KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
བཀའ་བརྒྱུད་སྨོན་ལམ་སྔོན་འགྲོའི་གསུང་ཆོས་ཉིན་གཉིས་པའི་ཆོས་ཐུན་གཉིས་པ།

བཀའ་བརྒྱུད་སྨོན་ལམ་སྔོན་འགྲོའི་གསུང་ཆོས་ཉིན་གཉིས་པའི་ཆོས་ཐུན་གཉིས་པ།

༄༅། །སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༠༡ པའི་ཚེས་ ༡༥ ཉིན། འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༣༨ པའི་སྔོན་འགྲོའི་གསུང་ཆོས་ཉིན་གཉིས་པའི་ཆོས་ཐུན་གཉིས་པར། ༧བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱ་ཡི་སི་ཏུ་རིན་པོ་ཆེ་མཆོག་གིས་༧བྱམས་པ་སྨོན་ལམ་གྱི་གསུང་ཆོས་བསྩལ་བའི་སྙིང་བསྡུས།

བྱམས་པའི་སྨོན་ལམ་གྱི་ཡན་ལག་བདུན་པའི་ནང་ནས་ཡན་ལག་དང་པོ་ནས་ལྔ་པའི་བར་ཆོས་ཐུན་དང་པོར་གསུངས་ཟིན་ནས། ཡན་ལག་དྲུག་པ་ཆོས་འཁོར་བསྐོར་བར་བསྐུལ་བ་ནི།
ཕྱོགས་བཅུ་དག་གི་ཕྱོགས་རྣམས་སུ། །ཞེས་པ་ནས།
སྡུག་བསྔལ་སེམས་ཅན་ཐར་བགྱིད་ཤོག །
ཅེས་པའི་བར་དུ་ཤོ་ལོ་ཀ་གཉིས་དང་ཕྱེད་གསུངས་འདུག་པ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནམ་མཁའི་མཐའ་དང་མཉམ་པ་དཔག་ཏུ་མེད་པ་དག་གིས་ཕྱོགས་བཅུ་ཐམས་ཅད་དུ་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་ཚོགས་བསགས་སྒྲིབ་པ་སྦྱངས་ནས། ས་དང་པོ་རབ་ཏུ་དགའ་བ་ནས་ས་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་དུ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་འཚང་རྒྱ་བར་མཛད་པའི་དུས་ལ་བབས་པ། དེ་རྣམས་ལ་འཚང་རྒྱ་བར་བསྐུལ་བ་འདེབས་པ་ཡིན་གསུངས་པ་རེད་ཅེས་གསུངས། དེ་ལ་བསྐུལ་མ་ཟེར། ཁྱེད་རང་རྣམ་པ་སངས་རྒྱས་པའི་དུས་ལ་བབས་པ་རེད། དེ་ནས་གཟིགས་པ་ལྔའི་སྒོ་ནས་གཟིགས་ཏེ། སངས་རྒྱས་ཀྱི་མཛད་པ་རྣམས་བསྟན་ནས་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པར་མཛོད་དུ་གསོལ། སེམས་ཅན་ཐམས་ཅད་ཀྱི་སྟོན་པ་བླ་ན་མེད་པ་མཛོད་དུ་གསོལ་ཞེས་གསོལ་བ་འདེབས་པ་རེད་ཅེས་གསུངས། དེ་ནས།
བྱང་ཆུབ་དམ་པར་སངས་རྒྱས་ཤིང་། །
སྡེ་དང་བཅས་པའི་བདུད་བཏུལ་ནས། །
ཞེས་པ་འདི་དཔེར་ན། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མཆོག་ནི་ལོ་ངོ་ ༢༥༦༠ ཙམ་གྱི་སྔོན་ལ་འཛམ་བུ་གླིང་དུ་འཁྲུངས་ནས་མཛད་པ་བཅུ་གཉིས་རིམ་པ་བཞིན་དུ་བསྟན་ཡོང་དུས། སངས་རྒྱས་པའི་མཛད་པ་བསྟན་པ་འདི་ནི། ལོ་དྲུག་ལ་ཆུ་བོ་ནཻ་རན་ཛ་ནའི་འགྲམ་དུ་དཀའ་བ་སྤྱོད་པའི་མཐར། བྱང་ཆུབ་ཤིང་གི་དྲུང་དུ་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག ཐོ་རངས་མངོན་པར་རྫོགས་པ་སངས་རྒྱས། སྲོད་ལ་བདུད་བཏུལ་ཟེར་དུས། སྤྱིར་བཏང་ཉོན་མོངས་པའི་བདུད། ཕུང་པོའི་བདུད། ལྷའི་བུའི་བདུད། འཆི་བདག་གི་བདུད་བཅས་བདུད་བཞི་བཏུལ་བ་འདི་རེད། ཡིན་ན་ཡང་གལ་ཏེ་བདུད་དེ་དག་གཟུགས་སུ་བསྟན་པ་ལྟ་བུའི་དབང་དུ་བྱས་པ་ཡིན་ན། མི་འཁྲུགས་ཕྲག་གཅིག་བདུད་ཀྱི་དཔུང་ཞེས་པ་ཧ་ཅང་མང་པོ་བཅོམ་པའམ་ཞི་བར་བྱེད་པ་དེ་ལ་བཏུལ་ཞེས་པ་དང་། དེ་ནས།
སྲོག་ཆགས་ཀུན་ལ་སྨན་སླད་དུ། །
ཞེས་པ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་དུ་སྡུག་བསྔལ་རྒྱུ་དང་བཅས་པ་ཐམས་ཅད་དང་བྲལ་ནས་དེ་ཐམས་ཅད་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པ་མཐར་ཐུག་གི་དགོས་པ་རེད། ཕན་པ་དེ་སྒྲུབ་པའི་ཆེད་དུ་ལམ་ཡང་དག་པ་ཞིག་བསྟན་དགོས་པ་རེད། ལམ་ཡང་དག་པ་དེ་སྟོན་པ་བཅོམ་ལྡན་འདས་ལྟ་བུ་ལ་ཆ་བཞག་པ་ཡིན་ན་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དང་། གཞན་དུ་ཡང་དུས་དང་གནས་མ་ངེས་པ་ལ་ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་བསྐོར་བ་དང་། དེ་ནས་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་རྟག་པ་རྒྱུན་གྱི་འཁོར་ལོ་བསྐོར་བ་དང་། དེ་ལྟ་བུའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་རེད། དེ་ལྟ་བུའི་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། ཞེས་བསྐོར་གྱུར་ཅིག་ཅེས་སྨོན་ལམ་མཛད་པ་དང་། དེ་ནས་བསྐོར་བར་བསྐུལ་བ་འདེབས་པ། བསྐོར་བར་མཛོད་དུ་གསོལ་ཞེས་བསྐུལ་བ་འདེབས་པ་འདི་རེད། དེ་ནས།
ཆོས་རྔ་ཆེན་པོ་སྒྲ་ཡིས་ནི། །
སྡུག་བསྔལ་སེམས་ཅན་ཐར་བགྱིད་ཤོག །
ཅེས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་འདེབས་པ་དེ་ཚིག་རྐང་འདི་གཉིས་ཀྱིས་མཐའ་བསྡུས་པ་རེད་ཅེས་གསུངས། དེའི་རྗེས་སུ་ཡན་ལག་བདུན་པ་གསོལ་བ་ནི།
བསྐལ་བ་བྱེ་བ་བསམ་ཡས་སུ། །ཞེས་པ་ནས།
སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །
ཅེས་པའི་བར་ཤོ་ལོ་ཀ་གཉིས་དང་ཕྱེད་ཀྱི་འགྲེལ་བཤད་གསུངས་པ་བཅས་ཀྱིས་ས་བཅད་གཉིས་པ། ཐབས་མཁས་ཡན་ལག་བདུན་པའི་སྐོར་གྲུབ་པ་དང་། དེའི་རྗེས་སུ་ས་བཅད་གསུམ་པ། གདབ་བྱའི་སྨོན་ལམ་དངོས་ལ། རྫོགས་པའི་སངས་རྒྱས་གང་བཞུགས་དང་། །ཞེས་པ་ནས།
བྱང་ཆུབ་སྤྱད་པ་སྤྱོད་གྱུར་ཅིག །
ཅེས་པའི་བར་གྱི་ཤོ་ལོ་ཀ་གཅིག་གི་འགྲེལ་བཤད་གསུངས་པ་དང་། དེའི་རྗེས་སུ།
ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས། །ཞེས་པ་ནས།
བདག་མ་མཆིས་པའི་ཆོས་རྟོགས་ཤོག །
ཅེས་པའི་བར་གྱི་ཤོ་ལོ་ཀ་གསུམ་པོ་རེ་རེས་སྤྱོད་པའི་གཙོ་བོ་དང་འབྲེལ་བའི་སྨོན་ལམ་དང། དོན་དམ་སྟོང་ཉིད་དང་འབྲེལ་བའི་སྨོན་ལམ་སྟེ། ཆོས་ཀྱི་བདག་མེད་དང་གང་ཟག་གི་བདག་མེད་རྟོགས་པའི་སྨོན་ལམ་གྱི་འགྲེལ་བཤད་གསུངས་རྗེས།
བདག་འཛིན་བདག་གིར་འཛིན་པ་ཡི། །
དངོས་པོ་ཀུན་ལ་མི་གནས་པར། །
སེམས་ཅན་ཀུན་་སྨན་སླད་དུ། །
སེར་སྣ་མ་མཆིས་སྦྱིན་གཏོར་ཤོག །
ཅེས་པའི་ཤོ་ལོ་ཀ་གཅིག་གིས་ཕར་ཕྱིན་དྲུག་གི་མཚན་ཉིད་ཐུན་མོང་བ་བསྟན་ཚུལ་དང་།
དངོས་པོ་དངོས་པོར་མ་མཆིས་པས། །ཞེས་པ་ནས།
ཤེས་རབ་ཕ་རོལ་ཕྱིན་རྫོགས་ཤོག །
ཅེས་པའི་བར་ཤོ་ལོ་ཀ་དྲུག་པོ་རེ་རེས་ཕར་ཕྱིན་དྲུག་གི་མཚན་གཞི་ཐུན་མིན་བསྟན་ཚུལ་སོགས་ཀྱི་སྐོར་གསུངས་ཤིང་།
དེ་ལྟར་སྤྱད་པ་སྤྱོད་བྱེད་ཅིང་། །
བྱམས་པ་གྲགས་དང་ལྡན་པ་ཡིས། །
ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས། །
ས་བཅུའི་སྤོ་ལ་རབ་གནས་ཤོག །
ཅེས་པའི་ཤོ་ལོ་ཀ་གཅིག་གིས་ཕན་ཡོན་དྲན་པ་དང་སྨོན་ལམ་གྱི་མཇུག་བསྡུ་ཚུལ་སོགས་ཀྱི་སྐོར་གསུང་ཆོས་ལུང་འདྲེན་མང་དུ་མཆིས་ཀྱང་དུས་ཚོད་ཀྱིས་རྐྱེན་པས་སྙིང་བསྡུས་སུ་བཞག་པ་ཡིན་ཞེས་གསུངས་ནས་མཐར་བསྔོ་སྨོན་གྱིས་བརྒྱན་ནས་བཀའ་བརྒྱུད་སྨོན་ལམ་ཐེངས་ ༣༨ པའི་སྔོན་འགྲོའི་གསུང་ཉིན་གཉིས་པའི་ཆོས་ཐུན་གཉིས་པ་གྲོལ་རྗེས་བླ་སློབ་ཐམས་ཅད་ཉིན་གུང་གི་གུང་ཚིགས་ལ་ཕེབས། ཉིན་རྒྱབ་ཀྱི་ཆོས་ཐུན་སྔ་ཕྱི་གཉིས་ཀར་སྨོན་ལམ་གྱི་རྒྱལ་པོ་བཟང་པོ་སྤྱོད་པའི་སྨོན་ལམ་དང་། བྱམས་པའི་སྨོན་ལམ་བཅས་བགྲང་གསོག་མཛད་པ་དང་། མཐར་བསྔོ་སྨོན་གྱིས་བརྒྱན་ནས་ཉིན་གཉིས་པའི་མཛད་རིམ་ལེགས་གྲུབ་བྱུང་བའི་མཐུས་རྒྱལ་བསྟན་ཡུན་རིང་གནས་ཤིང་འགྲོ་ཀུན་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་གྱུར་ཅིག་ཅེས་སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༠༡ ཚེས་ ༡༥ ཉིན་གནས་ཚུལ་སྙིང་བསྡུས་སུ་པདྨ་དབང་རྒྱལ་མིང་པས་བྲིས་པ་དགེའོ།། །།