བཀའ་བརྒྱུད་སྨོན་ལམ་གྱི་བླ་མའི་སྲི་ཞུ་བ་རྣམས་ལ་སྩལ་བའི་བཀའ་སློབ།

 

ཕྱི་ལོ་༢༠༡༧ ཟླ་༢ ཚེས་༡༤ ཉིན་གུང་ཡོལ་དུས་ཚོད་གསུམ་པའི་ཐོག །གཏེར་སྒར་ཚོམས་ཆེན་ནང་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ཆིབས་སྒྱུར་བསྐྱངས་ཏེ་བཀའ་བརྒྱུད་སྨོན་ལམ་སྐབས་སོ་བཞི་པའི་བླ་མའི་སྲི་ཞུ་བ་ཆིག་སྟོང་ལ་ཉེ་བར་འདུས་པ་རྣམས་ལ་དམིགས་བསལ་བཀའ་སློབ་སྩལ་དོན།


དེ་རིང་འདིར་བཀའ་བརྒྱུད་སྨོན་ལམ་སྐབས་སོ་བཞི་པར་ཕེབས་པའི་བླ་མའི་སྲི་ཞུ་བ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དམིགས་བསལ་མང་པོ་གང་ཡང་ཞུ་རྒྱུ་མེད། སྤྱིར་བཏང་སྨོན་ལམ་ཟེར་བ་འདི་རེ་བ་ལྟ་བུ་ཞིག་ཆགས་ཡོད། དེ་ཡང་ཆོས་ཁས་ལེན་པ་དང་མི་ལེན་པ། ཆོས་ལ་དད་པ་ཡོད་མེད་ལ་མ་ལྟོས་པར་གང་ཟག་ཅིག་ཡིན་པ་ནས་བཟུང་སྟེ་སྨོན་ལམ་དང་རེ་བ་ཟེར་བ་འདི་རང་ཆས་སུ་ཡོད་ཅིང་། ལྷག་པར་དུ་མི་རྣམས་ལ་ཡོད། དེས་ན་སྨོན་ལམ་ཟེར་བ་འདི་ (Universe) ཚང་མ་ལ་ཡོད་པས་མི་ཚང་མའི་ཁྱད་ཆོས་ཤིག་ཀྱང་ཡིན། སྤྱིར་བཏང་སྨོན་ལམ་ལ་མིང་གི་སྒོ་ནས་ཕྱེ་ན་མང་པོ་ཞིག་ཡོད། དེ་ཡང་བཀའ་བརྒྱུད་སྨོན་ལམ་དང་། རྙིང་མའི་སྨོན་ལམ་ལྟ་བུ་ཡོད་ཀྱང་དེ་ཐམས་ཅད་མིང་ཐ་དད་པ་ཙམ་ལས་སྨོན་ལམ་ཡིན་པ་ལ་ཁྱད་པར་མེད། གང་ལྟར་ང་ཚོ་ཚང་མ་ལ་ཡོད་པའི་རེ་བ་དང་སྨོན་ལམ་ཟེར་བ་འདི་ངོ་ཤེས་དགོས་པ་གལ་ཆེ། ཡང་ན་སྨོན་ལམ་ཟེར་བ་འདི་སེམས་བསྐྱེད་ཅིག་ཀྱང་ཆགས་ཡོད། དེ་ལ་ཡང་རྒྱ་ཆེ་ཆུང་གི་ཁྱད་པར་ཡོད། ང་རང་ཚོ་མང་པོ་ཞིག་གིས་དུས་ཡུན་རིང་པོའི་བར་སེམས་བསྐྱེད་དེ་རང་ཉིད་གཅིག་པུའི་ཆེད་དང་། ཡང་ན་མི་ཁ་ཤས་ཀྱི་ཆེད་བེད་སྤྱོད་བྱས་ཡོད། ད་ནས་བཟུང་སྐྱེ་འགྲོ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་རེ་བ་དང་སྨོན་ལམ་བྱ་དགོས་པ་འདི་གལ་ཆེ་བ་ཡིན། སེམས་བསྐྱེད་དེ་ཡང་ཐོག་མར་རང་ཉིད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ནས་བཟུང་ཀུན་ལ་ཡོད་ཡོད་པ་ཞིག་ཡིན། ཕྱོགས་གཅིག་ནས་སྨོན་ལམ་དེ་དཀའ་བ་མིན་ཏེ་དམིགས་པ་འཕོ་རྒྱུ་འདི་ཡིན། ད་ལྟ་རང་ཉིད་ལ་ཡོད་པའི་དམིགས་པ་དེ་གཞན་སེམས་ཅན་ལ་འཕོ་བ་ཡིན། མདོར་ན་བྱང་ཆུབ་སེམས་ཀྱི་ས་བོན་ཟེར་ནའང་འདྲ་སྨོན་ལམ་རྒྱ་ཆེན་པོ་སྒྲུབ་བྱེད་ཀྱི་ས་བོན་ཐམས་ཅད་ལ་ཡོད། བྱང་ཆུབ་སེམས་ཀྱི་ས་བོན་དེ་ལ་རྐྱེན་སྙིང་རྗེའི་བརླན་གྱིས་བཏབ་ཅིང་འབྲས་བུ་སྨིན་པའི་ཆེད་དུ་སྨོན་ལམ་མཛད་དགོས་པ་ཡིན། དེར་བརྟེན་ང་ཚོས་བཀའ་བརྒྱུད་སྨོན་ལམ་ཚོགས་ཏེ་འབྲས་བུ་སྨིན་པའི་རེ་བ་བྱེད་བཞིན་ཡོད། འབྲས་བུ་སྨིན་མ་སྨིན་ཟེར་བ་དེ་ཡང་མཐའ་གཅིག་ཏུ་བཤད་དཀའ་བ་ཡིན། འོན་ཀྱང་གོ་སྐབས་དེ་ཐམས་ཅད་ལ་ཡོད་པས་འབྲས་བུ་སྨིན་པའི་ཆེད་སྨོན་ལམ་བྱ་དགོས། དེ་ལྟར་ཡིན་སྟབས་ཀུན་ལ་ངོ་སྤྲོད་མདོར་བསྡུས་ཤིག་ཞུས་པ་ཡིན།


མཐའ་མར་སྡེ་ཚན་འདིར་ཞུགས་ཤིང་ཞབས་ཏོག་གནང་མཁན་ཀུན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རྣམས་འདིར་ས་ཐག་རིང་པོ་ནས་ཕེབས། འདིར་ཕེབས་ནས་དཀའ་ངལ་ལ་མ་འཛེམས་པར་སྨོན་ལམ་གྱི་འགན་འཁུར་བཞེས་ནས་སྡེ་ཚན་དེར་ཞུགས་ཏེ་ལྷག་བསམ་རྣམ་དག་གི་སྒོ་ནས་ཕྱག་ལས་གནང་བཞིན་ཡོད། སྤྱིར་བཏང་སྨོན་ལམ་འདི་ལོ་རེ་བཞིན་རྒྱ་བསྐྱེད་དུ་ཕྱིན་པས་མི་རེ་ཟུང་ཞིག་གིས་མཐུན་རྐྱེན་སྒྲུབ་ཐབས་མེད། མདོར་ན་ཁྱེད་རྣམ་པའི་མཐུན་སྦྱོར་ལ་བརྟེན་ནས་སྨོན་ལམ་འདི་གང་ལེགས་སུ་སྒྲུབ་བཞིན་ཡོད། སྨོན་ལམ་སྐབས་ཕྱི་དཔལ་འབྱོར་གྱི་སྒོ་ནས་ཞབས་ཏོག་སྒྲུབ་པ་དང་ལུས་ངག་གིས་ཞབས་ཏོག་སྒྲུབ་མཁན་མང་པོ་ཡོད། རྒྱུའི་སྒོ་ནས་ཞབས་ཏོག་སྒྲུབ་པ་ལ་ཚད་གཞལ་དུ་ཡོད་ཀྱང་། ལུས་ངག་གི་ཞབས་ཏོག་ལ་ཚད་གཞལ་དུ་མེད། མདོར་ན་ཕྱི་ནང་གི་བླ་མའི་སྲི་ཞུ་བ་ཀུན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་ཁྱེད་རྣམས་ལ་ལྷག་བསམ་རྣམ་དག་མཚོན་བྱེད་དུ་དྲན་རྟེན་ཞིག་སྦྱིན་རྒྱུ་ཡིན། དེ་གང་ཡིན་ཞུ་ན། ངོས་ནས་བྲིས་པའི་ (ནམ་ཡང་བདེ།) ཞེས་པ་ཞིག་ཡོད་ཅེས་གསུངས་ཏེ་ཀུན་ལ་མཇལ་ཁ་དང་ཆབས་ཅིག་སྐུ་པར་རེ་སྩལ། 
བསམ་གཏན་མཐར་ཕྱིན་ནས་ཕབ།

20170214PM_Audience with Guru Sevaka

Right-Column-Pics35.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་