ངེས་དོན་སྒྲོན་མེ་ལས་བླ་མའི་རྣལ་འབྱོར་གྱི་གསུང་ཆོས་ཐུན་གསུམ་པ།

སྤྱི་ལོ་༢༠༡༧ ཟླ ༢ ཚེས ༡༠ སྔ་དྲོ་ཆུ་ཚོད་༨ པའི་ཐོག །ཁ་རྩང་ཞུས་པ་བཞིན་བླ་མ་སྤྱི་གཙུག་ཏུ་སྒོམ་སྟེ་དབང་བཞི་ལེན་པ་དེ་གསང་སྔགས་ཀྱི་དམ་ཚིག་ལ་ཉམ་ཆགས་སོང་ན་བདག་འཇུག་ལེན་ཏེ་དམ་ཚིག་གསོ་རྒྱུ་དེ་གལ་ཆེན་པོ་ཡིན་པར་གསུངས་ཡོད། བླ་མའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་ཏེ་བུམ་དབང་གསང་དབང་ཚིག་དབང་གསུམ་ཐོབ་སོང་སྙམ་པའི་མོས་པ་བྱེད། མཐའ་མ་དེ་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་སོང་སྙམ་པ་དེ་བདག་འཇུག་ལེན་པ་རེད། དེ་ཡང་ཐུན་བཞི་བླ་མའི་རྣལ་འབྱོར་ལྟ་བུ་ཡིན་ན་ཐུན་བཞི་ལ་ཉམས་ལེན་བྱེད་དགོས། འགའ་ཤས་ཐུན་དྲུག་ཉམས་ལེན་བྱེད་རྒྱུ་དེ་འདྲ་ཡང་ཡོད་ཅིང་། ལས་དང་པོ་པ་ལ་ཐུན་དྲུག་ཉམས་ལེན་བྱས་ན་ལེགས། ཡུན་ཐུང་གྲངས་མང་བ་བྱས་ན་ཡག་བ་ཡོད། དངོས་གནས་བྱས་ན་ཐུན་བཞི་མ་ཆད་པར་བྱ་དགོས་པ་རེད། མ་མཐའ་ཐུན་གཅིག་མ་ཆད་པར་བྱ་རྒྱུ་གལ་ཆེ། ཐུན་བཅད་ནས་ཉམས་ལེན་བྱ་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། གསང་སྔགས་དང་བྱང་སེམས་ཀྱི་རྩ་ལྟུང་བྱུང་ཞིང་ཐུན་ཚོད་ལས་འདས་ན་རྩ་ལྟུང་བྱུང་བའི་ཉེན་ཆེ་ཞིང་ཐུན་མཚམས་ལས་མ་འདས་པར་བཤགས་སྦྱོང་བྱེད་དགོས་པ་དེ་འདྲ་ཡིན། མདོར་ན་ཁ་རྩང་ཞུས་པ་བཞིན་གལ་ཆེ་ཤོས་དེ་རྩ་བའི་བླ་མ་དེ་གང་ཟག་གཅིག་མ་ཡིན་པར་དཀོན་མཆོག་ཀུན་འདུས་ཀྱི་བདག་ཉིད། ཡི་དམ་ཀུན་འདུས། མཁའ་འགྲོ་ཀུན་འདུས་ཀྱི་བདག་ཉིད་ཡིན་པར་བསམ་དགོས། དམིགས་བསལ་དུ་བསམ་བློ་གཏོང་དགོས་པ་གང་འདུག་ཅེ་ན་རྩ་བའི་བླ་མ་དང་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་གཉིས་ངོ་བོ་དབྱེར་མེད་དུ་སྒོམ་དགོས་པ་དེ་ཤིན་ཏུ་གལ་ཆེ། ལྷག་པར་དུ་ཕྱག་ཆེན་ཉམས་ལེན་བྱེད་མཁན་ཡིན་ན་དྭགས་པོ་རིན་པོ་ཆེ་དང་རྩ་བའི་བླ་མ་གཉིས་དབྱེར་མེད་དུ་སྒོམ་དགོས། དྭགས་བརྒྱུད་པའི་མིང་ཐོགས་པའི་རྩ་བ་ཡིན་པ་དང་། སངས་རྒྱས་ཀྱིས་ལུང་བསྟན་ཡོད་པ་ཡིན་དུས་ཕྱག་ཆེན་ཉམས་སུ་ལེན་མཁན་ཚོས་སྒོམ་དགོས་པ་གལ་ཆེན་པོ་རེད། རང་གི་རྩ་བའི་བླ་མ་དང་གསང་སྔགས་ཀྱི་སྟོན་པ་རྡོ་རྗེ་འཆང་གཉིས་དབྱེར་མེད་དུ་སྒོམ་དགོོས། སྔགས་ཀྱི་སྟོན་པ་རྡོ་རྗེ་འཆང་ཟེར་ན་ཡང་བདག་ཅག་སྟོན་པ་རྡོ་རྗེ་འཆང་གི་སྐུར་བཞེངས་པ་རེད་འདུག །དེ་གཉིས་ངོ་བོ་དབྱེར་མེད་དུ་སྒོམ། མཐའ་མ་དེ་ལ་ད་ལྟ་སྐབས་སུ་བབ་པ་ཀཾ་ཚང་གི་རྗེས་སུ་འཇུག་པ་ཡིན་ན། བསྟན་པའི་བདག་པོ་ཟེར་ན་ཡང་འདྲ་བསྟན་པའི་གསལ་བྱེད་དེ་ཀརྨ་པ་དུས་གསུམ་མཁྱེན་པ་དང་། ཀརྨ་པ་སྐུ་ཕྲེང་རིམ་བྱོན་རྣམས་སྐྱེ་བ་ཐ་དད་རེད་དེ་བླ་མ་གཅིག་གི་ངོ་བོ་ཡིན་དུས་ཀརྨ་པ་སུ་ལ་མོས་པ་ཡོད་ན་ཡང་དེ་དང་ངོ་བོ་དབྱེར་མེད་སྒོམ་དགོས་འདུག དེ་འདྲ་ཞིག་གི་ཐོག་ནས་སོ་སོར་མོས་གུས་སྐྱེ་བའི་ཆེད་དུ་བླ་མ་རྣམས་ལ་མོས་གུས་བྱེད་དགོས་འདུག ཡིན་ཡང་རྩ་བའི་བླ་ཞེས་མང་པོ་ཞུ་དུས་རྩ་བའི་བླ་མ་སུ་རེད་ཅེས་དྲི་བ་སླེབས་ཀྱི་རེད། ངོས་ཀྱི་སར་ཡོང་མཁན་མང་པོ་ཞིག་གིས་ངའི་རྩ་བའི་བླ་མ་སུ་རེད་ང་ལ་བཤད་རོགས་ཟེར་མཁན་མང་པོ་འདུག ངས་ཁྱོད་རང་གི་རྩ་བའི་བླ་མ་འདི་རེད་ཅེས་མིང་དང་ཁ་བྱང་སྤྲད་རྒྱུ་ཁག་པོ་འདུག ཡིན་ན་ཡང་སོ་སོ་ཆོས་ཕྱོགས་ཀྱི་ཉམས་ལེན་བྱེད་མཁན་ཡིན་དུས་ཆོས་ཕྱོགས་ཀྱི་ལམ་སྟོན་བྱེད་མཁན་མང་པོ་ཡོད་རེད་དེ་གཙོ་བོར་སོ་སོ་ལ་དམིགས་བསལ་གྱི་བཀའ་དྲིན་ཆེ་བ་ཕན་ཐོགས་ཆེ་བ་དེ་རྩ་བའི་བླ་མ་རེད་ཟེར་ན་འགྲིག་འགྲོ་གི་མེད་དམ་བསམ་བསམ་རེད། དེ་ཡིན་དུས་རྩ་བའི་བླ་མ་ཟེར་བ་དེ་ཕྱིའི་རྣམ་པ་བལྟ་རྒྱུ་མ་ཡིན་པར་སེམས་ནང་གི་ཚོར་སྣང་དང་སེམས་ཐག་ཉེ་པོ་ཡོད་མེད་མིན་ནམ་སྙམ། དཔེར་ན། མཉམ་མེད་དྭགས་པོ་ལྷ་རྗེ་དང་པོ་བཀའ་གདམས་པའི་བླ་མ་མང་པོ་ཞིག་གི་སློབ་མ་རེད་དེ་མཐའ་མ་དེར་རྗེ་བཙུན་གྱི་དྲུང་དུ་བཅར་བ་རེད། རྗེ་བཙུན་མི་ལ་དེ་ཞེ་ས་མ་ཞུས་པ་ཡིན་ན་རྟེན་དགེ་བསྙེན་ཡིན་པའི་མི་སྐྱ་ཞིག་རེད། བཀའ་གདམས་པའི་དགོན་སྡེ་ནང་བཞིན་ཡོད་མ་རེད་དེ་དྭགས་པོ་རིན་པོ་ཆེས་ཟླ་བ་དུ་མར་བསྟེན་ནས་མཐའ་མ་སྐྱབས་གནས་མཐར་ཐུག་དེ་མི་ལ་རས་པ་ཆགས་ཡོད། ང་ཚོས་རྩ་བའི་བླ་མ་བཙལ་དུས་ཕྱི་ཡི་རྣམ་པ་ལ་བལྟས་ནས་བཙལ་གྱི་ཡོད། བླ་མའི་སྐུ་གཟུགས་མཛེས་མི་མཛེས་དང་། འཁོར་སློབ་མ་འདུ་མི་འདུ། མཚན་སྙན་གྲགས་ཡོད་མེད་དང་སྐུ་ཡོན་ཡོད་མེད་ལ་བལྟ་བ་ལས་བླ་དེ་ལ་ཉམས་རྟོགས་དང་བླ་མ་ཡག་པོ་ཡིན་མིན་ལ་བལྟ་བཞིན་མི་འདུག་བ། དཔེར་ན། ཚོང་ཁང་ནང་ལ་འགྲོ་བ་བཞིན་རེད་འདུག་གམ། ཅ་ལག་ཡག་པོ་ཡོད་ན་ཉོ་ཞིང་ཡག་པོ་མེད་ན་མི་ཉོ་བ་ལྟར་བླ་མ་ཚོང་ཁང་ནང་བཞིན་བྱེད་ཀྱི་འདུག་བ་སྟེ་ངོ་མ་བྱས་ན་ཚོང་ཁང་རང་ཉིད་བྱེད་དེ་རང་སོ་སོའི་དད་པ་དམ་ཚིག་ཡིད་ཆེས་མོས་གུས་ལ་ལྟོས་དགོས་འདུག་བ། ཚོང་ཁང་ལ་ཅ་ལག་ཉོ་བར་སོང་ན་དང་པོ་རང་ལ་ཅ་ལག་ཉོ་བྱེད་ཡོད་དགོས་པ་བཞིན་བླ་མ་ཅ་ལག་ཡིན་ན་རང་གི་དད་པ་དམ་ཚིག་དག་སྣང་མོས་གུས་སོགས་ཀྱི་ཉོ་ཐུབ་མིན་ལ་བལྟ་དགོས། དེང་སང་ཁ་ཤས་ཀྱིས་རྩ་བའི་བླ་མ་མི་རག་པའི་སེམས་ཁྲལ་ཡོང་གིན་འདུག  །གཅིག་བྱས་ན་ཁག་ཡོད་མ་རེད། ལམ་སྟོན་བྱེད་མཁན་མ་རག་པ་ཡིན་གྱི་རེད། ཡིན་ན་ཡང་སངས་རྒྱས་བྱང་སེམས་དེ་དག་གཞན་སེམས་ཅན་གྱི་དོན་བྱས་ནས་བཞུགས་ཡོད། དེ་ཚོས་དོན་བྱེད་པ་ལ་གོ་སྐབས་ཕར་འབུལ་དགོས་འདུག   དཔེར་ན། ཁང་པ་སྒོ་མ་ཕྱེ་བ་ནང་བཞིན་རེད། གཙོ་བོ་དེ་དད་པ་དག་སྣང་མོས་གུས་ཡོད་མེད་ལ་རག་ལས་ཡོད་འདུག གལ་སྲིད་རང་གིས་རྩ་བའི་བླ་མ་མ་རྙེད་ན་ཡང་སེམས་ཁྲལ་མི་དགོས། སྔར་བྱོན་ཟིན་པའི་ཆོས་རྗེ་དྭགས་པོ་རིན་པོ་ཆེ་དང་། དུས་གསུམ་མཁྱེན་པ། རྗེ་རྒོད་ཚང་པ་རྣམ་པས་གང་གསུང་ཡོད་ཅེ་ན་མ་འོངས་པར་དད་པ་དག་སྣང་མོས་གུས་སྐྱེ་ཡུལ་གྱི་བླ་མ་རྙེད་པ་ཡིན་ན། མཉམ་མེད་དྭགས་པོ་རིན་པོ་ཆེའི་བརྒྱུད་པའི་ལུང་ཐོབ་ཅིང་མོས་པ་བྱས་པ་ཡིན་ན་རྩ་བའི་བླ་མའི་བྱིན་རླབས་འཇུག་པར་གསུངས་ཡོད། རྩ་བའི་བླ་མ་བསྟེན་པ་དེ་གཙོ་བོར་ངོ་ཤེས་ཤིང་ཚོར་བ་ཡོད་པ་ཞིག་དང་དད་པ་ཡོད་པ་ཞིག་གལ་ཆེན་པོ་ཆགས་བསྡད་ཡོད་རེད་དེ་རྣམ་དཔྱོད་དང་ཤེས་རབ་བེད་སྤྱོད་རྩ་བ་ནས་མེད་པ་ཡང་མ་རེད། རྣམ་དཔྱོད་དང་ཤེས་རབ་ངེས་པར་དུ་བེད་སྤྱོད་གཏོང་དགོས་རེད། ལྷག་པར་དུ་བླ་མ་ལ་མཚན་ཉིད་ལྡན་མི་ལྡན་ཚོར་བ་ཆེན་པོ་ཡོད་པ་ཙམ་ལྟོས་པ་མིན་པར་རྣམ་དཔྱོད་དང་ཤེས་རབ་བེད་སྤྱོད་བཏང་ནས་བརྟག་ཆོག་པ་རེད། རྒྱུད་དང་མན་ངག་ཁ་ཤས་ནང་དུ་དགོས་པ་བྱུང་ན་བླ་མ་ལོ་བཅུ་གཉིས་ལ་བརྟག་ཆོག་གསུང་ཡོད་པ་རེད། ཡིན་ན་བརྟག་དཔྱད་བྱེད་དུས་བརྟག་དཔྱད་བྱེད་ཤེས་དགོས་པ་དེ་གལ་ཆེན་པོ་རེད། བླ་མ་བརྟག་དུས་སྐྱོན་རྐྱང་རྐྱང་བཙལ་ཏེ་སྙེད་བྲུས་བསྡད་པའི་བཟོ་བྱས་ན་ཡག་པོ་ཡོད་མ་རེད། གཙོ་བོ་དེ་བླ་མའི་ཡོན་ཏན་བརྟག་དགོས་རེད་མ་གཏོགས་སྐྱོན་བརྟག་ནས་མི་ནག་པོ་བཟོ་རྒྱུ་དེ་འདྲ་མ་ཡིན། སྔ་དྲོའི་ཆ་ལ་དེ་ཡིན་ཕྱི་དྲོ་ཆོས་ཁྲིད་བགྱིད་དེ་ནས་ཕྱག་ཆེན་ངེས་དོན་སྒྲོན་མེ་མཇུག་རྫོགས་པ་རེད།  ཅེས་བཀའ་སྩལ་ཏོ། །
ཐུབ་བསྟན་སྦྱིན་པ་ནས་ཕབ།

20170210AM_Torch of True Meaning Session3 Guru Yoga

Right-Column-Pics26.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་