KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བརྒྱད་པའི་སྔ་དྲོའི་གསུང་ཆོས་ཚོགས་ཐེངས་གཉིས་པའི་ངག་དོན་དང་ཕྱི་དྲོའི་མཛད་རིམ་རགས་བསྡུས།

བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བརྒྱད་པའི་སྔ་དྲོའི་གསུང་ཆོས་ཚོགས་ཐེངས་གཉིས་པའི་ངག་དོན་དང་ཕྱི་དྲོའི་མཛད་རིམ་རགས་བསྡུས།

སྤྱི་ལོ༢༠༢༤/༡/༡༤ ཉིན་གྱི་ཆོས་ཐུན་གཉིས་པ་བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྔོན་འགྲོ་གསུང་ཆོས་བྱམས་སྨོན་དངོས་གཞི་དབུ་ཚུགས་པ་ལ་སྔོན་འགྲོ་བྱམས་སྨོན་བྱུང་རིམ་སོགས་ཆོས་ཐེངས་དང་པོར་གསུངས་པས་འཐད་པ་གནང་སྟེ། གསུང་ཆོས་དངོས་གཞི་འཆད་པར་རྩ་བའི་ས་བཅད་གསུམ་སྟེ། དང་པོ་མཚན་སྨྲོས་པ་དང་། གཉིས་པ་དངོས་གཞི། གསུམ་པ་མཇུག་བསྡུས་པ་བཅས་ས་རྩ་བའི་ས་བཅད་གསུམ་བཞག་གནང་ནས།
དངོས་གཞི་སྐབས་སུ། སངས་རྒྱས་བྱང་སེམས་རྣམས་དང་ཆོས་ལ་ཕྱག་འཚལ་བ་ཀུན་རྫོབ་དང་དོན་དམ་བདེན་པ་དང་འབྲེལ་བའི་སྒོ་ནས་གསུང་པ་དང་། ཆོས་ལ་ཕྱག་འཚལ་བའི་སྐབས་སུ་དྲང་དོན་དུ་མངོན་མཐོ་སྒྲུབ་པའི་ཆོས་བཅུ་དྲུག་སོགས་གསུངས་གནང་བ་དང་ངེས་དོན་དུ་སྐྱེ་བ་ཟད་པའི་སྒོ་ནས་བསྟན་པའི་བྱམས་སྨོན་རྩ་བའི་གཞུང་ཚིག་ཤོ་ལོ་ཀ་གཉིས་ཏེ།
སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །
དྲང་སྲོང་ལྷ་མིག་ལྡན་པ་ཡི། །
བྱང་ཆུབ་སེམས་དཔའ་རྣམས་དང་ཡང༌། །
ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ། །

ངན་འགྲོའི་ལམ་ནི་བཟློག་བགྱིད་ཅིང༌། །
མཐོ་རིས་ལམ་ནི་རབ་སྟོན་ལ། །
རྒ་ཤི་མེད་པར་འདྲེན་བགྱིད་པའི། །
བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །
ཞེས་པའི་བར་ཟབ་ཅིང་རྒྱ་ཆེ་བའི་གནད་དོན་རྣམས་ཁ་གསལ་ལ་གོ་བདེ་བའི་སྒོ་ནས་གསུངས་པ་དང་། ལྷག་པར་དུ་མངོན་མཐོ་སྒྲུབ་པའི་ཆོས་བཅུ་དྲུག་གྲངས་དང་བཅས་པ་ཞིབ་ཕྲ་གནང་མཛད་གནང་སོང་། དེ་ཡང་ཆོས་བཅུ་དྲུག་ནི། མི་དགེ་བཅུ་སྤངས་པའི་དགེ་བ་བཅུ་དང་།
ལྷག་མ་དྲུག་ནི་རིམ་བཞིན་དུ།
༡༽ ཆང་མི་འཐུང་བ།
༢༽ ལོག་འཚོར་མི་བརྟེན་པ།
༣༽ གཞན་གནོད་སྤོང་བ།
༤༽ ཀུན་ལ་བྱམས་པ་སྒོམ་པ།
༥༽ ཀུན་ལ་ཀུན་ནས་གུས་པ་བྱེད་པ།
༦༽ སྦྱིན་པ་གཏོང་བ།
བཅས་གསུངས་ནས་ལྔ་པ་ཀུན་ལ་ཀུན་ནས་གུས་པ་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་གཉིས་ཏེ། དང་པོ་ནི་འབུ་སྲིན་ཕྲ་མོ་ཡན་ཆད་ནས་བཟུང་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་སྙིང་པོས་ཁྱབ་ཡོད་པས། སེམས་ཅན་ཐམས་ཅད་སངས་རྒྱས་རུང་དུ་ཡིན་པའི་རྒྱུ་མཚན་དང་། གཉིས་པ་ནི་གཞན་ལ་ཕན་སེམས་འཆང་བའི་སྒོ་ནས་གུས་བཀུར་བྱེད་པ་ནི་མི་བཟང་པོ་ཞིག་མཚོན་བྱེད་ཡིན་པ་མ་ཟད། རང་མི་ཡག་པོ་ཞིག་ཆགས་དགོས་ན་ཡང་། གཞན་ལ་ལུས་ངག་ཡིད་གསུམ་གང་གི་སྒོ་ནས་ཀྱང་གཞན་ལ་བརྙས་ཆོས་དང་། ཁྱད་བསད། མཐོང་ཆུང་མི་བྱེད་པར་གུས་བཀུར་བྱ་རྒྱུ་དེ་ཡིན་པ་དང་། བྱམས་སྨོན་འདི་ཉམས་སུ་ལེན་བྱའི་དབང་དུ་གཙོ་བོ་བྱས་ནས་ཁ་གསལ་ལ་གོ་བདེ་བར་གསུངས་ཡོད་པས། དཔྱད་སྒོམ་དང་འཇོག་སྒོམ་བྱ་རྒྱུ་གནད་ཡིན་པ་གསུངས་ནས། སྐར་མ་འགའ་ཤས་རིང་དུ་དཔྱད་སྒོམ་དང་འཇོག་སྒོམ་གྱི་མཉམ་པར་བཞག་བ་སོགས་གནང་རྗེས་སུ། དྲུག་པ་སྦྱིན་པ་གཏོང་བའི་སྐབས་སུ། སྦྱིན་པ་ཟེར་དུས་ཟས་གོས་སོགས་སྦྱིན་པ་ཙམ་མ་ཡིན་པ། རྒྱུན་དུ་བདག་གཅེས་འཛིན་ཤུགས་ཆེན་པོ་མེད་པའི་སྒོ་ནས་གཞན་ལ་ཕན་སེམས་སྐྱོང་དགོས་པ་དེ་གལ་གནད་ཆེན་པོ་ཡིན། དེ་ནི་ཡོན་ཏན་སྦྱོང་བའི་དགོས་དོན་ཡང་བསྒྲུབས་པ་ཡིན། གཞན་ཕན་གྱི་བསམ་བློ་མེད་ན་ཡོན་ཏན་ཡོད་ཀྱང་ཕན་མི་ཐོག་པར། གཞན་ལ་བརྙས་ཆོས་དང་ཁྱད་བསད་བྱེད་པའི་རྒྱུ་རུ་འགྲོ་བ་སོགས་གསུངས་བའི་སྒོ་ནས་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་བརྒྱད་པའི་སྔོན་འགྲོའི་གསུང་ཆོས་གྱི་ཉིན་དང་པོའི་སྔ་དྲོའི་ཆོས་ཐུན་གཉིས་པ། ཆུད་ཚོད་བཅུ་པ་ནས་ཆུ་ཚོད་བཅུ་གཅིག་དང་སྐར་མ་བཞི་བཅུ་ཞེ་ལྔ་བར་གསུངས་ཏེ་ཐ་མར་དགེ་བ་ནི།
འབྲི་གུང་སྐྱོབ་པ་རིན་པོ་ཆེས།
ཚོགས་གཉིས་ཡིད་བཞིན་ནོར་བུ་ལ། །
སྨོན་ལམ་གྱིས་བྱི་དོར་མ་བྱས་ན། །
དགོས་འདོད་ཀྱི་འབྲས་བུ་མི་འབྱུང་བས། །
མཇུག་བསྔོ་བ་འདི་ལ་ནན་ཏན་མཛོད། ། གསུངས་པ་བཞིན་དུ་བསྔོ་སྨོན་དམ་པས་མཐར་བརྒྱན་ནས་མཇུག་བསྡུས་གནང་སོང་།
ཉིན་དགུང་གསོལ་ཚིགས་རྗེས་སུ་བྱམས་མགོན་རྡོ་རྗེ་འཆང་མཆོག་གིས་ད་རེས་ང་སྨོན་ལམ་ལ་ཡོང་དུས་གཙོ་བོ་བཟང་སྤྱོད་སྨོན་ལམ་འབུམ་བཅུ། དམ་ཚིག་རྡོ་རྗེའི་བཟླས་པ་དུང་གཅིག་འགྲོ་ངེས་པ་དང་། མཆོད་མེ་འབུམ་གཅིག་ཡན་ཆད། བཀའ་འགྱུར་དག་འདོན་རྣམས་བྱ་དགོས་ཞེས་བཀའ་ནན་སྩལ་བ་ལྟར། ༧རྒྱལ་དབང་མཆོག་ནས་ཀྱང་༧བྱམས་མགོན་རིན་པོ་ཆེའི་དགོངས་བཞེད་ལྟར་སྒྲུབ་དགོས་པའི་བཀའ་ཕེབས་པ་བཞིན་དུ་༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་མཆོག་རྣམ་གཉིས་དབུ་བཞུགས་ཐོག་བསམ་བཞིན་དུ་སྲིད་པར་སྐྱེ་བ་བཞེས་པའི་བླ་སྤྲུལ་མཁན་མང་དགེ་འདུན་བཙུན་པ་བཙུན་མ་སྟོང་ཚོ་ལྔ་ལྷག་དང་ལྷན་དུ་སྐལ་པ་དང་ལྡན་པས་དད་གུས་ཀྱི་མེ་ལྕེ་འབར་བའི་འཛམ་གླིང་ཕྱོགས་མཐའ་ཀུན་ནས་ཕེབས་པའི་དད་ལྡན་སློབ་མ་རྣམས་དང་ཆོས་ཞུ་བ་སྟོང་ཚོ་དུ་མས་མགྲོན་གཅིག་དབྱངས་གཅིག་ཏུ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གཙོས་པའི་སྨོན་ལམ་རྣམ་ལྔ་བསགས་གནང་ཏེ་ཉིན་དང་པོའི་རྣམ་དཀར་ཆོས་མཐུན་གྱི་མཛད་རིམ་རྣམས་མཇུག་ལེགས་པར་གྲུབ་སོང་བས། དགེ་འདུན་མང་ཚོགས་འདུས་པའི་རྣམ་དཀར་གྱི་དགེ་རྩ་ཇི་སྙེད་གཅིག་མཆིས་པ་ཐམས་ཅད་ལྷ་གཅིག་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་དང་བདག་ཅག་རྣམས་ཀྱི་སྔོན་གྱི་ལས་སྨོན་བཟང་པོས་མཚམས་སྦྱར་ཏེ་གཙུག་གི་མགོན་དུ་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུགས། གསང་གསུམ་གྱི་བྱེད་པོ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་དབང་གི་རྡོ་རྗེ་མཆོག་རྣམས་གཉིས་གཙོས་པའི་བསྟན་པའི་རྒྱལ་མཚན་ཆེན་མོ་རྟག་ཏུ་བསྒྲེངས་པའི་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་གང་ན་སུ་བཞུགས་པ་ཐམས་ཅད་ཀྱི་སྐུ་ཚེ་མི་འགྱུར་རྡོ་རྗེའི་རང་ཁམས་སུ་བརྟན་ཏེ་གསང་གསུམ་གྱི་མཛད་ཆེན་རྣམས་བསྐལ་པ་ཇི་སྲིད་བར་དུ་གནས་པ་དེ་སྲིད་དུ་དར་ཞིང་རྒྱས་པའི་སྒོ་ནས་འཕྲིན་ལས་རྒྱུན་ཆད་མེད་པར་འཇུག་པ་དང་། རྒྱལ་དབང་མཆོག་སྐྱེན་ནས་མྱུར་དུ་གདན་ས་ཆེན་མོ་རུམ་བཏེག་ཆོས་སྒར་དུ་ཞབས་སོ་བདེ་བར་དགོད་ཐུབ་པ་སོགས་ཕུན་ཚོགས་སྡེ་བཞི་འབྱུང་བའི་རྒྱུ་རུ་བསྔོ་བར་ཞུ།
ཞེས་སྤྱི་ལོ༢༠༢༤/༡/༡༥ ཉིན་ལ་སྔ་དྲོའི་ཆོས་ཐུན་གཉིས་པའི་གསུང་ཆོས་རགས་བསྡུས་ཙམ་དང་ཉིན་རྒྱབ་ཀྱི་མཛད་རིམ་མདོར་ཙམ་ཉི་མ་དོན་འགྲུབ་ནས་ཕུལ།