གྲུབ་དབང་༸སྐྱབས་རྗེ་མཉན་པ་རིན་པོ་ཆེས་སྩལ་བའི་ཕྱག་ཆེན་གངྒཱ་མའི་བཀའ་ཁྲིད་ཉིན་གཉིས་པའི་ཆོས་ཐུན་གསུམ་པ་དང་བཞི་པ།

གྲུབ་དབང་༸སྐྱབས་རྗེ་མཉན་པ་རིན་པོ་ཆེས་སྩལ་བའི་ཕྱག་ཆེན་གངྒཱ་མའི་བཀའ་ཁྲིད་ཉིན་གཉིས་པའི་ཆོས་ཐུན་གསུམ་པ་དང་བཞི་པ།
ཕྱི་ལོ་ ༢༠༡༩ ཟླ་བ་དང་པོའི་ ཚེས་ ༡༠ ཉིན་གྱི་གུང་ཡོལ་ཆོས་ཐུན་ཕྱག་ཆེན་གངྒཱ་མའི་བཀའ་ཁྲིད་༸སྐྱབས་རྗེ་གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་མཆོག་ནས་བཀའ་བརྒྱུད་སྨོན་ལམ་ཆོས་རར་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་རྟིང་ཉིན་གཉིས་པའི་ཆོས་ཐུན་གསུམ་པ་དབུ་འཛུགས་བསྐྱངས་པར།
རྩ་བར། དཔེར་ན་ནམ་མཁའ་སྟོང་པ་ཐ་སྙད་རབ་བཏགས་ཀྱང་། །ནམ་མཁའ་ལ་ནི་འདི་འདྲར་བརྗོད་དུ་མེད། །དེ་བཞིན་རང་སེམས་འོད་གསལ་བརྗོད་གྱུར་ཀྱང་། །བརྗོད་པས་འདི་འདྲར་གྲུབ་ཅིང་ཐ་སྙད་གདགས་གཞི་མེད། ཅེས་དང་། དེ་ལྟར་སེམས་ཀྱི་རང་བཞིན་གདོད་ནས་ནམ་མཁའ་འདྲ། ཆོས་རྣམས་མ་ལུས་དེ་རུ་མ་འདུས་མེད། ཅེས་ཇི་ལྟར་གསུངས་པ་ལྟར།
དེ་ཡང་གྲུབ་ཆེན་ཏཻ་ལོ་པས་པཎ་ཆེན་ནཱ་རོ་པ་ལ་ཤར་ཕྱོགས་ཆུ་བོ་གངྒཱའི་འགྲམ་དུ་རྡོ་རྗེའི་ཚིག་རྐང་གི་ཐོག་ནས་ཕྱག་རྒྱ་ཆེན་པོ་དོན་གྱི་ངོ་ སྤྲོད་མཛད་པའི་གངྒཱ་མ་ཞེས་པ་དེ་སྐབས་སུ་ཞུ་བར་བྱ་བའི་ཆོས། དེ་ལ་མཉམ་མེད་དྭགས་པོ་རིན་པོ་ཆེས་ཕྱག་རྒྱ་ཆེན་པོ་ཞེས་པའི་སྐབས་ སུ་ཕྱག་རྒྱ་ཆེན་པོའི་དོན་དེ་ཆོས་ཉིད་ཀྱི་དབྱིངས་སུ་རྣམ་རྟོག་རང་དྭངས་སུ་གྲོལ་བ། རྣམ་རྟོག་ཆོས་ཉིད་དུ་ཐིམ་ཚུལ་དེ་ཆེན་པོའི་སྒྲས་ གཞན་ལ་མེད་པའི་ཁྱད་ཆོས་ཀྱི་ངོ་བོ་བསྐྱངས་ནས། བཙན་ས་ཟིན་ཚུལ་དེའི་ཐོག་ནས་ངོ་སྤྲོད་མཛད། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ ཅད་སྐྱེ་བ་མེད་པའི་ངང་ལས་ནམ་ཡང་མི་འདའ་བས་ན་ཕྱག །དེ་ཉིད་དྭགས་པོའི་ཐུན་མོང་མ་ཡིན་ཕྱག་རྒྱ་ཆེན་པོའི་ཚིག་གི་བརྡ་བཀྲོལ་དེ་ཉིད་འཇོག་པར་མཛད། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ངང་ལས་མི་འདའ་བ། སྐྱེ་བ་མེད་པའི་ངང་ལས་མ་ཡོལ་བ། འཁོར་འདས་ཀྱི་ཆོས་ཐམས་སྐྱེ་བ་མེད་པའི་ངང་དུ་དུས་རྟག་ཏུ་གནས་པ། དེ་ལས་མི་འདའ་བ། ཤར་བ། གནས་པ། འབྱུང་བ་ལ་སོགས་པའི་སེམས་བྱེད་ལས་ཅི་དང་ཅི་བྱུང་ཡང། དེ་ཡི་ངང་དུ་ཕྱི་ཡི་རྐྱེན་སྣང་བ་སྣ་ཚོགས་གང་ཞིག་འཆར་བ་ཡིན་ནའང་། དེ་བཞིན་ནང་གི་རྐྱེན་ཅི་དང་ཅི་ཤར་བ་དེ་དག་གི་གནས་ཚུལ་གྱི་གཞི་སྐྱེ་བ་མེད་པའི་ངང་ལས་མི་འདའ་བ། སྐྱེ་བ་མེད་པ་ཞེས་ཤེས་རབ་ཀྱི་ཕ་རོལ་ཕྱིན་པའི་མཐར་ཐུག་གི་སྐྱེལ་སོ། གཞི་ཡི་ཞོག་ཚུལ། ལམ་གྱི་བགྲོད་ཚུལ། འབྲས་བུ་ཐོབ་ཚུལ་ཐམས་ཅད་སྐྱེ་བ་མེད་པའི་ངང་ལས་འགྲོ་དགོས་པ་ཡིན། སྐྱེ་བ་མེད་པའི་དོན་ལ་མངའ་བརྙེས་ཐུབ་ན་ཆོས་ཉིད་ཟད་སར་འཁྱོལ་བ་ཞེས་པ་དེ་ཡོང་བ་ཡིན། བཅོམ་ལྡན་འདས་ཀྱིས་མཉམ་ཉིད་བཅུ་གསུངས་པའི་ནང་ནས་འགངས་ཆེ་ཤོས་དེ་སྐྱེ་བ་མེད་པའི་མཉམ་ཉིད་དེ་ཡིན། སྐྱེ་བ་མེད་པའི་མཉམ་ཉིད་དེ་རྟོགས་ཐུབ་ཚེ་མཉམ་ཉིད་ལྷག་མ་དགུ་པོ་ཤུགས་ཀྱིས་རྟོགས་ནུས་པ་ཡིན། སྔོན་དུ་སྐྱེ་བ་མེད་པའི་མཚན་ཉིད་རྟོགས་དགོས་ཞེས་མདོ་སྡེ་ས་བཅུ་པའི་ནང་བཅོམ་ལྡན་འདས་ཀྱིས་མཉམ་ཉིད་ཀྱི་སྐོར་གསུངས་པ་དེ་སྐྱེ་མེད་མཉམ་ཉིད་གཙོ་བོ་ཡིན། དེ་ཡིན་པར་བརྟེན་མགོན་པོ་ཀླུ་སྒྲུབ་ཀྱིས་རྩ་བ་ཤེས་རབ་ཀྱི་དབུར། བདག་ལས་མ་ཡིན་གཞན་ལས་མིན། གཉིས་ལས་མ་ཡིན་རྒྱུ་མེད་མིན། དངོས་པོ་གང་དང་གང་ན་ཡང། སྐྱེ་བ་ནམ་ཡང་ཡོད་མ་ཡིན། ཞེས་པའི་སྐྱེ་བ་མེད་པ་དེ་གལ་ཆེན་པོ་ཡིན་པར་དགོངས་ནས་མཉམ་ཉིད་ཐམས་ཅད་ཀྱི་ནང་ནས་སྐྱེ་མེད་མཉམ་ཉིད་དེ་གནད་ཆེ་བ་དང། དེ་ངེས་པར་སྔོན་དུ་འགྲོ་དགོས་པ་ལ་དགོངས་ནས་ནམ་ཡང་ཞེས་པའི་ཚིག་དེ་གནས་སྐབས་གང་དུ་ཡང་། རྐྱེན་གང་དང་ཡིན་ནའང། རང་གཞན་འདི་ལྟ་བུའི་ཚུལ་གྱིས་ཡོད་ཀྱང་དེ་དག་ལ་རག་མ་ལས་པར་ཁོ་རང་གི་དོན་དེ་སྐྱེ་བ་མེད་པའི་གཤིས་ལ་མཆིས་པ་ཡིན། ཡི་གེ་ཨ་ཞེས་པ་དེ་སྐྱེ་བ་མེད་པ་མཉམ་ཉིད་ཀྱི་རང་སྒྲ་ཡིན། སྐྱེ་བ་མེད་པ་མཉམ་ཉིད་ཀྱི་རང་སྒྲ་ལས་ཡི་གེ་ཨ་ཞེས་དང་། ཁྱད་པར་དུ་རྫོགས་ཆེན་སེམས་འདས་ཀྱི་ལུགས་ལ་སེམས་ངོ་སྤྲོད་སྐབས་ཨཱ་ལི་དང་ཀཱ་ལིའི་ཐོག་ནས་ངོ་སྤྲོད་མཛད་པ་ཡིན། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ། ཞེས་པ་ལ་སོགས་པའི་ཐོག་ནས་སྐྱེ་མེད་ཀྱི་མཉམ་ཉིད་ངོ་སྤྲོད་པ་དེ་དག་གདམས་ངག་མཛོད་ནང་ཡོད། དེས་ན་ངོ་སྤྲོད་ཚུལ་དེ་ལྟར་ཡིན། དང་པོ་ཀློང་ནས་བྱུང་ཚུལ། དེ་ནས་ཀློང་དུ་ཐིམ་ཚུལ་བླ་མའི་བརྡ་ཐབས་ཀྱི་ཐོག་ནས་ཀྱང་དང་པོ་སྒྲ་ཆུང་ངུར་བརྗོད་ནས་ཨ་ཨཱ་ཞེས་སྒྲ་རིམ་གྱིས་མཐོ་རུ་འགྲོ་ཚུལ་ཏེ། ཆོས་ཉིད་ཀློང་ལས་བྱུང་ཚུལ་བཤད། ཐིམ་ཚུལ་བཤད་པའི་སྐབས་དང་པོ་ནས་ཡི་གེ་སྒྲ་དྲག་པོ་བརྗོད་ནས་མཐའ་མར་སྒྲ་ཆུང་ངུར་མར་བསྐྱོད་དེ་ཀློང་དུ་ཐིམ་ཚུལ་གཅིག་ཡོད། མན་ངག་གི་ལུགས་སུ་བླ་མའི་དབང་དོན་བརྡ་ཐབས་ཀྱི་་ཐོག་ནས་ངོ་སྤྲོད་ཚུལ་གྱི་རིམ་པ་དེ་དག་གསུངས་པ་ཡིན། དེ་འདྲ་ཡིན་སྟབས་མཉམ་མེད་དྭགས་པོ་རིན་པོ་ཆེས། སྣང་སྲིད་ཀྱི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཀློང་ལས་མི་འདའ་བར་སྟོང་པ། སྐྱེ་བ་མེད་པའི་ཀློང་ལས་མི་འདའ་བར་རྟོགས་པ་དེ་ཕྱག །ཕྱག་དེ་མ་རྟོགས་ན་མི་ཕན། སྤྱིར་སྐྱེ་བ་མེད་པ་དེ་རྟོགས་ནའང་འདྲ། མ་རྟོགས་ནའང་འདྲ། དུས་གསུམ་གྱི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་འཇིིག་རྟེན་དུ་བྱོན་ནས་སྟོང་ཉིད་ཀྱི་ཆོས་འཁོར་བསྐོར་ནའང་རུང་། མ་བསྐོར་ནའང་རུང་ཕུགས་དེའི་སྡོད་ལུགས་སམ་གནས་ལུགས་དེ་སྐྱེ་བ་མེད་པར་གྱུར་ཡོད། འོན་ཀྱང་དེ་ཙམ་ཞིག་གིས་མི་འགྲིགས་པར་སྐྱེ་བ་མེད་པ་མངོན་དུ་བགྱི་དགོས་སྟབས། དེ་མངོན་དུ་བགྱི་བར་ལམ་གྱི་རིམ་པ་འདི་ལྟ་བུ་ཞིག་གི་ཐོག་ཏུ་བསྐྱོད་དེ་སྐྱེ་བ་མེད་པའི་དོན་དེ་རྟོགས་དགོས་པ་ཡིན། དེ་ལ་བརྟེན་ནས་དྭགས་པོ་རིན་པོ་ཆེས་ཕྱག་ཅེས་པའི་ཚིག་གི་དོན་དེ་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པ་དེ་ཕྱག་གི་སྒྲར་གོ་དགོས། རྒྱ་ཞེས་པའི་ཚིག་དེ་གང་དང་གང་སྣང་བ། ཅི་དང་ཅི་སྣང་བ། ཅི་སྣང་ཅི་ཤར། གང་སྣང་གང་ཤར། དེ་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་ལས་མི་འདའ་བ་དེ་རྒྱ་ཡིན། སྤྱིར་རྒྱུན་དུ་རྒྱ་བཏབ་པ་ཞེས་པ་ཐེའུའི་དོན་དུ་གོ། ས་སྐྱོང་གིས་འབངས་ལ་ཁྲིམས་བསྒྲགས་པའི་སྐབས་སུ་ས་སྐྱོང་གི་ཡི་གེའི་གཤམ་དུ་ཐེའུ་འདེབས་པ་དེར། ཆོག་དང་མི་ཆོག་གི་རྣམ་གཞག་དེ་ཐག་གཅོད་པའི་ཐོག་ནས་དེ་ལས་ཐེའུ་བཏབ་པ་དེར་ཆོག་དང་མི་ཆོག་གི་རྣམ་གཞག་དེ་ཐག་གཅོད་པའི་ཐོག་ནས་ཐེའུ་བཏབ་པས་འབངས་རྣམས་ཁྲིམས་དེའི་འོག་ནས་མི་འདའ་བར་བྱ་དགོས། ཁྲིམས་ཀྱི་བཀོད་པ་ཅི་བགྱིས་པ་དེ་དང་ཕྱོགས་མཚུངས་པར་ཅི་སྣང་ཅི་ཤར། གང་སྣང་གང་ཤར་གྱི་རོལ་པ་ཐམས་ཅད་གཉུག་མའི་ངང་ལས་མི་འདའ་བ། གཉུག་མ་ཞེས་པར་སྤྱིར་འགྲེལ་ཚུལ་དུ་མ་ཡོད་དེ། འབྲུག་པ་བཀའ་བརྒྱུད་པའི་ལུགས་ལའང་སྟོད་འབྲུག་དང་སྨད་འབྲུག་གི་བར་གཉུག་མར་འགྲེལ་ལུགས་མི་མཐུན་ཞེས་ངོས་ཀྱིས་དེ་ལྟར་ཐོས་ཀྱང་ཕྱག་དཔེ་མ་མཇལ། སྤྱིར་ཞལ་རྒྱུན་དུ་གཉུག་མ་ཞེས་པ་གཞི་ཡི་ཞོག་ཚུལ་ལམ། གཞི་ཡི་གནས་ཚུལ་གང་ཡིན་པ་དེ་ལས་མི་འདའ་བ། རོལ་པ་བསམ་གྱིས་མི་ཁྱབ་པར་ཤར་ཆོག་ཅིང་། རོལ་པ་བསམ་གྱིས་མི་ཁྱབ་པར་འོ་སྐོལ་གྱིས་སྤྱོད་ཆོག་ཀྱང་། ཅིར་སྣང་འཁོར་འདས་ཀྱི་རྣམ་པ་སྣ་ཚོགས་པ། རོལ་པ་འགག་མེད་རྣམ་པ་སྣ་ཚོགས་ཤར་བ།་རྩལ་སྣང་འགག་མེད་རྣམ་པ་སྣ་ཚོགས་ཤར་ཡང་ངོ་བོ་ཆོས་ཉིད་ཀྱི་ཞོག་ཚུལ་ལས་ནམ་ཡང་མི་འདའ་བས་ན། གཉུག་མ་ལས་མི་འདའ་བ་ཞེས་པ་དེ་གོ། ངོ་སྤྲོད་ཚུལ་ལ་ལ་དུ་མ་ཡོད་དེ་དཔེར་ན་རྫོགས་ཆེན་གྱི་ངོས་ནས་སེམས་ངོ་སྤྲོད་ཚུལ། དེ་བཞིན་ཕྱག་ཆེན་གྱི་སྒོ་ནས་སེམས་ངོ་སྤྲོད་ཚུལ་གསུང་གི་ཡོད་ཀྱང་། སེམས་ངོ་སྤྲོད་སྟངས་ལ་བླ་མས་གདུལ་བྱའི་ཁམས་དང་། དབང་པོ། མོས་པ་དང་འཚམས་པའི་སྒོ་ནས་སྐབས་དེའི། དུས་དེའི། གང་ཟག་དེའི། ཁམས་དེའི་དབང་པོ་དེ་དང་འཚམས་པའི་ཐོག་ནས། བླ་མས་སློབ་མ་ལམ་ལ་བཀྲི་བར་མཁས་པ་ཞིག་དགོས། ཕྱག་རྒྱ་ཆེན་པོའི་མན་ངག་ལུགས་ལ་མ་གཏོགས་བླ་མའི་མཁྱེན་པ་གཙོ་བོ་བྱས་ནས་སློབ་མ་ལམ་ལ་མི་འགོད་པ་ཡིན། སློབ་མའི་རྒྱུད་ཚོད་ལ་བརྟགས་ནས་དེ་དང་འཚམས་པའི་ཐེག་པའི་རྣམ་གཞག་ཡིན་ནའང་རུང་། གྲུབ་མཐའི་རྣམ་གཞག་ཡིན་ནའང་རུང། ལམ་གྱི་རིམ་པ་ཡིན་ནའང་རུང་དེ་དང་འཚམས་པའི་ཐོག་ནས་སྟོན་གྱི་ཡོད་པ་ཡིན་སྟབས་ཐབས་ལ་མཁས་པ། ལམ་ལ་བཀྲི་བར་བྱེད་པ་ལ་ཐབས་ལ་མཁས་པ་དགོས་པ་ཡིན། དེ་མིན་ཅི་ཐོས་ཀྱི་ལམ་ལ་བཀྲི་བར་བགྱིད་ན་མི་འགྲིགས། དེ་ཡིན་ན་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་བསམ་གྱིས་མི་ཁྱབ་པ་བསྐོར་དགོས་པའི་རྒྱུ་མཚན་དབེན་པ་ཡིན། ཆོས་འཁོར་བསམ་གྱིས་མི་ཁྱབ་པར་བསྐོར་བ་དེ་གདུལ་བྱའི་རྒྱུད་ཚོད་དང་མཐུན་པའི་ཐོག་ནས་ཐེག་པ་སོ་སོ། ལམ་སོ་སོ། རྣམ་གཞག་སོ་སོ་རིམ་པ་མི་འདྲ་བ་རྣམ་པ་སྣ་ཚོགས་པའི་ཐོག་ནསས་གདུལ་བྱའི་རྒྱུད་ཚོད་དང་མཐུན་པར་ལམ་ལ་འགོད་བཞིན་ཡོད་པ་ཡིན་ན་ཐབས་གཅིག་དང་། ལམ་གཅིག་གིས་གདུལ་བྱ་འདུལ་མི་ཐུབ་པར་དགོངས་ནས་ལམ་གྱི་རིམ་པ་དུ་མ་ཞིག་གསུངས་པ་ཡིན་པས་དེ་དག་ཤིན་ཏུ་གནད་ཆེ།
དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་ལ་འཇུག་པ་ལས་བདག་འཛིན་འགོག་ཚུལ་སྐབས། རང་གི་ལྟ་ལ་ཆགས་པ་དང་དེ་བཞིན་དུ། གཞན་གྱི་ལྟ་ལ་འཁྲུགས་པའི་རྟོག་པ་ཉིད། དེ་ཕྱིར་འདོད་ཆགས་ཁོང་ཁྲོ་རྣམ་བསལ་ཏེ། རྣལ་འབྱོར་པ་ནི་མྱུར་དུ་གྲོལ་བར་འགྱུར། ཞེས་སོགས་དང་། གྲུབ་ཆེན་ས་ར་ཧས། དེ་བཞིན་ཉིད་དུ་རྟོགས་པའི་རྩིས་གདབ་མེད། བརྩི་མེད་འཕྱུག་མེད་ངེས་པའི་དོན་མཐོང་ན། ཞེས་སོགས་དང་། སྟོང་པ་ཉིད་དང་། སྤྲོས་བྲལ། མཉམ་ཉིད། ཟུང་འཇུག་སོགས་སོ་སོར་དེ་ཉིད་དུ་ཞེན་པ། དེ་ཉིད་ཡང་དག་པའི་ལྟ་བར་ཞེན་པ། དེ་ཡང་རྗེ་མི་ལས། ལྟ་བ་སྟོང་པའི་ཡེ་ཤེས་དེ། ཁ་ཏ་རྐྱང་པར་འཆོར་ཉེན་གདའ། དོན་ལ་ངེས་ཤེས་མ་སྐྱེས་ན། ཚིག་གིས་བདག་འཛིན་གྲོལ་བ་མེད། དེས་ན་ངེས་ཤེས་དྲག་པོ་གཅེས། ཞེས་དང། དེ་བཞིན་དུ། སྒོམ་པ་འོད་གསལ་འཛིན་མེད་དེ། གནས་པ་རྐྱང་པར་ཤོར་ཉེན་གདའ། ཡེ་ཤེས་ནང་ནས་མ་ཤར་ན། གནས་པ་བརྟན་ཀྱང་གྲོལ་བ་མེད། དེས་ན་ཡེངས་མེད་སྒོམ་པ་གཅེས། ཞེས་དང། སྤྱོད་པ་ཆགས་མེད་རྒྱུན་ཞིག་པས། ཐོ་ཅོ་རྐྱང་པར་ཤོར་ཉེན་གདའ། ལྟ་སྒོམ་གྲོགས་སུ་མ་ཤར་ན། བརྟུལ་ཞུགས་སྤྱོད་པ་ཆོས་བརྒྱད་གྲོགས། དེས་ན་འཛིན་མེད་སྒྲིབ་མེད་གཅེས། ཞེས་དང། འབྲས་བུ་སྒྲིབ་མེད་གཅེར་བུ་དེ། མཚན་མའི་ན་བཟའ་གསོལ་ཉེན་གདའ། འཁྲུལ་པ་ནང་ནས་མ་ཞིག་ན། ཡིད་སྨོན་བསྒོམས་ཀྱང་དོན་གོ་ཆུང། དེས་ན་ཡེངས་མེད་སྒོམ་པ་གཅེས། ཞེས་གསུངས་པ་ལྟར་ལུས་དབེན། ངག་དབེན། སེམས་དབེན་ཏེ། དབེན་གསུམ་གྱི་ཉམས་ལེན་ཐོག་ནས་སྤང་ལ་བད་ཕུར་བཙུགས་པ་ཇི་བཞིན་རི་ཁྲོད་འགྲིམས་པ་ཞིག་དགོས་པ་ཡིན། ཡེངས་མེད་དུ་སྒོམ་པ། རྒྱན་ཆད་མེད་པར་སྒོམ་པའི་དོན་ཏེ། ལྟ་སྒོམ་གཉིས་གཅིག་ཏུ་འབྲེལ་ནས་ལྟ་སྒོམ་དེ་ཉིད་སྤྱོད་པའི་གྲོགས་སུ་འགྱུར་བ་ཞིག་དགོས་པ་ཡིན། འགྲོ་འདུག་གི་སྤྱོད་ལམ་གང་གི་སྐབས་སུ་ཡང་མ་ཡེངས་པ་བྱ་དགོས། རྒྱུད་བླ་མ་ལས། ཡང་དག་ཉིད་ཡང་དག་ལྟ། ཡང་དག་མཐོང་ན་མངོན་པར་གྲོལ། དེས་ན་དྲན་རྫིའི་བྱ་ར་བྱས་ཏེ་རང་བབས་སུ་འཇོག་དགོས་པ་ཡིན། གཉུག་མའི་གཤིས་ལ་རང་བབས་སུ་འཇོག་པའི་རྩལ་ཇི་བཞིན་མ་རྫོགས་སྟབས་དྲན་རྫིའི་སྤྱོད་ལམ་རྒྱུན་དུ་བསྟེན་དགོས་པ་ཡིན། ཉམས་ལེན་ཕྱོད་ཆེ་ལ་མངོན་ཚན་ཆུང་བ་ཞིག་དགོས། རང་ཉིད་གཅིག་པུར་གནས་པའི་སྐབས་སུ་ལྟ་སྒོམ་གྱི་ཉམས་ལེན་ཕྱོད་ཆེ་བ་ཞིག་དགོས་ཀྱང་། གཞན་གྱི་ངོར་མངོན་ཚན་ཆུང་བ་ཞིག་ཤིན་ཏུ་གཅེས་པ་ཡིན། མེད་གཅེས། ལྟ་སྒོམ་སྤྱོད་གསུམ་ཡ་མ་བྲལ་བའི་ཐོག་ནས་འོད་གསལ་ངོས་འཛིན་དགོས།
ཆོས་ཐུན་བཞི་པ།
རྩ་བར། ལུས་ཀྱི་བྱ་བ་ཡོངས་ཐོངས་རྣལ་མ་དལ་བར་སྡོད། ངག་གི་སྨྲ་བརྗོད་མེད་པ་གྲག་སྟོང་བྲག་ཆ་འདྲ། ཡིད་ལ་ཅི་ཡང་མི་བསམ་ལ་བཟླའི་ཆོས་ལ་ལྟོས།ལུས་ལ་སྙིང་པོ་མེད་པ་སྨྱུག་མའི་སྡོང་བུ་འདྲ།སེམས་ནི་ནམ་མཁའི་དཀྱིལ་ལྟར་བསམ་པའི་ཡུལ་ལས་འདས། དེ་ཡི་ངང་ལ་བཏང་བཞག་མེད་པར་གློད་ལ་ཞོག ། ཅེས་པས་གང་ཞིག་བསྟན་ཞེ་ན། ལུས་དལ་བ་མེད་པས་མི་ཡོང་། སྒྲོ་འདོགས་སེམས་ལ་ཆོད་པ་ཞིག་ཡིན་ན་གནས་ཚུལ་ཐ་དད་ཡིན། དེ་མིན་ད་ལྟའི་གནས་སྐབས་སུ་ཕྱག་ཆེན་ནང་ཡོད་པ་བཞིན་སྐྱོང་དགོས། རྗེ་བཙུན་མི་ལ་བཞད་པའི་རྡོ་རྗེ་དང་། རྒྱལ་བ་རྒོད་ཚང་པ་དང་། རྒྱལ་བ་ཡང་དགོན་པ་ལྟ་བུ་ལུས་ཀྱི་བྱ་བ་ཡོངས་སུ་ཐོངས་པ་ཞིག་དགོས་པ་ཡིན། ཆགས་སྡང་གི་གཏམ་མང་དུ་མི་སྨྲ་བར་ངག་བསྡམ་དགོས་པ་ཡིན། ཡོད་ཡོད་མིན་མིན་མཐར་འཛིན་གྱི་ལྟ་བ་ལས་གྲོལ་བ་ནི་ལ་བཟླ་བ་སྟེ། འདི་ཉིད་རྫོགས་ཆེན་གྱི་ཐ་སྙད་ཡིན། ལུས་ལ་སྙིང་པོ་མེད་པ་སྨྱུག་མའམ་གསོག་གསོབ་ཀྱི་དོན་ཏེ་སྡོད་ལུགས་གསུམ་གྱི་དོན་སྟོན་པ་ཡིན། དེ་ཡང་རྒྱུད་བླ་མ་ལས། ཡང་དག་ཉིད་ལ་ཡང་དག་ལྟ། ཡང་དག་མཐོང་ན་མངོན་པར་གྲོལ། ཞེས་དང། དེ་དང་ཕྱོགས་མཐུན་པར། རྒྱལ་བ་ཡང་དགོན་པས། དེ་ཡང་འབྲུག་པ་བཀའ་བརྒྱུད་ཀྱི་རྒྱལ་བ་ཡང་དགོན་པ་ཞེས་པ་དེ་ཉིད་བསམ་གྱིས་མི་ཁྱབ་པ་སྒོམ་གྱི་ཐོག་ལ་དབང་འབྱོར་བའི་བླ་མ་ཞིག་ཡིན། ཕྱག་ཆེན་ངེས་དོན་རྒྱ་མཚོའི་ཞི་ལྷག་གི་སྐབས་སུ་ཁོང་གི་ལུང་དུ་མ་དྲངས་ཡོད། དེ་ཙམ་མ་ཡིན་པར་ཕྱག་ཆེན་ནང་ལང་དུ་མ་ཡོད། གང་གིས་ཇི་སྐད་དུ། བསྒོམ་བྱའི་ཡུལ་དང་སྒོམ་བྱེད་ཀྱི་སེམས། རིག་ཐོག་ཏུ་གཉིས་སུ་འདུག་གམ་ལྟོས། གཉིས་མེད་ཀྱི་རིག་པ་རྟེན་དང་ཕྲོལ་དང་། དྲན་མེད་ཀྱི་རིག་པ་ཕྱལ་བར་ཞོག་དང་། སྒོམ་ཉིན་མཚན་འཁོར་ཡུག་ཏུ་འགྲོ་བ་ཞིག་འོང་ངེས། སྡོད་ན་མ་བཅོས་རྣལ་མར་སྡོད། སྙིང་པོ་དོན་གྱི་སྡོད་ལུགས་ཡིན། ཉལ་ན་མཉམ་ཉིད་ངང་དུ་ཉོལ། འགྲོ་འཆག་ཉལ་འདུག་སེམས་ལ་ལྟོས། ཐུན་མཚམས་མེད་པའི་དགེ་སྦྱོར་ཡིན། འདི་ཉིད་ཚིག་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་དང་། ཚིགས་སུ་བཅད་པ་འདི་ཉིད་ཕྱག་རྫོགས་གང་གི་སྐབས་སུའང་ཤིན་ཏུ་ཟབ་པའི་མན་ངག་ཅིག་ཡིན། འདི་སྐབས་རྣམ་རྟོག་ཤར་གྲོལ་གྱི་གནད་ཤེས། དེ་ལ་གཅེས་འཛིན་མི་བྱ་བ། དང་པོ་ཅེར་གྱིས་བལྟས་པ། གཉིས་པ་ཅོག་གིས་བཞག་པ། གསུམ་པ་ལིངས་ཀྱིས་བོར་བ། དེ་ཡང་ཅེར་གྱིས་བལྟ་ཤེས་པ། ཅོག་གིས་བཞག་ཤེས་པ། ལིངས་ཀྱིས་སྒྱུར་ཤེས་པ་ཞིག་ཤིན་ཏུ་གནད་ཆེ་བ་ཡིན། བླ་མ་ཡང་ཉམས་མྱོང་ལྡན་པའམ་རྟོགས་ཚད་ལྡན་པ་ཞིག་དགོས་པ་ཡིན། དེ་ཡང་རང་ཉིད་རྟོགས་པ་མཐར་ཕྱིན་པ་ཞིག་དང་། གཞན་དག་ཡང་དག་གི་ལམ་ལ་འགོད་ཐུབ་པ་ཞིག་ཅིས་ཀྱང་དགོས་པ་ཡིན། དེ་ཡི་མདུན་ནས་སྒོམ་པའི་རིམ་པ་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་ཞུ་བ་དང་། དེ་ལྟར་ཞུ་བ་ལ་རང་ཉིད་ཚེ་རབས་དུ་མར་བསགས་རྒྱབ་ཡོད་པ་དང་། བླ་མ་ཡང་ཚེ་རབས་ཀྱི་ལས་དང་འབྲེལ་བ་ཞིག་དགོས་པ་ཡིན།
རྩ་བར། སེམས་ལ་གཏད་སོ་མེད་ན་ཕྱག་རྒྱ་ཆེན་པོ་ཡིན། དེ་ལ་གོམས་ཤིང་འདྲིས་ན་བླ་མེད་བྱང་ཆུབ་འཐོབ། ཕྱག་རྒྱ་ཆེན་པོའི་དོན་ཧྲིལ་གྱིས་དྲིལ་ན། སེམས་ལ་གཏད་སོ་མེད་པ་ཞིག སྤྱིར་ལྟ་སྒོམ་སྤྱོད་པའི་རྩིས་གདབ་ནས་བཟུང་ཡིད་གཏད་པ་ཡིན། དམིགས་པའི་གཏད་སོ་ཇི་བཞིན་མ་འཚལ་ན་རྒྱལ་བ་དགྱེས་པའི་ལམ་འབྱུང་མི་ཐུབ་པ་ཡིན། དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས། མདོར་ན་སངས་རྒྱས་རྣམས་ཀྱིས་ནི། གཟིགས་པར་མ་གྱུར་གཟིགས་མི་འགྱུར།་ རང་བཞིན་མེད་པའི་རང་བཞིན་ཅན། ཇི་ལྟ་བུར་ནི་གཟིགས་པར་འགྱུར། སེམས་ཀྱི་རང་བཞིན་ནི་འདས་པའི་སངས་རྒྱས་རྣམས་ཀྱིས་མ་གཟིགས། ད་ལྟ་བའི་སངས་རྒྱས་རྣམས་ཀྱིས་མི་གཟིགས། མ་འོངས་པའི་སངས་རྒྱས་རྣམས་ཀྱིས་གཟིགས་པར་མི་འགྱུར། གཏད་སོའི་མཚན་ཉིད། གཏད་སོའི་རང་བཞིན། གཏད་སོའི་ཚུགས་ཏེ་སེམས་ལ་དམིགས་པའི་གཏད་སོ་ཞིག་ན་ཕྱག་རྒྱ་ཆེན་པོ་ཡིན། དེ་ཡང་ཇི་སྐད་དུ། སྒོམ་པ་མ་ཡིན་གོམས་པ་ཡིན། གོམས་པ་མངོན་དུ་གྱུར་པ་ཡིན། ཞེས་དང། དབུ་མ་རྩ་བ་ཤེས་རབ་ལས། དམིགས་པ་ཐམས་ཅད་ཉེར་ཞི་ཞིང་། སྤྲོས་པ་ཉེར་ཞི་ཞིར་བསྟན་པ། སངས་རྒྱས་རྣམས་ཀྱིས་གང་དུ་ཡང་། འགར་ཡང་བསྟན་པ་མ་ཡིན་ནོ། ཞེས་པ་ལྟར་དམིགས་གཏད་ཀྱི་མཚན་མ་མཐའ་དག་རང་སར་ཞི་བའི་གནས་སྐབས་ན་གྲོལ་བར་འགྱུར་བ་ཡིན། ཤེས་རབ་སྙིང་པོ་ལས། དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དེ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ། བྲི་བ་མེད་པ། གང་བ་མེད་པའོ། ཞེས་མཚན་ཉིད་བརྒྱད་ཀྱི་ཐོག་ནས་སྟོང་ཉིད་ཀྱི་དོན་རྒྱས་འགྱུར་གྱི་སྒོ་ནས་ངོ་སྤྲོད་མཛད་ཡོད། དེ་ཐམས་ཅད་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཉེར་ཞིའི་ལམ་བསྟན་པ་ཡིན། མགོན་པོ་ཀླུ་སྒྲུབ་ཀྱིས་སྟོང་ཉིད་བདུན་ཅུ་པ་ལས། འདི་དག་རྐྱེན་གྱི་ལས་རིག་ནས། ཞེས་སོགས་དང། དེ་བཞིན་དབུ་མ་ཚིག་གསལ་ནང་དུའང་ཞལ་གསལ་པོ་ཡོད། གཞན་ཡང་རྗེ་མི་ལས། ལྟ་བ་ངན་པའི་དྲ་ལས་ཟློག ། ཆགས་དང་ཁོང་ཁྲོ་ལས་གྲོལ་ཞིང། ཞེས་དང་། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དང་། བློ་ཡི་མདུན་ན་མི་གནས་པ། དེ་ཚེ་རྣམ་པ་གཞན་མེད་པས། དམིགས་པ་མེད་པར་རབ་ཏུ་ཞི། ལྟ་བ་ཁས་ལེན་དང་བྲལ་ཡང་། སྤྱོད་པ་མཚན་མ་དང་བཅས་པས་མཐོང་མི་ནུས་པ་ཡིན། དམིགས་པ་དང་བཅས་པ་དང་ཁས་ལེན་དང་བཅས་པའི་སྒོ་ནས་ཉམས་སུ་ལེན་ཚེ་རྟོགས་མི་ནུས་པ་ཡིན། དེ་བཞིན་དུ། རྒྱ་གར་ཕྱག་ནས་གསུངས་པ་ལྟར། སྒོམ་པ་པོ་མེད་བསྒོམ་པ་མེད། ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། སྤྲོས་པ་མེད་པའི་རང་བཞིན་ལ། ལྷ་དང་སྔགས་ཞེས་དང་། རྗེ་མི་ལས། རྟེན་ཀུན་ནས་གྲུབ་པའི་དཀོན་མཆོག་གསུམ། དེ་མ་གྲོལ་རིག་པའི་ལམ་དུ་རྫོགས། དེ་ལ་གསོལ་བ་འདེབས་ཀྱང་མི་དགོས་སོ། ངག་བཟླས་བརྗོད་དང་བྲལ་བའི་རྣལ་འབྱོར་བདེ། ཞེས་གསུངས་སོ། ། བསྟན་འཛིན་རྣམ་རྒྱལ་ནས་མདོར་བསྡུས་པའི་ཚུལ་གྱིས་ཕབ།

20190110PM_The Ganges Mahamudra_Teaching 6-4

Right-Column-Pics32.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་