེའི་དུས་ཡིད་བཞིན་ནོར་བུས་ས་སྐྱའི་རྒྱུད་སྡེ་ཀུན་བཏུས་ནང་ལོགས་ལ་བོད་ལ་དར་བའི་རྒྱུད་སྡེ་ཚང་མ་དེའི་ནང་ཚང་ཡོད་རེད། དེ་ཞུ་བར་འཇམ་མགོན་ཀོང་སྤྲུལ་ཁྱོད་གཉིས་བཏང་གི་ཡིན། ཞུ་དགོས་རེད་ཅེས་བཀའ་གནང་སོང་། ཡིན་ན་ཡང་དུས་འགྱངས་ནས་ཞུ་རྒྱུ་བྱུང་མ་སོང་། དེ་ནས་ད་རེས་༧རྒྱལ་དབང་བཅུ་བདུན་པ་ཆེན་པོ་མཆོག་ནས་སྤྱོད་རྒྱུད་འདི་ང་ཚོ་བཀའ་བརྒྱུད་ལ་དགོས་ས་རེད། གནའ་སྔ་མོ་ཀརྨ་པ་སྐུ་ཕྲེང་དྲུག་པ་དང་བདུན་པ་ལ་སོགས་པའི་སྐབས་སུ་ཡང་སྤྱོད་རྒྱུད་རྣམ་སྣང་མངོན་བྱང་གི་ཆོ་གའི་སྒོ་ནས་འགྲོ་དོན་མཛད་པའི་ལོ་རྒྱུས་འདུག །རྒྱུ་མཚན་དེ་ལ་བརྟེན་ནས་༧ས་སྐྱ་ཁྲི་ཆེན་གོང་མ་རིན་པོ་ཆེའི་སྐུ་མདུན་དུ་བཅར་ནས་འདིའི་དབང་དང་ལུང་ཆ་ཚང་ཞུས་པ་ཡིན། ད་རེས་༧རྒྱལ་དབང་ཀརྨ་པ་བཅུ་བདུན་པ་ཆེན་པོས་བཀའ་གནང་ནས་བཀའ་བརྒྱུད་སྨོན་ལམ་གྱི་སྐབས་ཀཾ་ཚང་བཀའ་བརྒྱུད་ཕལ་ཆེ་བ་འདིར་འདུས་ཡོད་རེད། དེ་ལ་དབང་བསྐུར་ནས་ད་ཕྱིན་ཆད་སྤྱོད་རྒྱུད་རྣམ་སྣང་མངོན་བྱང་དར་ཐུབ་པ་གནང་གི་ཡིན་ཅེས་བཀའ་གནང་བ་གཞིར་བཟུང་། འདིར་ང་རང་གིས་ཡང་རྒྱལ་དབང་ཀརྨ་པའི་དགོངས་པ་ལྟར་དུ་དབང་བསྐུར་བ་ཡིན།
དེ་ལ་སྤྱིར་༧རྒྱལ་དབང་ཀརྨ་པ་ཞེས་ཡོངས་སུ་གྲགས་པ་ནི་བོད་ཀྱི་ལུང་པ་ལ་བླ་མ་མང་པོའི་ནང་ནས་ཁྱད་པར་དུ་འཕགས་པ་གཅིག་རེད། དེ་ཡང་ཀརྨ་པ་སྐུ་ཕྲེང་དང་པོ་བྱུང་། དེ་ནས་སྐུ་ཕྲེང་གཉིས་པ་ཀརྨ་པཀྵི་བྱུང་། ཀརྨ་པ་གཉིས་པས་བྱེ་བྲག་ཏུ་ཐུགས་བསྐྱེད། དགོངས་པ་རྫོགས་ཚར་བའི་རྗེས་ལ་སྐྱེ་བ་བསྐྱར་དུ་བཞེས་ནས། ཀརྨ་པའི་གོ་གནས་བཞེས། ཀརྨ་པ་གོང་མ་ནང་བཞིན་མཛད་ཕྲིན་བསྐྱངས་ནས། མཚན་ཡང་བསྐྱར་དུ་སྒྲོག་རྒྱུ་ཡོད་པ། བླ་མའི་ཡང་སྲིད་སྲོལ་དང་པོར་གཏོད་གནང་མཁན་ཡང་རྒྱལ་དབང་ཀརྨ་པ་ཡིན་པ་བོད་ལ་ཡོངས་སུ་གྲགས་པ་རེད། དེ་ནས་ཀརྨ་པ་སྐུ་ཡི་ཕྲེང་བ་རིམ་པར་བྱོན་པ་ཐམས་ཅད། བླ་མ་གཞན་མང་པོ་ལས་ཁྱད་པར་དུ་འཕགས་པ་བྱུང་ནས། ཀཾ་ཚང་བཀའ་བརྒྱུད་ཀྱི་བསྟན་པ་སྐྱོང་བར་མཛད་པ་རེད། ཀཾ་ཚང་བཀའ་བརྒྱུད་ཀྱི་བླ་མ་གཞན་ཡང་ཀརྨ་པ་ལ་བརྟེན་ནས་བྱུང་བ་རེད། ཀཾ་ཚང་བཀའ་བརྒྱུད་ཀྱི་བསྟན་པའི་བདག་པོ་ཡང་ཀརྨ་པ་ཉག་ཅིག་རེད། དེ་ཙམ་དུ་མ་ཟད་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་གཞན་དག་མང་པོ་ཡོད་རེད། ཤངས་པ་བཀའ་བརྒྱུད་ཡོད་རེད། དེ་ལ་སོགས་པ་ལ་ཡང་ཀརྨ་པས་གཟིགས་རྟོག་གནང་། ཕན་ཐོགས་རྒྱ་ཆེན་པོ་གནང་ཡོད་རེད།
གང་གསན་པར་བྱ་བའི་ཆོས་ནི། བདག་ཅག་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚུལ་བསྟན་ནས། ཆོས་ཀྱི་ཁོར་ལོ་རིམ་གསུམ་དུ་སྐོར་བ་སོགས་ཐུན་མོང་བའི་ལུགས་ལྟར་ཡིན་ལགས། བྱེ་བྲག་སྤྱོད་པའི་རྒྱུད་ཀྱི་བཤད་སྲོལ་གྱི་དབང་དུ་བྱེད་ན། རྣམ་སྣང་མངོན་བྱང་ལས། རྒྱུ་ནི་བྱང་ཆུབ་ཀྱི་སེམས་སོ། ལྟ་བ་ནི་སྙིང་རྗེ་ཆེན་པོའོ། མཐར་ཐུག་པ་ནི་ཐབས་སོ། ཞེས་གསུངས་ཏེ།
དེ་ལ་རྣམ་སྣང་མངོན་བྱང་འདི་རྒྱུད་སྡེ་གཞན་ལས་ཁྱད་པར་འཕགས་ཚུལ་ནི། སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་སྐབས་སུ་རྩ་བ་སྙིང་རྗེ་ཆེན་པོ་ཡིན། སྤྱིར་ཐེག་པ་ཆེན་པོའི་མདོ་སྔགས་ཀྱི་ཆོས་མཐའ་དག་ལ་སྙིང་རྗེ་ཆེན་པོའི་ཉམས་ལེན་ཁྱད་པར་དུ་འཕགས་པ་ཡོད་རེད། ཡིན་ན་ཡང་སྤྱོད་རྒྱུད་རྣམ་སྣང་མངོན་བྱང་གི་སྐབས་སུ་སྙིང་རྗེ་སྐྱེས་པའི་ཐབས་ནུས་པ་ཁྱད་པར་འཕགས་པ་ཅན་ཡོད་རེད་ཟེར། ད་སངས་རྒྱས་ཀྱི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་སོ། ཁྱད་པར་དུ་བྱང་ཆུབ་སེམས་དཔའི་ས་ཐོབ་ནས། ས་དང་པོའི་སྐབས་ཀྱི་བྱང་ཆུབ་ཀྱི་སེམས། དེ་ཡང་དོན་དམ་བྱང་ཆུབ་ཀྱི་སེམས་དེ་ལ་བཞག་དགོས་རེད་ཅེས་གསུངས་འདུག །དོན་དམ་བྱང་ཆུབ་ཀྱི་སེམས་དེ་ཆོས་ཉིད་དོན་དམ་པའི་བདེན་པ། བདེ་བར་གཤེགས་པའི་སྙིང་པོ། ང་ཚོ་བཀའ་བརྒྱུད་པའི་ལུགས་སྲོལ་ལྟར་དུ་བཤད་པ་ཡིན་ན་གནས་ལུགས་ཕྱག་རྒྱ་ཆེན་པོ་ཡིན་པ་རེད། གནས་ལུགས་རང་བཞིན་དོན་དམ་བྱང་ཆུབ་ཀྱི་སེམས་དེ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། བརྩེ་བ་སྙིང་རྗེ་ཆེན་པོ། དེ་ནས་ཏིང་ངེ་འཛིན་གསུམ་རང་བཞིན་ལྷུན་འགྲུབ་ཀྱི་ཚུལ་དུ་བཞུགས་ཡོད་རེད། དེ་དཔེར་བཞག་ནས་བཤད་ན། ཟླ་བ་ཚེས་པ་ཞེས་བོད་པས་ཚེས་གསུམ་གྱི་ཟླ་བ་ཕྲ་མོ་ཕྲ་མོ་སྐུད་པ་འདྲ་བོ་གཅིག་ཡོད་རེད་ཟེར། དེ་ཡང་རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་མཐར་ཐུག་ཆོས་ཀྱི་སྐུ་ཆ་ཤས་ཕྲ་མོ་ཙམ་མངོན་དུ་གྱུར་པ་རེད། ད་དེ་ལ་སངས་རྒྱས་ཀྱི་ཆོས་སྐུའི་ཡོན་ཏན་གྱི་ཆ་ཤས་ཀྱང་རེད། གསང་བ་སྔགས་ཀྱི་ལུགས་ལ་སངས་རྒྱས་གཟུགས་ཀྱི་སྐུའི་མཚན་དང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཡང་དེ་ནས་བྱུང་གི་ཡོད་རེད། དེ་ཐབས་ཀྱི་སྒོ་ནས་རིམ་པ་བཞིན་དུ་གོང་ནས་གོང་དུ་ཡར་འཕེལ་ནས་སྤེལ་དགོས་པ་རེད། ད་འདིར་དེ་མངོན་དུ་བྱེད་ཡ་ཐབས་ལ་མདོ་ལུགས་ཀྱི་ཕར་ཕྱིན་དྲུག་ཁ་སང་བཤད་པ་ལྟར་དུ་རེད། དེའི་སྒང་ལ་འཐེབ་པ་ཕྱག་རྒྱ་ལག་པས་ཕྱག་རྒྱ་བཅའ་ཡ་ཡོད་རེད། མཚན་བཟང་པོ་གཙོ་བོ་ཁ་ཤས་མངོན་དུ་བྱེད་ཡ་དང་ཕྱག་རྒྱ་བཅའ་ཡ་ཐབས་ཀྱིས་བསྒོམ་ནས་མཚན་བཟང་པོ་ཁ་ཤས་མངོན་དུ་བྱེད་ཡ་ཡོད་རེད། ལྷག་པར་དེ་ལ་གཟུངས་སྔགས་འདོན་ནས་གཟུངས་སྔགས་ཀྱི་ནུས་པ་ལ་མཚན་བཟང་པོ་བྱུང་ཡ་ནུས་པའི་སྔགས་ཡོད་རེད། དེའི་སྟེང་ལ་ཏིང་ངེ་འཛིན་མཚན་བཅས་དང་མཚན་མེད་གཉིས། མཚན་བཅས་གཟུགས་ཀྱི་རང་བཞིན་སྐུ་དང་དཀྱིལ་འཁོར་བསྒོམ་ཡ་དང་། མཚན་མེད་ཀྱི་ཏིང་ངེ་འཛིན་གནས་ལུགས་ཀྱི་རང་བཞིན་དོན་དམ་པའི་དཀྱིལ་འཁོར་བསྒོམ་ཡ་རེད། དཀྱིལ་འཁོར་དེ་ཡང་དཀྱིལ་འཁོར་གསུམ་བརྩེགས་ཡོད་རེད། དང་པོ་རྒྱ་ཆེ་བ་གཅིག་དེ་ནང་ལ་གཅིག་དེའི་ནང་ལ་གཅིག་བཅས་གསུམ་བརྩེགས་ཡིན། དེ་ཡིན་དུས་གཙོ་བོ་དེ་ལ་རྣམ་པར་སྣང་མཛད་བཞུགས། དེའི་ཤར་ཕྱོགས་དེ་ལ་ཆོས་ཀྱི་སྐུ་ཆོས་བྱུང་དཀར་པོ་གྲུ་གསུམ་པ་གཅིག དེའི་སྟེང་ལ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་སྡོད་པ་གཅིག །གཅིག་གི་རྣམ་པ་ལ་ཆོས་ཀྱི་སྐུ་དེ་ལ་ཆོས་བྱུང་རྡོ་རྗེ་དང་བཅས་པའི་རྣམ་པ་ལ་བཞུགས་བསྡད་པ་གཅིག་ཡོད་རེད། ད་སྤྱིར་རྣམ་པར་སྣང་མཛད་ལ་རྣམ་སྣང་གངས་ཅན་མཚོའི་ཞིང་ཁམས་ཐམས་ཅད་སྐུ་ལ་རྫོགས། སྐུའི་ཞིང་ཁམས་ཡོངས་ལ་ཁྱབ། ཞིང་ཁམས་ཐམས་ཅད་སྐུའི་བ་སྤུ་ཐམས་ཅད་ལ་ཁྱབ་བསྡད་པ། སྐུ་གཟུགས་གཅིག་གི་ཞིང་ཁམས་ཐམས་ཅད་ལ་ཁྱབ་ནས་བཞུགས་བསྡད་པ་རྣམ་པར་སྣང་མཛད་རེད། ད་འདི་ཕྱག་མཉམ་བཞག་མཛད་ནས་བཞུགས་པས་ཕྱག་གི་མཐིལ་ལ་འཇིག་རྟེན་གྱི་ཁམས་ཉི་ཤུ་རྩ་ལྔ་བརྩེགས་ནས་བསྡད་ཡོད་པ། བཅུ་གསུམ་པ་དེ་ང་ཚོའི་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ཆགས་ཡོད་རེད།
ད་ཡང་ལོངས་སྐུའི་ཞིང་ལ་དུས་རྟག་ཏུ་ཆོས་གསུངས་ནས་བཞུགས་པའི་རྣམ་པར་སྣང་མཛད་དང་། འཇིག་རྟེན་ཁམས་ཀུན་ལ་ཁྱབ་ནས་བཞུགས་པའི་རྣམ་པར་སྣང་མཛད་རྣམ་པ་གཉིས་ཡོད་རེད། ད་ང་ཚོའི་རྣམ་སྣང་མངོན་བྱང་འདིའི་ནང་གི་རྣམ་པར་སྣང་མཛད་འདི་སྐུའི་ཞིང་ཁམས་ཡོངས་ལ་ཁྱབ་ནས་བཞུགས་བསྡད་པའི་རྣམ་པར་སྣང་མཛད་དེ་གཙོ་བོ་བཞུགས་བསྡད་རེད། དེའི་འཁོར་དུ་ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་པ་འདྲ་མི་འདྲ་མང་པོ་དེ་དང་། དེའི་སྤྲུལ་པ་འདྲ་མི་འདྲ་མང་པོས་སྐོར་ནས་བཞུགས་འདི་ཡོད་རེད། དེས་ནས་དཀྱིལ་འཁོར་གཉིས་པའི་གཙོ་བོ་ལ། སྤྲུལ་པའི་སྐུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གཙོ་བོ་བྱས་ནས་བཞུགས་ཡོད་རེད། དེའི་འཁོར་དུ་ཤཱཀྱ་ཐུབ་པ་སྤྲུལ་པའི་སྐུའི་སྒོ་ནས་ཤཱཀྱ་ཐུབ་པའི་སྤྲུལ་པ་རྣམ་པ་སྣ་ཚོགས་ཀྱི་ཐབས་ཀྱིས་སེམས་ཅན་མང་པོའི་དོན་མཛད་པ་ལྷ་མང་པོས་བསྐོར་ནས་བཞུགས་ཡོད་པ། དཀྱིལ་འཁོར་གསུམ་པའི་ནང་ལ་དམ་པ་སྦྱིན་པ་དེ་ཉིད་འཇམ་དཔལ་དབྱངས་རེད། འཇམ་དཔལ་དབྱངས་དེ་སྐུའི་རྣམ་པ་ཅུང་ཟད་མ་འདྲ་བ། ཕྱག་གཡས་ན་ཨུཏྤལ་ལ་བསྣམས་བསྡད་པ། སྐུ་མདོག་སེར་པོ་ཡིན་པ་གཅིག་བཞུགས་ཡོད་རེད། དེའི་འཁོར་དུ་ལོངས་སྐུ་དང་སྤྲུལ་སྐུ་གཉིས་ཀྱི་སྐུ་མདུན་ནས་ཐམས་ཅད་ཕྱག་ཐལ་མོ་སྦྱར་ནས་ཆོས་གསན་ནས་བཞུགས་བསྡད་པ། མདོར་ན་དཀྱིལ་འཁོར་དེ་གསུམ་གྱི་ནང་ལ་རྣམ་སྣང་མངོན་བྱང་གི་ལྷ་ཚོགས་བརྒྱ་དང་ཉི་ཤུ་རྩ་གཉིས་བཞུགས་ཡོད་རེད། ཡང་དེའི་འཁོར་དུ་ལྷ་ཚོགས་གྲངས་མེད་པ་མང་པོ་བཞུགས་ཡོད་རེད་གྲངས་གསུང་ཡོད་མ་རེད། ད་མདོར་ན་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སྟེ་སྐུ་བཞིའི་བདག་ཉིད་དེ་དཀྱིལ་འཁོར་ཆགས་ཡོད་རེད། ད་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་འདི་མངོན་དུ་བྱས་ཡ་དེ་ས་དང་པོ་ནས་མངོན་དུ་བྱས་པ་རེད། དེའི་བྱེད་ལས་ཀྱིས་དམ་པའི་ཆོས་ལ་དད་པ་སྐྱེས་ཡ། བྱང་ཆུབ་ཀྱི་སེམས་ལ་བསྟེན་འདོད་ལང་ཡ། སེམས་ཅན་ལ་སྙིང་རྗེ་སྐྱེ་ཡ། ཏིང་ངེ་འཛིན་བསྒོམས་ནས་དོན་དག་ཡོད་པ། འབྲས་བུ་ཡོད་པ་ཏིང་ངེ་འཛིན་སྒོམ་ཤེས་པ། འདི་ཚོ་ཐམས་ཅད་དོན་དམ་བྱང་ཆུབ་སེམས་ཀྱི་བྱེད་ལས་རེད།
ད་ནང་རྣམ་པར་སྣང་མཛད་དབང་སྒྲུབ་བྱེད་ནས་དཀྱིལ་འཁོར་ནང་དུ་སྒྲིག་ཡོད་རེད། ད་རྣམ་པར་སྣང་མཛད་དཀྱིལ་འཁོར་སྒོམ་རྒྱབ་ཡ་ཡོད་རེད། རྣམ་པར་སྣང་མཛད་གཙོ་བོ་དེ་ཞལ་ནུབ་ཀྱི་ཕྱོགས་སུ་གཟིགས་ནས་བཞུགས་ཡོད་རེད། དེ་ཡང་ཤར་ལྷོ་བྱང་གསུམ་གཞལ་ཡས་ཁང་གི་སྒོ་འདི་བཅད་ནས་བཞག ། ནུབ་ཀྱི་སྒོ་འདི་ཕྱེས་ནས་བཞག་ཡོད་རེད། དེ་གཞལ་ཡས་ཁང་གི་དོག་ཀྱང་རྒྱུད་སྡེ་གཞན་དག་གི་མདོག་དང་མ་འདྲ་བ། ཤར་དམར་པོ། ལྷོ་སེར་པོ། ནུབ་ལྗང་ཁུ། བྱང་ནག་པོ། ནུབ་ལྗང་ཁུའི་ཕྱོགས་སུ་ཞལ་གཟིགས་ནས་བཞུགས་ཡོད་རེད། ད་ལྟ་ང་ཚོ་བསྡད་ས་ལ་ནུབ་ཚུར་སྟོན་ཤར་ཕར་བསྐོར་ནས་བཞག་ཡོད་རེད། ད་ལྟ་ང་ཚོ་དབང་བསྐུར་བའི་སྐབས་སུ་ནུབ་སྒོའི་མདུན་དེ་ལ་དཀྱིལ་འཁོར་ཆུང་ཆུང་གསར་པ་གཅིག་ཡོད་རེད། སྒོ་གཅིག་མ་གཏོགས་མེད་བསྡད་པ་ཞིག་རེད། དེ་ཡང་དཀྱིལ་འཁོར་ཕྱོགས་ལ་བསྟན་བསྡད་པ་ཞིག །མདོག་འདི་གཙོ་བོ་དང་གཅིག་པ་རེད། ད་དེ་ལས་དབང་བསྐུར་དུས་སྡོམ་པ་ལེན་སྡིག་པ་བྱང་བ་སོགས་དཀྱིལ་འཁོར་ནང་ལ་བསྡད་ནས་རིམ་པས་རིམ་པས་ངས་བཤད་ཡོང་།
ད་དེས་རྣམ་སྣང་མངོན་བྱང་འདི་ལ་བརྟེན་ནས་སྙིང་རྗེ་ཁྱད་པར་ཅན་སྐྱེ་ཡི་ཡོད་ཟེར། ཚེ་སྔོན་མ་བཀའ་གདམས་རྙིང་མའི་དགེ་བཤེས་འདི་ཚོས་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་ཤ་སྟག་གཙོ་བོར་སྒོམ་བསྡད་ཡོད་རེད་བ། དེ་ཐམས་ཅད་ཀྱི་རྣམ་སྣང་མངོན་བྱང་གི་ཉམས་ལེན་གནང་ནས་སྙིང་རྗེ་དུས་རྒྱུན་དང་མ་འདྲ་བ་བྱང་ཆུབ་ཀྱི་སེམས་ཁྱད་པར་སྐྱེས་ཀྱི་ཡོད་ཟེར། སྐྱེས་པ་ཡོད་དུས་བཀའ་གདམས་པ་ཐམས་ཅད་དེ་ཉམས་ལེན་གནང་མཁན་མང་པོ་བྱུང་ཡོད་རེད། དེ་ནས་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་དེ་ལ་བརྟེན་ནས་དེའི་རང་བཞིན་ངོ་ཤེས་ཡོང་དུས་བཀའ་བརྒྱུད་པའི་སེམས་ཀྱི་གནས་ལུགས་ངོ་སྤྲོད་པ་ཡང་དེ་ལ་བརྟེན་ནས་ཡོང་གི་ཡོད་རེད། བཀའ་བརྒྱུད་པའི་ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་ནང་། སེམས་ཀྱི་ངོ་སྤྲོད་དང་སེམས་ཕྱི་ལ་འདུག་ནང་ལ་འདུག་ཁ་དོག་གང་འདྲ་འདུག་བརྟག་དཔྱད་གཏོང་ཡ་ཚིག་དངོས་སུ་རྣམ་སྣང་མངོན་བྱང་ནང་བཞུགས་ཡོད་རེད། དེ་ནས་སེམས་འདས་པ་དང་། འདས་པའི་རྣམ་རྟོག་དང་། མ་འོངས་པའི་རྣམ་རྟོག་དང་། ད་ལྟ་བའི་རྣམ་རྟོག་དང་མ་བཅོས་པར་བཞག་ཡ་ཚིག་ཡོད་བ། འདི་ཚོ་ཡང་རྣམ་སྣང་མངོན་བྱང་ནང་ཡོད་རེད། དེས་ན་༧ཀརྨ་པ་སྐུ་ཕྲེང་དྲུག་པ་དང་བདུན་པ་བརྒྱད་པ་རྣམ་པ་ཚོས་རྣམ་སྣང་མངོན་བྱང་དེ་ལ་རྩལ་འདོན་མང་པོ་གནང་འདུག །དེས་ཡང་གནད་འགག་ཅིག་དེ་འདྲ་ཡིན་ས་རེད། སྒྲ་སྒྱུར་མར་པ་ལོ་ཙཱ་བའི་མགུར་ནང་ལས་ཁོང་རྒྱ་གར་ལ་ཕེབས། ནཱ་རོ་པ་དང་མཻ་ཏྲི་པ་གཉིས་གཙོ་བོར་བྱས་པའི་བླ་མ་མང་པོ་བསྟེན། ཁོང་གིས་སངས་རྒྱས་ཀྱིས་གསུངས་བཞག་པའི་རྒྱུད་སྡེ་ཐམས་ཅད་དཔག་ཏུ་མེད་པ་མང་པོ་ཡོད་རེད། དེ་ཐམས་ཅད་ཀྱི་སྙིང་པོ་དེ་ཁོང་གིས་ཕྱུངས་ནས་བོད་ལ་བསྣམས་པ་ཡིན། དེ་ཡང་ཁོང་གིས། ལར་རྒྱུད་སྡེ་བཞི་ཡི་ཁོང་སྙིང་ཕྱུང། །དེ་ཡིན་དུས་ཕྱག་རྒྱ་ཆེན་པོའི་ནང་ལ་རྣམ་སྣང་མངོན་བྱང་གི་དོན་དག་སྙིང་པོ་དེ་ནང་ལ་ཚིག་འདི་མ་གསུང་ན་ཡང་དོན་དག་སྙིང་པོ་ཚང་བསྡད་ཡོད་རེད། འོ་རེད་མཐར་ཐུག་པ་ནི་ཐབས་སོ།
(གཞུང་ནང་གི་དབང་བཤད་གསུངས།) ད་དོན་དམ་པ་ལ་དང་པོ་འགོ་བཙུགས་པ་དེ་འཇུག་པ། དེ་ཉིད་སྒོམ་པ་དེ་གནས་པ། ལྡང་བ་ཏོག་ཙམ་འདྲ་གི་མིན་འདུག །སྙིང་རྗེ་ཆེན་པོ་སྒོམ་ནས་སྙིང་རྗེ་ཆེན་པོ་རང་བཞིན་གྱི་དེའི་ནང་ལ་ཚང་ཡོད་པས་སེམས་ཅན་གྱི་དོན་བྱེད་པ་དེ་ཏིང་ངེ་འཛིན་གྱི་ལྡང་བ་དེ་ཡིན། ལྡང་བ་ཟེེར་ཡ་དེ་ཏིང་ངེ་འཛིན་ལས་གྲོལ་བའི་དོན་རེད། ལྡང་བ་ཡང་དུས་གཅིག་ཏུ་ཡོད་པ་སྙིང་རྗེ་ཆེན་པོས་སེམས་ཅན་ལ་འཇུག་པ་སྟོང་པ་ཉིད་ཀྱི་དབྱིངས་སུ་བཞག་པ། འཇུག་ལྡང་གཉིས་ཆ་ལ་ཡོད་པ་དུས་གཅིག་ཏུ་ཡོད་པ་གསུང་སྟངས་མ་འདྲ་བ་ཞིག་རེད་འདུག །(གཞུང་ནང་གི་དབང་བཤད་གསུངས།) རྒྱུད་དེ་ཡང་བསྐལ་པ་གྲངས་མེད་མང་པོ་གོང་ནས་འདས་པའི་སངས་རྒྱས་དཔག་ཏུ་མེད་པ་རྣམས་ཀྱིས་ཀྱང་གསུངས་ཡོད་རེད། ད་ལྟ་སངས་རྒྱས་ཤཱཀྱ་ཐུབ་པས་ཀྱང་གསུངས། མ་འོངས་པར་ཡང་འདུལ་བྱ་འཁོར་དག་པ་རྣམ་ལ་སངས་རྒྱས་རྣམ་པས་གསུང་བར་འགྱུར་པ་རེད། (གཞུང་ནང་གི་དབང་བཤད་གསུངས།) དེ་གང་ལས་བརྒྱུད་པའི་རིམ་པ་ནི་ཐོག་མར་སངས་རྒྱས་རྣམ་པར་སྣང་མཛད་སྐུ་བཞི་བདག་ཉིད་ཅན་གྱིས་འཇལ་དཔལ་དབྱངས་ལ་གསུངས། དེའི་ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ་ལ་གསུངས། དེས་པཎྚི་ཏ་རྡོ་རྗེ་གདན་པ་རྒྱ་གར་རྡོ་རྗེ་གདན་ལ་ནང་པའི་གཙུག་ལག་ཁང་ལ་བཞུགས་མཁན་བླ་མ་བསྟན་པའི་བདག་པོ་ཞིག་ཡིན་ས་རེད། དེ་ལ་གནང་། དང་པོ་འབྱུང་ཁུངས་རྒྱ་གར་རྡོ་རྗེ་གདན་ནས་ཡར་བོད་ལ་དར། ཡང་བསྐོར་ནས་སླར་ཡང་ད་རེས་རྡོ་རྗེ་གདན་ལ་དར་བ་དེ་ཡག་པོ་ཞེ་དྲག་རེད་འདུག །
བསྟན་པ་སྔ་འགྱུར་སྐབས་དང་ཕྱི་འགྱུར་སྐབས་གཉིས། བསྟན་པ་སྔ་འགྱུར་སྐབས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བསམ་ཡས་ཀྱི་གཙུག་ལག་ཁང་བཞེངས་སྐབས་སུ་རྒྱ་གར་གྱི་སློབ་དཔོན་སངས་རྒྱས་གསང་བས་བོད་ལ་བསྣམས་ནས་རྒྱ་ཆེན་པོ་གསུངས་འདུག །ད་དེ་ལ་རྣམ་སྣང་མངོན་བྱང་གི་དཀྱིལ་འཁོར་ལ་རྒྱས་བསྡུས་འདྲ་མི་འདྲ་མང་པོ་ཡོད་རེད། འདི་ཚོ་སྔ་མོ་འདིར་དར་ཡོད་ས་རེད། སྔ་འགྱུར་སྐབས་དར་ཡོད་པ་དེ་ཡང་ཕྱིས་སུ་བསྟན་པ་ཉམས་ཆག་བྱུང་། རྒྱུད་འདི་ཚོ་ཡང་བཞུགས་མི་འདུག །བསྟན་པ་ཕྱི་དར་སྐབས་སུ་བ་རི་ལོ་ཙཱ་བ་ཟེར་བ་ཞིག་ཡོད་རེད་བ། དེ་རྒྱ་གར་ལ་ཕེབས་ནས་བོད་ལ་བསྣམས་ནས་ཡོང་བ་རེད་འདུག །བཀའ་གདམས་པའི་བླ་མ་མང་པོ་ལ་བརྒྱུད་ནས་དར། དེ་རྗེས་སུ་བུ་སྟོན་ཐམས་ཅད་མཁྱེན་པ་བཀའ་བརྒྱུད་པ་རེད། བཀའ་བརྒྱུད་པའི་ནང་ནས་ཁྲོ་ཕུ་བཀའ་བརྒྱུད། སྤྱིར་མདོ་སྔགས་ཐམས་ཅད་ལ་མཁས་པ། བྱེ་བྲག་ཏུ་གསང་སྔགས་ཀྱི་རྒྱུད་སྡེ་ལ་མཁས་པ་ཆེན་པོ་རེད། དེ་ནས་རིམ་པར་བརྒྱུད་ནས་དེང་སང་གི་སྐབས་སུ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་། ད་ལྟ་རྡོ་རྗེ་གདན་ལ་བཞུགས་ཡོད་རེད། ཁ་སང་ཁ་ཉིན་ང་རང་མཇལ་བཅར་ཞུས་པ་ཡིན། དེ་ཡང་མཚན་བརྗོད་པར་དཀའ་བ་༧སྐྱབས་མགོན་གོང་མ་ཆེན་པོ་ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་ཕྲིན་ལས་བསམ་ཕེལ་དབང་གི་རྒྱལ་པོའི་ཞལ་སྔ་ནས་ལེགས་པར་ཐོབ་པའི་ཆོས་འདི་འབུལ་བར་བྱེད་པ་ལ།
སློབ་དཔོན་གྱི་ལས་དང་། སློབ་མའི་བྱ་བའི་རིམ་པ་གཉིས་ཡོད་པ་ལས། དང་པོ་སྔོན་དུ་བསྒྲུབས་ཟིན། གཉིས་པའང་སློབ་མ་དཀྱིལ་འཁོར་དུ་འཇུག་པ་དང་། བཞུགས་པར་དབང་བསྐུར་བར་གཉིས་ཀྱི་དང་སྡོམ་ནི། (གཞུང་ནང་གི་དབང་བཤད་འདོན་མཛད།) མཇུག་བསྡུའི་སྐབས་ད་ཁྱོད་རང་ཚོས་ད་ལྟ་དབང་བསྐུར་བའི་བླ་མ་ལ་སྲུང་འཁོར་བསྒོམ་ནས་ད་ཕྱིན་ཆད་བདུད་ལ་སོགས་པས་གནོད་པ་སྐྱེལ་མི་ཐུབ་པའི་ཆེད་དུ་སྲུང་འཁོར་ནང་བཅུག་ནས་སྲུང་འཁོར་སྒོམ་དགོས་རེད། (གཟུངས་སྔགས་འདོན་མཛད་གནང་ནས།) ད་ཕྱིན་ཆད་ཁྱོད་རང་ཚོས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ལྷག་པར་འདི་ནས་གསུངས་པའི་སྔགས་དང་ཕྱག་རྒྱ་འདི་ཚོ་ལ་བརྟེན་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་ལ་དུས་རྟག་ཏུ་བསགས་དགོས་པ་རེད་ཅེས་ངས་བཤད་ཡོང་བ་དེར་ཉན་པའི་ཚུལ་བྱེད་དགོས་རེད། ད་ད་ལྟ་དབང་འགྲེམ་རེད་རིན་པོ་ཆེ་རྣམ་པ་ཚོ་དང་། སྤྲུལ་སྐུ་རྣམ་པ་ཚོ་དང་མཁན་པོ་རྣམ་པ་མང་པོ་ཡོད། ཁོང་རྣམ་པ་ཚོ་མར་འགྲེམ་བཅུག་གི་ཡིན། ད་ངས་འགྲེམ་ནི་འགྲེམ་དགོས་ཀྱི་འདུག་སྟེ། ཡང་ན་ནིང་ཞེ་ནིང་ང་ན་ནས་ཕྱི་རྒྱལ་ལ་སྨན་བཅོས་བྱེད་ནས་སྡོད་པའི་སྐབས་ལ། ཁྱོད་ན་ཚ་ཡག་པོ་དྲག་འདུག་སྟེ་ཡིན་ན་ཡང་གཟུགས་པོ་ལ་དཀའ་ལས་རྩ་ནས་རྒྱབ་བཅུག་ཡ་ཡོད་མ་རེད། གཟུགས་པོ་དཀའ་ལས་རྒྱབ་བཅུག་ན་ཡང་བསྐྱར་མར་ཐོན་འོང་ཡ་ཉེན་ཁ་འདུག་ཅེས་གསུངས་སོང་དེས་ལ་བརྟེན་ནས་མར་དབང་འགྲེམ་ལ་འགྲོ་ཐུབ་ས་མ་རེད་ཁོང་རྣམ་པ་ཕེབ་ཡོང་གི་རེད།" ཅེས་གསུངས་སོ། །
གསུང་ཆོས་སྒྲ་ཕབ་མཛད་པོ་བསོད་རྒྱལ་བུམ་ཐང་པ།
































