སྐབས་སོ་བདུན་པའི་སྨོན་ལམ་སྔོན་འགྲོའི་གསུང་ཆོས། ༧སྐྱབས་རྗེ་མི་འགྱུར་རིན་པོ་ཆེའི་སྒོམ་ཁྲིད། ཉིན་གསུམ་པའི་སྒོམ་ཁྲིད་ཆོས་ཐུན་དང་པོ།

 

ཀུན་ལ་སྔ་དྲོ་བདེ་ལེགས། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ལྡན་པའི་སྒོ་ནས་གསན་འཚལ། གང་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་དེ་ལ་སྦྱོར་དངོས་རྗེས་གསུམ་དང་ལྡན་པའི་སྒོ་ནས་ཞི་གནས་དང་ལྷག་མཐོང་གི་ཉམས་སུ་ལེན་ཚུལ་དེ་རེད། ཞི་གནས་ཀྱི་སྐོར་འདི་ད་ལོ་མདོར་བསྡུས་ཙམ་ལས་ཞུས་མེད། དེ་ནས་ལྷག་མཐོང་དེ་ལ་ཁ་སང་དྲན་པ་ཉེ་བར་གཞག་པ་བཞི་དང་མཐུན་པའི་ལྷག་མཐོང་དེ་ཉན་ཐོས་ཀྱི་ཐེག་པ་དང་ཐུན་མོང་གི་ལྷག་མཐོང་སྒོམ་ཚུལ་ཞུས་པ་རེད། ཉན་ཐོས་ཀྱི་ཐེག་པ་དང་ཐུན་མོང་གི་ལྷག་མཐོང་དེ་ལ་ཡང་དམིགས་ཡུལ་ལུས་དང་། ཚོར་བ་དང་། སེམས་དང་། ཆོས་བཞི་ཡི་སྟེང་དུ་རང་གི་མཚན་ཉིད་ལུས་འབྱུང་བ་དང་། འབྱུང་བ་ལས་འགྱུར་བ་དང་། ཚོར་བ་མྱོང་བའི་བདག་ཉིད་ཅན། སེམས་དམིགས་པའམ་ཡུལ་ཤེས་པ་གསལ་ཞིང་རིག་པའི་རྣམ་པ། ཆོས་རང་གི་མཚན་ཉིད་འཛིན་པའི་རྣམ་པར་ལྟ་བ། དེ་འདྲའི་སྒོ་ནས་སྒོམ་པའམ་ཡང་ན་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་སྒོམ་པ་སྟེ། ལུས་མི་རྟག་པའི་རང་བཞིན། ཚོར་བ་སྡུག་བསྔལ་གྱི་རང་བཞིན། སེམས་སྟོང་པའི་རང་བཞིན། ཆོས་ཐམས་ཅད་ལ་བདག་མེད་པའི་རྣམ་པར་གཏན་ལ་ཕབ་པའི་སྒོ་ནས་སྒོམ་པ་དེ་རེད། དེ་དག་ཐམས་ཅད་ཚུར་འདུས་ནས་ལྷག་མཐོང་གི་སྐབས་སུ་ལུས་ཚོར་སེམས་ཆོས་བཞི་པོ་དེ་དག་མི་རྟག་པའི་རྣམ་པར་སྒོམ་ནས་ཉམས་ལེན་གནང་ན་ཡང་འགྲིག་པར་གསུངས་ཡོད། དེ་དག་ཐམས་ཅད་ཉན་ཐོས་དང་མཐུན་པའི་ལྷག་མཐོང་སྒོམ་ཚུལ་རེད། དེ་དག་ཚང་མ་ཞུས་ཟིན་པ་ཡིན།
ཆོས་ཐུན་འདིར་སྒོམ་དང་འབྲེལ་བའི་ཉམས་ཀྱི་རིམ་པའི་སྐོར་ཞུ་རྒྱུ་ཡིན། ཁ་སང་ཞུས་པ་བཞིན་ཉམས་ལ་རིམ་པ་གསུམ་ཡོད། ཉམས་དང་པོ་རི་གཟར་གྱི་ཁ་ནས་ཆུ་འབབ་པ་ལྟ་བུ། ཉམས་གཉིས་པ་ཆུ་བོ་ཐང་ལ་འབབ་པ་ལྟ་བུ། ཉམས་མཐའ་མ་དེ་རྒྱ་མཚོའི་རླབས་དང་འདྲ་བའམ་མཚོའི་རླབས་དང་འདྲ་བ་ལྟ་བུ། དེ་གསུམ་ལས་ཉམས་མཐའ་མ་རྒྱ་མཚོའི་རླབས་དང་འདྲ་བར་སླེབས་ཐུབ་པ་ཡིན་ན་འདོད་སེམས་རྩེ་གཅིག་པ་དེ་གྲུབ་འགྲོ་གི་ཡོད། འདོད་སེམས་རྩེ་གཅིག་པ་དེ་བསྒྲུབ་ཐུབ་ན་ཡག་པོ་རེད། དེ་ལྟར་མ་བྱུང་ན་ཡང་ཉམས་གཉིས་པ་ཆུ་བོ་ཐང་ལ་འབབ་པ་ལྟ་བུའི་བར་སླེབས་ཐུབ་པ་ཡིན་ན་དེའི་སྟེང་ནས་ལྷག་མཐོང་སྒོམ་ཡང་འགྲིག་གི་ཡོད། ད་ཉམས་དང་པོ་རི་གཟར་གྱི་ཁ་ནས་ཆུ་འབབ་པ་ལྟ་བུ་ཞེས་པ་དེ་གང་འདྲ་ཞིག་ལ་གོ་དགོས་ཞེ་ན། རི་གཟར་ནས་ཆུ་དྲག་ཏུ་འབབ་དུས་ཆུ་རྣམས་ཕྱོགས་གཅིག་ཏུ་མི་གནས་པར་ཆུ་ཡི་ཟེགས་མ་རྣམས་གང་སར་འཐོར་གྱི་ཡོད། དཔེ་དེ་བཞིན་དུ་ལས་དང་པོ་བ་རྣམས་ཐོག་མར་སྒོམ་ལ་འཇུག་དུས་རྣམ་རྟོག་མང་པོ་དང་། ཉོན་མོངས་པ་མང་པོའི་རྐྱེན་བྱས་ནས་འདྲ་མིན་དྲན་ནས་སྒོམ་རྒྱག་དུས་སེམས་དེ་འཇམ་ཐིང་ངེ་། ལྷོད་ཤིག་གེ། བདེ་འབོལ་ལེ་ཆགས་རྒྱུ་རེད་བསམས་ཀྱང་། ང་ནི་སྒོམ་རྒྱག་དུས་དེ་འདྲ་མི་འོང་བར་ངན་དུ་འགྲོ་བཞིན་འདུག་བསམ་པ་ཡོང་གི་ཡོད། དེ་འདྲ་ཆགས་ན་དེ་ཡང་ཡག་པོ་རེད། དེ་སྐབས་རྟགས་མཚན་འདི་ཡག་པོ་ཡིན་པ་ངེས་དགོས། གལ་ཏེ་རྟགས་དེ་ཡག་པོ་ཡིན་པ་མ་ངེས་ན་ཕལ་ཆེར་ང་ལ་གནས་ཚུལ་ཡག་པོ་ཞིག་བྱུང་མེད་པ་འདྲ། སྒོམ་གྱི་སྐལ་བ་མེད་པ་ཡིན་འགྲོ། གནས་སྟངས་དེ་ཆོས་གྲོགས་གཞན་དག་ཚོ་ལ་ལབ་ན་ངོ་ཡང་ཚ་བསམ་པ་དེ་འདྲ་ཡོང་སྲིད། རྟགས་མཚན་དེ་དག་སྡུག་པོ་མིན་པར་ཡག་པོ་ཞིག་རེད། རྒྱུ་མཚན་གང་ཡིན་ཞུ་ན། དབྱར་ཁ་ཆར་པ་ཤུགས་ཆེན་པོ་བབས་པའི་སྐབས་ཆུ་དང་འདམ་བག་འདྲེས་ནས་ཆུ་རྙོག་པ་ཆགས་དུས་ཆུ་ནང་ཡོད་པའི་ཉ་དང་རྡོ་སོགས་མཐོང་ཐུབ་ཀྱི་མེད། དཔྱིད་ཀ་དང་དགུན་ཁར་ཆུ་དེ་དག་གཙང་སིང་ངེ་གནས་པའི་སྐབས་སུ་ཆུ་ནང་ཡོད་པའི་ཉ་དང་རྡོ་བ་སོགས་མཐོང་གི་ཡོད། དཔེ་དེ་བཞིན་ང་ཚོ་ནམ་རྒྱུན་སྒོམ་མ་བརྒྱབས་པའི་སྐབས་སུ་སེམས་དེ་རྣམ་རྟོག་དང་ཉོན་མོངས་པའི་ནང་དུ་ཐིམ་ནས་སྡུག་བསྔལ་སྣ་ཚོགས་པ་འབྱུང་ཡང་མི་ཤེས་པར་སྡུག་བསྔལ་མང་པོ་མྱོང་བཞིན་ཡོད། དྲན་པ་དེ་དག་བསྟེན་པའི་སྐབས་དྲན་པ་དེའི་སྟོབས་ཀྱིས་ངའི་སེམས་དེ་སྡུག་བསྔལ་དང་ཉོན་མོངས་པ་ལས་ཏོག་ཙམ་རྒྱང་རིང་དུ་འགྲོ་བཞིན་ཡོད། དེ་དང་མཉམ་དུ་སེམས་དེ་ཡང་ཏོག་ཙམ་ཞི་བ་དང་གཙང་མ་འགྱུར་བཞིན་ཡོད། དེ་འདྲ་ཡིན་ཙང་རྟགས་མཚན་དེ་དག་འབྱུང་བ་དེ་ཡག་པོ་ཡིན་པས་ཁྱེད་རྣམས་དགའ་བ་སྒོམ་དགོས། སྐབས་འགར་སྒོམ་རྒྱག་དུས་བདེ་བ། གསལ་བ། མི་རྟོག་པའི་ཉམས་ཀྱང་ཤར་བཞིན་ཡོད། དེ་གསུམ་པོ་དེ་ལ་འཇམ་ཉམས་སམ་མཐོ་བའི་ཉམས་ཞེས་ཀྱང་གསུང་གི་ཡོད། ཉམས་དེ་དག་བྱུང་དུས་རྟག་འཛིན་དང་མཆོག་འཛིན་གང་ཡང་བྱ་མི་ཉན། དམའ་བའི་ཉམས་ནི་བྱིང་བ་དང་རྒོད་པ་གཉིས་ཀྱི་ཉམས་དེ་རེད། ཉམས་དེ་གཉིས་བྱུང་ན་གང་ཞིག་བྱ་དགོས་སྙམ་ན། སྤྱོད་ལམ་གྱིས་བཅོས་པ་དང་། ཏིང་ངེ་འཛིན་གྱིས་བཅོས་པ་སྟེ་ཐབས་རྣམ་པ་གཉིས་ཀྱི་སྒོ་ནས་བཅོས་དགོས། ཉམས་གཉིས་པ་ཆུ་ཐང་ལ་འབབ་པ་ལྟ་བུ་ཟེར་དུས། ཆུ་བོ་ཐང་ལ་འབབ་པའི་སྐབས་ཐང་ལ་རྒྱུགས་ནས་འགྲོ་བ་དང་དལ་གྱིས་འབབ་ཀྱི་ཡོད། དཔེ་དེ་བཞིན་དུ་སྒོམ་འདི་ལ་ཡང་ནས་ཡང་དུ་གོམས་པ་ཡིན་ན་གང་འཚམས་ནས་དྲན་པ་འདི་ཤུགས་ཆེན་པོ་དང་། གསལ་པོ་ཆགས་དུས་མཐོ་དམའ་དང་། བྱིང་རྒོད། བདེ་གསལ་མི་རྟོག་པ་གང་སྐྱེས་ཀྱང་ཁྱད་པར་མེད་པར་སེམས་གཏིང་ནས་དགའ་བ་དང་ཞི་བ། སེམས་ལས་སུ་རུང་བ། བཏང་འགྲོ་བཞག་སྡོད་ལ་རང་དབང་ཅུང་ཟད་ཐོབ་ངེས་རེད། སེམས་དེ་དག་ལ་རྒྱུན་བསྐྱངས་ནས་ཡང་ནས་ཡང་དུ་བསྒོམ་པ་ཡིན་ན་ཉམས་མཐའ་མ་བདེ་གསལ་མི་རྟོག་པའི་ཉམས་ཉིན་མཚན་ཁོར་ཡུག་ཏུ་འགྲོ་གི་རེད་གསུངས་ཡོད། དེ་ནས་ཉམས་མཐའ་མ་རྒྱ་ཚོའི་རླབས་དང་འདྲ་བ་ལྟ་བུ་དེ་འདྲ་ཞིག་བྱུང་བ་ཡིན་ན་འདོད་སེམས་རྩེ་གཅིག་ཏུ་འགྲོ། འདིས་ཉམས་ཀྱི་རིམ་པ་རྣམས་ཞུས་ཟིན་པ་ཡིན།
དེའི་རྗེས་སུ་ཐེག་པ་ཆེན་པོའི་ལྷག་མཐོང་གི་སྐོར་ཞུ་རྒྱུ་ཡིན། ཐེག་པ་ཆེན་པོའི་ལྷག་མཐོང་འདི་གཙོ་བོ་བདག་མེད་རྟོགས་པའི་ཤེས་རབ་དེ་རེད། དམིགས་ཡུལ་ང་དང་ང་ཡིར་འཛིན་པའི་བློའམ་ཡུལ་ལ་བལྟས་ནས་འཇོག་སྒོམ་གྱིི་སྒོ་ནས་དབུ་བཟུང་སྟེ་གཙོ་བོ་དཔྱད་སྒོམ་གྱི་སྒོ་ནས་དྲན་པ་གཏད་དེ་ཞི་ལྷག་ཟུང་འཇུག་གི་རྣམ་པའི་སྒོ་ནས་དཔྱད་པ་གནང་དགོས། དྲན་པ་དང་ལྡན་པའི་དཔྱད་པ་ཞིག་གནང་བ་ཡིན་ན་དེ་ལྷག་མཐོང་ཆགས་ཀྱི་རེད། ནམ་རྒྱུན་ང་ཚོའི་སེམས་ལ་རང་ཉིད་རྟག་པ། གཅིག་པུ་བ། རང་དབང་ཅན་འཛིན་ནས་ཉོན་མོངས་པ་སྣ་ཚོགས་སྐྱེ་བར་བྱེད་བཞིན་ཡོད། དེ་ལྟ་བུའི་བློ་དེ་གང་དུ་ཡོད་མེད་བརྟགས་ནས་དེ་ཡི་རང་བཞིན་ལ་ལྟ་དུས་བདག་དེ་ཡང་མི་རྟག་པ་དང་། གཅིག་པུ་མ་ཡིན་པ་དང་། དེ་བཞིན་ང་ཟེར་བ་ཞིག་རང་དབང་ཅན་དུ་ཡང་གནས་མེད་པ། ང་ཞེས་པ་འདི་ཚོགས་པ་དུ་མ་ཞིག་ལ་ལྟོས་ནས་གྲུབ་ཙམ། མིང་ཙམ། བཏགས་ཡོད་ཙམ་ལས་རྟག་པ་གཅིག་པུ་རང་དབང་ཅན་དུ་མེད་པ་གཟིགས་དགོས། ད་ལྟའི་ཆོས་ཐུན་འདི་དེར་འཇོག་རྒྱུ་ཡིན། ཐུན་མཚམས་སྐབས་ང་དེ་ལ་ཡང་ཡང་གཟིགས་རོགས་གནང་། ཞེས་བཀའ་སྩལ་ཏོ། །

བསམ་མཐར་ནས་ཕབ།

20200130AM_Teaching on Meditation
Right-Column-Pics35.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་